རང་རྣམ་གྱི་སྐོར་ཅུང་ཙམ་གླེང་བ།
རྩོམ་པ་པོ།:འབྲོག་དཀོན་མཆོག་རྒྱ་མཚོ།
ཡོང་ཁུངས།:མཚོ་ལྷོའི་ནང་བསྟན།
དུས་ཚོད།:2022-11-17 09:48:49
ཀློག་གྲངས།:
རྣམ་ཐར་དང་རྟོགས་བརྗོད་ལས་འཕྲོས་ཏེ་རང་རྣམ་གྱི་སྐོར་ཅུང་ཙམ་གླེང་བ།
འབྲོག་དཀོན་མཆོག་རྒྱ་མཚོ།
ནང་དོན་མདོར་བསྡུས། འདིར་བོད་ཀྱི་རྣམ་ཐར་དང་རྟོགས་བརྗོད་རྩོམ་རིག་སྐོར་གྱི་བྱུང་རབས་དང་དེའི་གོ་དོན། བསྟན་པ་སྔ་དར་དང་ཕྱི་དར་གཉིས་ཀྱི་རྣམ་ཐར་འབྲི་སྟངས་ཀྱི་འགྱུར་མཚམས། གཞན་ཡང་། རང་རྣམ་གྱི་བྱུང་རིམ་དང་དེའི་དགེ་མཚན་སོགས་དཔྱད་གཞི་ཁུངས་མ་དང་བསྡུར་ནས་དཔྱད་འཇོག་བྱས་ཡོད།
བརྡ་ཆད་གཙོ་བོ། རྣམ་ཐར་རྩོམ་རིག རྟོགས་བརྗོད་རྩོམ་རིག རང་རྣམ།
གླེང་གཞི།
བྱེ་བྲག་རྣམ་ཐར་ལ་བླང་དོར་གྱི་གནས་སྟོན་ཚུལ་སོགས་ཀྱི་སྒོ་ནས་གོ་བ་ལེན་ཚུལ་དུ་མ་ཞིག་ཡོད་དེ། བླང་དང་དོར་བྱའི་གནས་རྣམ་སྟོན་པའི་བརྗོད་བྱ་ཕུན་སུམ་ཚོགས་ཤིང་། རྗོད་བྱེད་ཡིད་དུ་སྙན་པ་ཞིག་ལ་རྣམ་ཐར་ཞེས་བྱ་སྟེ། “དམ་པའི་རྣམ་པར་ཐར་བ་ལ་བརྟེན་ནས་སྐལ་བ་དང་ལྡན་པའི་གདུལ་བྱ་རྣམ་དཔྱོད་ཅན་དག་གིས་སྐྱེས་བུ་དམ་པ་རྣམས་གོ་འཕང་མཐོན་པོར་གཤེགས་པའི་ལམ་གང་ཡིན་པ་ཤེས་ནས་ཕྱིན་ཅི་མ་ལོག་པའི་ལམ་ལ་འཇུག་པ་དང་།”[3]ཞེས་གསུངས་ལ། གཞན་ཡང་། རྣམ་ཐར་ཞེས་པ་ནི་བྱ་བ་ལ་སྦྱར་བའི་སྒོ་ནས་ཀྱང་གོ་བ་ལེན་ཆོག་པ་སྟེ། གཞོན་ནུ་ཉིད་དང་ངེས་པར་འབྱུང་བའི་ཚུལ། །དོན་ཆེན་གནས་ལ་དཀའ་བ་ལྷུར་བླངས་པས། །རྒྱལ་བ་དགྱེས་པའི་གོ་འཕང་མཆོག་བརྙེས་པ། །འདི་དག་ངོ་མཚར་གཏམ་གྱི་གླེང་གཞི་ཡིན། །[4]ཞེས་པ་ལྟ་བུའོ། །
གཞན་ཡང་རྣམ་ཐར་ཞེས་པ་ནི། བྱེད་ལས་ལ་སྦྱར་བ་ལ་ཡང་ཡོད་དེ། ངོ་མཚར་ཡོན་ཏན་གསལ་བྱེད་སྒྲོན་མེ་དང་། །བློ་སྣ་ཆོས་ལ་འགུགས་པའི་ལྕགས་ཀྱུ་སྟེ། །ལོག་ལམ་འཕྱན་པ་རྣམས་ལ་དེད་དཔོན་མཆོག །དམ་པའི་རྣམ་ཐར་གཏམ་ལས་གཞན་ཡོད་མིན། །[5]ཞེས་དང་། ངོ་མཚར་མཛད་བཟང་མ་ལ་ཡར་སྐྱེས་ཀྱི། །བསུང་ཞིམ་སྡེབས་ལེགས་དྲི་ཡི་བཞོན་པ་ཅན། །སྐལ་བཟང་གྲུབ་པའི་སྙིང་ལ་བདུད་རྩིའི་ཆར། །བདེ་གཤེགས་གཞུང་ལམ་གསལ་བའི་སྒྲོན་མེའང་ཡིན། །[6]ཞེས་གསུངས་པ་བཞིན་ནོ། །
གཅིག རྣམ་ཐར་རྩོམ་རིག
རྣམ་ཐར་དང་རྟོགས་བརྗོད་རྩོམ་རིག་གིས་མཚོན་པའི་བོད་ཀྱི་རྩོམ་རིག་ནི་དུས་རབས་བདུན་པའི་ནང་། ལེགས་སྦྱར་དུ་བཞུགས་པའི་རྩོམ་རིག་དག་བོད་ཀྱི་སྐད་ཡིག་ཏུ་བསྒྱུར་བའི་གཞི་བྱས། རིམ་གྱིས་བོད་ཀྱི་རྩོམ་རིག་ཅེས་པའི་ཐ་སྙད་ཀྱི་བྱུང་བ་ཡིན་ལ། རྩོམ་རིག་དེར་སྒྲ་ཡང་དོགས་གཉིས་ཀྱི་གོ་བ་ཡོད་ཀྱང་འདིར་རེ་ཞིག་མི་སྤྲོ་ལ།དེ་ཡང་བོད་ཀྱི་རྩོམ་རིག་ལ་དུས་ཀྱི་དབང་གིས་གནའ་དེང་གི་ཁྱད་པར་འབྱེད་ཚུལ་ནི། ལོ་རྒྱུས་ཀྱི་ངོས་ནས་ལྟ་ཚུལ་ཞིག་དང་། ནུབ་ཕྱོགས་ཀྱི་ལྟ་གྲུབ་སྨྲ་བ་དག་གིས་གནའ་དེང་གི་དུས་ཚོད་འབྱེད་མཚམས་གཉིས་ཡོད་པར་གྲགས་ལ། ལོ་རྒྱུས་ཀྱི་ངོས་ནས་གཞིག་ན། ས་སྐྱ་ཡན་ཆད་ཀྱི་བོད་བཙན་པོའི་དུས་སྐབས་ལ་གནའ་རབས་ཞེས་འབོད་ཅིང་། ས་སྐྱའི་དུས་སྐབས་མཇུག་རྫོགས་ནས་རྒྱལ་དབང་ལྔ་པའི་བར་ལ་དུས་རབས་བར་མ་ཞེས་བརྗོད་ལ། རྒྱལ་དབང་ལྔ་བའི་རྗེས་ནས་ད་ལྟའི་བར་དེང་རབས་ཀྱི་དུས་ཞེས་འབོད་པའོ། །
ཡང་གནའ་རབས་དེ་ལ་གནའ་རབ་དངོས་དང་ཉེ་བའི་གནའ་རབས་གཉིས་ལས། སྔ་མ་ནི་བོད་སིལ་བའི་དུས་མཇུག་རྫོགས་པ་ཡན་ལ་གོ་དགོས་པ་དང་། ཕྱི་མ་ནི་སིལ་བའི་དུས་ནས་ས་སྐྱའི་བར་ལ་གོ་དགོས་སྐད། དེང་རབས་ལ་ཡང་དེང་རབས་དང་ཉེ་བའི་དེང་རབས་གཉིས་ཡོད་ལ། རྒྱལ་དབང་དྲུག་པ་དང་བདུན་པ་ལ་དེང་རབས་དང་། ད་ལྟའི་དུས་ནས་ཡར་བརྩིས་པའི་ལོ་ངོ་བརྒྱ་ཡི་དུས་ནི་ཉེ་བའི་དེང་རབས་ཞེས་འབོད་པའོ། །
དེས་ན་འདིར་སྐབས་སུ་བབས་པ། རྣམ་ཐར་ཞེས་པའི་ཐ་སྙད་ནམ་བྱུང་ལ་བསམ་བློ་བཏང་ན། དུས་རབས་བརྒྱད་པའི་ནང་དུ་ལོ་ཙཱ་བ་སྐ་བ་དཔལ་བརྩེགས་ཀྱིས་བསྒྱུར་བའི་སྤྱོད་འཇུག་ཆེན་མོའི་ཤེས་བཞིན་བསྲུང་བའི་ལེའུ་ལས། དཔལ་འབྱུང་པ་ཡི་རྣམ་ཐར་ལས། །བླ་མ་བསྟེན་པའི་ཚུལ་བཞིན་བསླབས། །ཞེས་དང་། ཞང་ཡེ་ཤེས་སྡེས་བསྒྱུར་བའི་མདོ་སྡེ་ཕལ་བོ་ཆེ་ལས། རྒྱལ་བ་ཁྱོད་ཀྱང་ཆོས་ཉིད་ཉན་པར་བྱེད། །རྒྱན་པའི་དཔལ་ནི་རྣམ་ཐར་འདི་ལ་འཇུག །ཅེས་སོགས་གསུངས་པས་དུས་རབས་བརྒྱད་པ་ནས་རྣམ་ཐར་གྱི་ཐ་སྙད་མངོན་ནོ། །
དེས་ན་རྣམ་ཐར་ཞེས་པའི་ཐ་སྙད་འདིའི་དོན་གྱི་འབྱུང་ཁུངས་ནི། ཆུ་འགོ་གངས་ལ་ཐུག་པ་བཞིན་ལེགས་སྦྱར་གྱི་སྐད་ལས་ཚུར་དྲངས་པ་ཡིན་པར་སྙམ་སྟེ། ལེགས་སྦྱར་དུ་བི་མོ་ཥ་ཞེས་བརྗོད་ཅིང་། དེའི་དོན་ནི་འཁོར་བའི་རྒྱ་མཚོ་ལས་རྣམ་པར་ཐར་པའམ་སྲིད་ཞིའི་མཐའ་ལས་རྣམ་པར་ཐར་བའི་ལོ་རྒྱུས་རྨད་བྱུང་ཞིག་ལ་གོ་བ་དེའོ། །
དེས་ན་བསྟན་པ་སྔ་དར་གྱི་དུས་དང་ཕྱི་དར་གྱི་དུས་གཉིས་སུ་རྣམ་ཐར་གྱི་ཐ་སྙད་བྱུང་ལ། ཕྱི་དར་གྱི་སྐབས་ལ་སྔ་ཤོས་ནི་དྭགས་པོ་ལྷ་རྗེས་བརྩམས་པའི་ཚོགས་ཆོས་མུ་ཏིག་ཕྲེང་མཛེས་བྱུང་ཞིང་། སྐབས་དེའི་རྣམ་ཐར་དུ་ནི་བརྗོད་བྱ་ལ་བཞག་པ་ཡོད་པ་དང་། རྗེ་ཏེ་ལོ་པའི་རྣམ་ཐར་དུ་རྣམ་ཐར་ནི་བྱ་བ་ལ་སྦྱར་ཞིང་། སླེ་ལོང་བཞད་པའི་རྡོ་རྗེའི་རྣམ་ཐར་དུ་རྣམ་ཐར་ནི་སྤྱོད་པ་ལ་སྦྱར་བ་སོགས་རྣམ་ཐར་གྱི་གོ་དོན་དུ་མ་ཡོད་པ་ནི་གོང་གི་གླེང་གཞིའི་སྐབས་སུ་གསལ་བ་ལྟར་རོ། །
གཞན་ཡང་ནག་ཚོ་ལོ་ཙཱ་བའི་རྣམ་ཐར་དཀའ་སྤྱད་སྒྲོན་མ་ནི་དེའི་ཕྱིས་སུ་བྱུང་བའི་རྣམ་ཐར་དག་གི་ཕྱི་མོ་ལྟ་བུར་ཆགས་ཡོད་ལ། དེས་ན་རྣམ་ཐར་ལ་དོན་དམ་པར་ཆ་རྐྱེན་གང་དག་ཚང་དགོས་པ་ནི། འཁྲུངས་པ་གདུང་རྒྱུད་དང་། སྦྱངས་པ་ཡོན་ཏན། མཛད་པ་འཕྲིན་ལས་གསུམ་ཚང་ན་རྣམ་ཐར་ཞེས་འཇོག་ཆོག་ཅིང་། དེའི་ཁུངས་ནི། མདོ་སྡེ་བསྐལ་བཟང་སོགས་སུ་གསུངས་པ་ལྟར་རོ། །
གཉིས། རྟོགས་བརྗོད་རྩོམ་རིག
༡ རྒྱ་གར་གྱི་རྟོགས་བརྗོད་རྩོམ་རིགརྟོགས་བརྗོད་རྩོམ་རིག་ནི་རྒྱ་གར་དུ་ཤུགས་ཆེན་པོ་ཡོད་ཅིང་རྒྱ་གར་གྱི་རྟོགས་བརྗོད་རྩོམ་རིག་ལས། བོད་ཀྱི་རྟོགས་བརྗོད་རྩོམ་རིག་ཀྱང་བལྟམས་པ་ཡིན།
རྟོགས་བརྗོད་རྩོམ་རིག་ནི། གསུང་རབ་ལ་དབྱེ་བ་བྱེ་ཚུལ་ལས་བྱུང་བ་ཡིན་ཏེ། མདོ་སྡེ་དབྱངས་སྙན་ལུང་དུ་སྟོན། །ཚིག་བཅད་ཆེད་བརྗོད་གླེང་གཞི་དང་། །རྟོགས་བརྗོད་དེ་ལྟ་བུ་བྱུང་བ་དང་། །སྐྱེས་རབ་ཤིན་ཏུ་རྒྱས་པ་དང་། །རྨད་བྱུང་གཏན་ལ་དབབ་པའི་སྡེ། །གསུང་རབ་ཡན་ལག་བཅུ་གཉིས་ཡིན། །ཞེས་གསུངས་པ་ལྟར་རྟོགས་པ་བརྗོད་པ་ལས་བྱུང་བ་ཡིན་ཏེ། “རྟོགས་བརྗོད་ནི་སྔོན་འདི་བྱས་པའི་ད་ལྟ་འདི་ལྟ་བུ་བྱུང་ངོ་། །ཞེས་ལོ་རྒྱུས་ཀྱི་ཚུལ་གྱིས་བསྟན་པའོ། །”[7]ཞེས་གསུངས་པ་བཞིན་ཡིན་ལ། ལེགས་སྦྱར་ལས་ཀྱང་ཨ་བ་ད་ནམ་ཞེས་འབོད་ལ། དོན་ནི་མ་རྟོགས་པའི་དོན་དཔེ་དང་བཅས་པ་གསལ་བོར་སྟོན་པའི་སྡེ་ཡི་དོན་ཡིན། འདི་དག་གི་ཁུངས་ནི། ཀུན་བཏུས་འགྲེལ་བ་ལས། རྟོགས་པ་བརྗོད་པའི་སྡེ་ནི་དཔེ་དང་བཅས་པར་གསུངས་པ་སྟེ། ཞེས་སོགས་འཇོག་གོ །
འདིར་རྒྱ་གར་གྱི་རྟོགས་བརྗོད་རེ་འགའ་ཞིག་གླེང་ན། གནས་བརྟན་དྷརྨ་ཤྲི་བྷ་དྲ་དང་ལོ་ཙ་བ་རིན་ཆེན་བཟང་པོ་གཉིས་ཀྱིས་བསྒྱུར་བའི་གསེར་མདོག་གི་རྟོགས་བརྗོད། སློབ་དཔོན་དཔའ་བོའི་འཁྲུངས་རབས་སོ་བཞི་པ། སློབ་དཔོན་སེངྒེ་ཞབས་འབྲང་པོའི་སྐྱེས་རབས་སུམ་ཅུ་རྩ་ལྔ་པ། མཁན་པོ་ཙནྡྲ་གོ་མའི་འཇིག་རྟེན་ཀུན་ཏུ་དགའ་བའི་ཟློས་གར་སོགས་མང་དུ་མཆིས་པ་ལས། འདིར་རྟོགས་བརྗོད་དཔག་བསམ་འཁྲི་ཤིང་གིས་མཚོན་པའི་རྒྱ་གར་གྱི་རྟོགས་བརྗོད་རྩོམ་རིག་གི་ཁྱད་ཆོས་འགའ་གླེང་ན། སྤྱིར་རྟོགས་བརྗོད་དཔག་བསམ་འཁྲི་ཤིང་འདི་ཉིད་ལ། དང་པོ། སྤྱིའི་ཁྱད་ཆོས་བཞི་དང་ལྡན་པ། གཉིས་པ། རྩོམ་པ་པོའི་ཁྱད་ཆོས་ལུགས་གཉིས་ཀྱི་མཁྱེན་རྒྱ་ལྡན་པ། གསུམ་པ། བསྟན་བཅོས་རྩོམ་པའི་སྐུལ་མའི་ཁྱད་པར་དང་ལྡན་པ། བཞི་བ། གོ་སླ་བ་ལྷོ་བའི་ལུགས་ཀྱི་ཚིག་སྦྱོར་ལེགས་པའི་རྗེས་སུ་འབྲངས་པ། ལྔ་པ། གཞན་གྱི་ལོག་རྟོག་ལྡོག་པའི་གོ་དོན་དངོས་སུ་ཐོན་པ་སོགས་མང་དུ་མཆིས་པ་ནི་རིམ་བཞིན། “བརྗོད་བྱ་དོན་དང་འབྲེལ་བས་རྟོགས་སླ། རྗོད་བྱེད་རྒྱན་དང་འབྲེལ་བས་རྣ་བར་སྙན། ཚིག་རྐང་སྡེབ་སྦྱོར་དང་འབྲེལ་བས་གཅོད་མཚམས་ཕྱེད། མིང་མངོན་བརྗོད་དང་འབྲེལ་བས་ངོ་མཚར་བ་སྟེ་ཁྱད་ཆོས་བཞི་དང་ལྡན་པ་ཡིན་པས་ཕུན་སུམ་ཚོགས་ལ།”[8] རྟོགས་བརྗོད་འདི་ཉིད་རྩོམ་པ་པོ་ཡང་། “ཐམས་ཅད་མཁྱེན་པ་བུའི་ཆོས་འབྱུང་དུ་འདི་ཉིད་ལ་སློབ་དཔོན་གསུང་བ་ནི་སློབ་དཔོན་དང་རྒྱལ་བོ་མི་འགལ་བའི་དབང་དུ་མཛད་པ་སྟེ། དོན་དུ་འདི་ཉིད་ས་སྤྱོད་ཆེན་པོ་ཡིན་པའི་ཁུངས་ནི། དཔལ་ལྡན་རྒྱལ་བའི་ཅོད་པན་བློན། །བློ་བཟང་མི་དབང་ཞེས་རིགས་ལ། །གདེངས་ཅན་དབང་བཞིན་ལོངས་སྤྱོད་ཅན། །ལོངས་སྤྱོད་ལྡན་པའི་དབང་པོ་བྱུང་། །ཞེས་དཔལ་ལྡན་ཤཱཀྱའི་རིགས་ཀྱི་རྒྱལ་པོའི་མདུན་ན་འདོན་དུ་གྱུར་པའི་མིའི་དབང་པོའི་རིགས་རྒྱུད་ལས་བྱུང་བ་ཡིན”[9]ནོ། །
བསྟན་བཅོས་འདི་ཉིད་རྩོམ་པའི་སྐུལ་མ་ཁྱད་པར་དང་ལྡན་པ་ནི། “དང་པོར་བྲམ་ཟེས་བསྐུལ་བ། བར་དུ་གྲོགས་ཀྱིས་བསྐུལ་བ། ཐ་མར་བདེ་བར་གཤེགས་པ་ཉིད་ཀྱིས་བསྐུལ་བ་ལ་བརྟེན་ནས་རབ་གསལ་ནས་བཟུང་། ཟས་གཙང་མའི་རྟོགས་བརྗོད་བར་བརྒྱད་རྩ་བདུན་པོ་རྣམས་རྒྱལ་པོ་རང་ཉིད་ཀྱིས་མཛད་ནས། སྤྲིན་ལ་ཞོན་གྱི་རྟོགས་བརྗོད་བཀྲ་ཤིས་ཀྱི་གྲངས་ཚང་བའི་སླད་དུ་དགེ་བའི་དབང་པོ་ཉིད་ཀྱིས་རང་གི་སྲས་ཟླ་བའི་དབང་པོ་ལ་རྩོམས་ཤིག་ཅེས་བསྐུལ་བས་ན། དེ་ཡིས་བྱང་ཆུབ་སེམས་དཔའི་སྤྱོད། །བརྒྱ་རྩ་བདུན་པོ་འདི་དག་བྱས། །བཀྲ་ཤིས་གྲངས་ནི་རྫོགས་པ་ལ། །གཅིག་ནི་རབ་ཏུ་འབད་པར་བྱ། །”[10]ཞེས་བསྟན་བཅོས་འདི་ཉིད་རྫོགས་པ་གྲུབ་པ་དང་། ཚིག་སྦྱོར་གོ་སླ་བ་ཕུན་སུམ་ཚོགས་པ་ཐོན་པ་ནི། “སྙན་དངགས་ཀྱི་ཚིག་སྦྱོར་ལ་ལྡོག་པ་ཤར་བའི་ལུགས་ཀྱི་ཚིག་རྣ་བར་མི་འཇེབས་ཤིང་དོན་གོ་དཀའ་བ་མ་ཡིན་པར་ལྷོ་བའི་ལུགས་ཀྱི་ཚིག་སྦྱོར་ཕུན་སུམ་ཚོགས་པ་ཁོ་ནའི་རྗེས་སུ་འབྲངས་པ”[11]དང་། གཞན་གྱིས་རྟོགས་བརྗོད་འདི་ནི། རྒྱལ་བོའི་མཛད་པས་བྱིན་རླབས་ཀྱི་ཆར་རྒྱུན་མེད་པར་བཤད་པ་དང་། བསྟན་བཅོས་འདི་ནི་སངས་རྒྱས་ཀྱི་རྣམ་ཐར་མ་ཡིན་པར་གང་ཟག་གཞན་གྱི་རྟོགས་བརྗོད་དུ་མང་དུ་ཡོད་པར་བསྙད་པ་ནི། “རྟོགས་བརྗོད་འདི་ལ་བློ་གྲོས་ཀྱི་འཇུག་པ་ཞིབ་མོར་མ་བྱས་ཤིང་། མདོ་ལུང་རྣམས་དང་མ་འདྲེས་པའི་རང་གི་ནང་ཆ་ཕྱིར་སྟོན་པ་ཁོ་ན་སྟེ། དམ་པའི་དྲི་བསིལ་དང་ལྡན་བརྟན་པའི་ཆོས་ཀྱི་རྩ་བའི་བསྐོར་ཞིང་བསོད་ནམས་ར་བར་གནས། །བློ་དང་རིག་པ་སྙིང་རྗེ་ལ་སོགས་ཆུ་ཡིས་རྣམ་མཛེས་རྣམ་པར་རྒྱལ་བའི་ཡལ་ག་ཅན། །ཆོག་ཤེས་དྲི་མེད་ཡལ་འདབ་གྲགས་སྙན་དཀར་བའི་མེ་ཏོག་རྟག་ཏུ་དམ་པའི་འབྲས་བུ་ནི། །བསམ་ཀུན་ཡོངས་སུ་རྫོགས་པར་མཛད་པ་དཔལ་ལྡན་སངས་རྒྱས་ལྗོན་པ་རྣམ་པར་རྒྱལ་གྱུར་ཅིག །ཅེས་པ་འདིས་རྟོགས་བརྗོད་རིན་པོ་ཆེའི་ཚིག་དོན་མདོར་བསྡུས་བསྟན་པ་ཡིན་ལ། བསྟན་ཚུལ་ཁྱད་ཆོས་དང་པོ་ནི། མགོན་པོ་ཀླུ་སྒྲུབ་ཀྱིས། དང་པོ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དེ། །བསྐལ་བ་གྲངས་མེད་གསུམ་དུ་ཚོགས་བསགས་ཤིང་། །བར་དུ་གཅོད་པའི་བདུད་བཞི་འཇོམས་བྱེད་པ། །བཅོམ་ལྡན་སེངྒེ་དེ་ལ་ཕྱག་འཚལ་ལོ། །ཞེས་དང་པོར་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད། བར་དུ་ཚོགས་བསགས། མཐར་བདུད་བཞི་བཅོམ་ནས་སངས་རྒྱས་པ་ནི་སྟོན་པ་ཐུབ་པའི་དབང་པོའི་རྣམ་པར་ཐར་བའི་རྩ་བ་ཡིན་པས།”[12] དམ་པའི་དྲི་བསིལ་སོགས་མདོར་བསྟན་པའི་ཚིག་གིས་དེ་དག་རིམ་བཞིན་བསྟན་པའོ། །
གཞན་ཡང་རྟོགས་བརྗོད་རྩོམ་རིག་གི་སྐོར་ལ་གླེང་བྱ་མང་ཡང་། མཚན་གཞི་འདི་ཙམ་གྱི་སྟེང་ནས་གཞན་ལ་གོ་བ་བསྐྱེད་ཆོག་པར་སྙམ།
༢ བོད་ཀྱི་རྟོགས་བརྗོད་རྩོམ་རིག
དེ་ཡང་། བོད་ཀྱི་མཁས་པ་རྣམས་ཀྱིས་རྟོགས་བརྗོད་རྩོམ་རིག་གི་སྐོར་ལ་བླ་ན་མེད་པའི་ཐུགས་གཉེར་ཆེ་བ་དང་། མཆོག་ཏུ་འཛིན་པ་ནི། ས་པཎ་ཀུན་དགའ་རྒྱལ་མཚན་མཆོག་གིས་ཞལ་ཆེམས་སུ་སྐུ་འདའ་ཁར་བྱ་བ་གསུམ་འགྲུབ་མེད་གསུངས། གཅིག་ནི། འགྲོ་མགོན་ཆོས་རྒྱལ་འཕགས་པ་བསྙེན་པར་མ་རྫོགས་པ་དང་། གཉིས། རྟོགས་བརྗོད་དཔག་བསམ་འཁྲི་ཤིང་འགྱུར་མ་ཐུབ་པ་དང་། གསུམ། དུས་འཁོར་གྱི་རྒྱུད་ཚིག་བཅད་དུ་འགྲེལ་མེད་པར་གསུངས་པའོ། །
ཕྱིས་འགྲོ་མགོན་ཆོས་རྒྱལ་འཕགས་པ་བོད་དུ་ཕེབས་དུས། ཤོང་སྟོན་རྡོ་རྗེ་རྒྱལ་མཚན་རྒྱ་གར་དུ་སློབ་གཉེར་དུ་ཕེབས་པ་དང་སྐབས་འཕྲད་པས། ཆོས་རྒྱལ་འཕགས་པས་ས་པཎ་ཀུན་དགའ་རྒྱལ་མཚན་མཆོག་གི་ཐུགས་རེ་བཞིན་རྟོགས་བརྗོད་དཔག་བསམ་འཁྲི་ཤིང་སོགས་བོད་དུ་འགྱུར་མེད་པས། ཉིད་ཀྱིས་རྟོགས་བརྗོད་དང་སྙན་ངག་གི་སྐོར་སྒྱུར་བ་དང་སློབ་སྦྱོང་བྱེད་པར་བསྐུལ་བ་ལྟར། ཕྱིས་ལོ་ཙཱ་བ་ཁོང་གིས་ཆོས་རྒྱལ་གྱི་བཀའ་བརྩིས་ནས་སྙན་ངག་མེ་ལོང་སོགས་བོད་དུ་འགྱུར་ལ། འདི་དག་གི་རྩ་བ་ནི་ས་པཎ་ཀུན་དགའ་རྒྱལ་མཚན་མཆོག་གི་ཐུགས་འདུན་ཟབ་མོའི་རྩ་བ་ཡིན་ཏེ། “དེ་ཡང་རྗེ་ས་པཎ་གྱི་གསུང་ཆོས་ཀྱི་རྒྱལ་པོ་འཕགས་པའི་ཐུགས་ལ་ཉེ་བར་བཞག་སྟེ་བླ་མ་ཆོས་ཀྱི་རྒྱལ་པོ་དང་། དཔོན་ཆེན་བཟང་པོ་གཉིས་ཀྱི་བདག་རྐྱེན་ལ་བརྟེན་ནས་འཇིག་རྟེན་མིག་གཅིག་པུ་སྙིགས་དུས་ཀྱི་ཐམས་ཅད་མཁྱེན་པ་ཤོང་སྟོན་ལོ་ཙཱ་བ་རྡོ་རྗེ་རྒྱལ་མཚན་གྱིས་འཕགས་ཡུལ་གྱི་སྙན་དངགས་མཁན་ཆེན་པོ་ལཀྴྨཱ་ཀ་ར་ལ་བརྟེན་ནས་མང་ཡུལ་འཕགས་པའི་དྲུང་དུ་བོད་ཀྱི་སྐད་དུ་ལེགས་པར་བསྒྱུར། དེ་ནས་བཟུང་སྟེ་ཞ་ལུ་ལོ་ཙཱ་བ་རིན་ཆེན་བཟང་པོ་དངོས་ཀྱི་སློབ་མར་བཅས་པའི་བར་དུ་གཙུག་ལག་འདི་ཉིད་ལ་དཔྱིས་ཕྱིན་པར་སྦྱངས་པའི་མཁས་པ་ནམ་མཁའི་སྐར་ཚོགས་ལྟ་བུར་གྱུར”[13]དང་། ཕྱིས་སུ་མཁས་པ་རྣམས་ཀྱིས་རྟོགས་བརྗོད་རྩོམ་རིག་གི་སྐོར་ལ་ཤིན་ཏུ་དང་དོད་ཆེན་པོར་བཟུང་བ་ལགས་ཏེ། དཔེར་ན། རྟོགས་བརྗོད་དཔག་བསམ་འཁྲི་ཤིང་གི་དཀའ་བའི་གནད་རྣམས་ཀྱིས་ཞིབ་མོར་བཤད་པའི་བརྒྱུད་པ་དང་། ལུང་རྐྱང་གི་བརྒྱུད་པ་འཛིན་པ་སོགས་མང་དུ་མཆིས་པར་མ་ཟད། དཀའ་བའི་གནད་རྣམས་ཞིབ་མོར་བཤད་པའི་བརྒྱུད་པའི་ཁྲོད་དུ། ཤོང་སྟོན་ལོ་ཙཱ་བ། ལོ་ཆེན་བློ་གྲོས་བརྟན་པ། ལོ་མཆོག་པ། དཔང་ལོ་ཙཱ་བ་ཆེན་པོ། ལོ་ཆེན་བྱང་ཆུབ་རྩེ་མོ། ལོ་ཆེན་ནམ་མཁའ་བཟང་པོ། ལོ་ཆེན་ཤེས་རབ་དཔལ། ཐུག་ཆེན་ཐུགས་རྗེ་དཔལ། ཞ་ལུ་ལོ་ཙཱ་བ་ཆོས་སྐྱོང་བཟང་པོ་སོགས་ལོ་ཆེན་ཉི་ཟླ་ལྟ་བུ་དང་། གཞན་ལུང་རྐྱང་གི་བརྒྱུད་པ་ལ་ཡང་། ཆོས་རྒྱལ་དགེ་བའི་དབང་པོ། སྲས་ཟླ་བའི་དབང་པོ་དང་། བོད་ཀྱི་ལོ་ཆེན་བྱང་ཆུབ་རྩེ་མོ། བོ་དོང་ཕྱོགས་ལས་རྣམ་རྒྱལ། དཔལ་ཁང་ལོ་ཙཱ་བ་དབྱངས་ཅན་སྙེམས་པའི་སྡེ་སོགས་མཁས་གྲུབ་དམ་པའི་དཔུང་སྡེ་བསྟར་ལ་བརྒྱུས་པ་ལྟ་བུ་ཡོད་པའོ། །
འདི་ལྟའི་དཔག་བསམ་འཁྲི་ཤིང་བོད་དུ་འགྱུར་བ་ནས་རྒྱ་གར་གྱི་རྟོགས་བརྗོད་བོད་དུ་དར་བ་དང་། བོད་རང་གིས་ཀྱང་ཆག་ལོ་ཆོས་རྗེས་དཔལ་བའི་རྟོགས་བརྗོད་ལྟ་བུ་བྱུང་ཞིང་། དུས་རབས་བཅུ་གསུམ་པའི་ནང་དུ་ཀརྨ་རབ་བྱུང་རྡོ་རྗེའི་སྐྱེས་རབས་བརྒྱ་བ་ལྟ་བུ་བྱུང་ཞིང་། སྔ་མ་ནི་རྟོགས་བརྗོད་སྔ་ཤོས་སུ་འདྲེན་ཆོག
བོད་རང་གི་རྟོགས་བརྗོད་རྩོམ་རིག་ལས། རྗེ་བདག་ཉིད་ཆེན་པོ་དགུངས་གྲངས་ཉེར་བཞིའི་སྟེང་བརྩམས་པའི་རྟག་ཏུ་ངུའི་རྟོགས་བརྗོད། སྤྱན་སྔ་བ་གྲགས་པ་བྱང་ཆུབ་དཔལ་བཟང་པོའི་རྟོགས་བརྗོད་སྙན་དངགས་བྱིན་རླབས་ཀྱི་ལྷུན་པོ་སོགས་བཞུགས་ཤིང་། དེ་ལས་རྟག་ཏུ་ངའི་རྟོགས་བརྗོད་ནི། ཤོ་ལོ་ཀ་སྟོང་ཕྲག་བརྒྱད་ཀྱི་བདག་ཉིད་དུ་བཞུགས་པའི་བརྒྱད་སྟོང་བར། བམ་པོ་ཉེར་བཞི་དང་། ལེའུ་སུམ་ཅུ་སོ་གཉིས་ཡོད་པའི་སུམ་ཅུ་བ་རྟག་ཏུ་ངུའི་ལེའུ་ཡིན་ལ། རྗེ་བདག་ཉིད་ཆེན་པོ་མཆོག་གིས་བྱང་ཆུབ་སེམས་དཔའ་རྟག་ཏུ་ངུས“ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བཙལ་བའི་སླད་དུ་དབེན་པའི་ས་ཕྱོགས་ཤིག་ཏུ་ཕྱིན་པ་དང་། གཟུགས་མི་མངོན་པར་བར་སྣང་ལས་སྒྲ་འདི་ལྟ་བུ་ཞིག་ཐོས་སོ། །རིགས་ཀྱི་བུ། ཁྱོད་ཀྱི་ལུས་ངལ་བ་དང་། གཉིད་དང་རྨུགས་པ་དང་། བཟའ་བ་དང་བཏུང་བ་དང་། ཉིན་དང་མཚན་མོ་དང་། ཚ་བ་དང་གྲང་བ་ཡིད་ལ་མི་བྱེད་ཅིང་། ཕྱོགས་དང་ཕྱོགས་མཚམས་སུ་མ་བལྟས་པར་འདི་ནས་ཤར་ཕྱོགས་སུ་སོང་ཞིག་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཐོས་པར་འགྱུར་རོ། །”ཞེས་ཤེར་ཕྱིན་གསན་པའི་སླད་དུ་བརྩོན་པའི་གོ་ཆ་ཐོག་མར་བགོས་པའི་གནས་སྐབས་ནས་བརྩམས་ནས།[14] “རིགས་ཀྱི་བུ་ཤར་ཕྱོགས་སུ་སོང་ཞིག་དང་། འདི་ནས་དཔག་ཚད་ལྔ་བརྒྱ་ན་གྲོང་ཁྱེར་སྤོས་ལྡན་ཞེས་བྱ་བ་ཡོད་དེ། དེ་ན་བྱང་ཆུབ་སེམས་དཔའ་ཆེན་པོ་ཆོས་འཕགས་ཞེས་བྱ་བ་བཞུགས་ཏེ། དེ་ནི་ཡུན་རིང་པོ་ནས་ཁྱོད་ཀྱི་དགེ་བའི་བཤེས་གཉེན་ཡིན་ནོ། །[15]”ཞེས་ཤེར་ཕྱིན་སྟོན་པའི་སློབ་དཔོན་གྱི་མཚན་བརྗོད་ནས། “དེ་ནས་བྱང་ཆུབ་སེམས་དཔའ་ཆེན་པོ་དེས་ཚམ་ཚོམ་མེད་པར་རང་གི་ལུས་ཀྱི་བརླ་གཡས་པའི་ཤ་བཏོགས་ནས་མཚོན་རྣོན་པོས་ལུས་ཕུག་སྟེ། ཁྲག་ཟག་ཅིང་རུས་པ་གཅོག་ཏུ་རྩིག་པའི་དྲུང་དུ་ཕྱིན་ཏོ། །”[16]ཞེས་རྒྱལ་སྲས་ཀྱི་རྨད་དུ་བྱུང་བའི་སྙིང་སྟོབས་ཀྱི་རྒྱལ་མཚན་མངོན་པར་མཚོན་པ་བརྗོད་པ་སོགས་མདོར་ན། བཅད་ལྷུག་སྤེལ་མའི་བདག་ཉིད་དུ་བཞུགས་པའི་རྟོགས་བརྗོད་འདི་ནི། བོད་ཀྱི་རྟོགས་བརྗོད་རྩོམ་རིག་དབུས་ཀྱི་ཏོག་ལྟ་བུར་མངོན་ཡོད།
གཞན་ཡང་ཞང་ཞུང་ཆོས་དབང་པའི་ར་མ་ཎའི་རྟོགས་བརྗོད་ལྟ་བུའི་སྒོ་ནས་རྟོགས་བརྗོད་ལ་འགྱུར་མཚམས་ཆེན་པོ་བཟོས་ཡོད། ཉེ་བའི་དུས་རབས་སུ་སྒེའུ་སྟེང་གི་རྟོགས་བརྗོད་གསེར་གྱི་མེ་ཏོག ཚེ་ཏན་ཞབས་དྲུང་གི་དངུལ་གྱི་མེ་ཏོག་ལྟ་བུ་ཡང་བརྗོད་བྱ་རྗོད་བྱེད་རྨད་དུ་བྱུང་བ་ཡོད།
གསུམ། སྐབས་བབས་རང་རྣམ་གླེང་བ།
རྣམ་ཐར་གྱི་སྐོར་ལ་རང་རྣམ་ཞེས་པ་བྱུང་ལ། དེ་ནི་དུས་རབས་བཅུ་གཉིས་པའི་སྐབས་སུ་བྱུང་བ་ཡིན་ནམ་སྙམ། ངས་ད་ལྟའི་བར་འབྲུག་པ་ཀུན་ལེགས་ཀྱི་རང་རྣམ། རྒྱལ་དབང་ལྔ་བ་ཆེན་པོའི་རང་རྣམ། རྟོགས་བརྗོད་འདུན་ལེགས་མ། རྗེ་བཙུན་ཏཱ་ར་ནཱ་ཐའི་རང་རྣམ་སོགས་རང་རྣམ་དུ་མ་ཞིག་ལ་མཇལ་བའི་སྐོར་བྱུང་ལ། ཚལ་བ་བཀའ་བརྒྱུད་ཀྱི་གདན་རབས་ཞང་གཡུ་གྲགས་པ་བརྩོན་འགྲུས་གཡུང་དྲུང་གི་རང་རྣམ་དང་། ཀརྨ་པ་སྐུ་ཕྲེང་གཉིས་པའི་རང་རྣམ་དང་། གཏེར་སྟོན་པ་གུ་རུ་ཆོས་དབང་གི་རང་རྣམ་མང་དུ་བཞུགས་ཤིང་། རང་རྣམ་དེ་དག་ཀྱང་ཚིག་ཚོགས་མང་ཉུང་། བརྗོད་སྟོན་སྟངས། ཡང་ན། བྱ་བ་ལ་སྦྱར་བ། བརྟུལ་ཞུགས་ལ་སྦྱར་བ། སྤྱོད་པ་ལ་སྦྱར་བ། འཁྲུངས་འདས་ཀྱི་སྐུད་པ་སྣེ་མོ་གཉིས་ལས་བསྒྲིལ་ནས། རང་གི་ཐོས་བསམ་སྒོམ་གསུམ་གྱི་བྱུང་བ་བརྗོད་པ་སོགས་མི་འདྲ་མང་དུ་མཆིས་ཤིང་། དུས་རབས་བཅུ་བདུན་པའི་དུས་སུ་རྒྱལ་དབང་ལྔ་བའི་རང་རྣམ་ནི་གཞན་དང་མི་མཚུངས་པར་འགྱུར་མཚམས་གཞན་ཞིག་ལ་ཕྱིན་ཡོད།ཕྱིས་སུ་ཉེ་རབས་ཀྱི་མཁས་པའི་ཁྲོད་དུ། ཨ་ལགས་ཚེ་ཏན་ཞབས་དྲུང་གི་རང་རྣམ་དང་། རྗེ་དམུ་དགེ་བསམ་གཏན་རྒྱ་མཚོའི་རང་རྣམ། གཙང་པ་ངག་དབང་བློ་གྲོས་རྣམ་རྒྱལ་གྱི་རང་རྣམ་སོགས་བྱུང་ཞིང་། དེ་ལྟའི་ཉེ་རབས་མཁས་པའི་ཁྲོད་དུ་རང་ལ་སྔར་མེད་ཀྱི་དད་འདུན་ཟབ་མོ་གནང་བའི་རང་རྣམ་དུ་མ་ཡོད་པ་ནི། རང་གི་བྱུང་བ་བརྗོད་པ་རབ་གསལ་ཨཱ་དར་ཤ་དང་། ངག་དབང་བློ་གྲོས་རྣམ་རྒྱལ་གྱི་རང་རྣམ་ལྟ་བུ་ཡིན།
རང་གི་བྱུང་བ་བརྗོད་པ་རབ་གསལ་ཨཱ་དར་ཤ་ནི། རྗེ་བསམ་གཏན་རྒྱ་མཚོ་གང་ཉིད་འཁྲུངས་པའི་དུས་ཀྱི་དབུ་བརྩམས་ནས། མཇུག་དགོངས་པ་རྫོགས་ཁའི་བར་བྲིས་ཡོད་ཅིང་། “དེང་དུས་སྒོ་གསུམ་མི་དགེའི་དོ་ར་ན། །གྱ་གྱུའི་གར་མཁན་ཚུལ་འཆོས་གོས་གྱོན་པའི། །ཆེར་རློམ་མང་བོའི་རྣམ་ཐར་འཁྱོག་པོའི་ཚིག །མཐོང་ཚེ་དཔྱོད་ལྡན་བསྡིང་ཚིག་སྨྲ། །ཞེས་གསུངས་པ་ལྟར། རང་ཕྱོགས་ལ་བསྟོད་པ། གཞན་ཕྱོགས་ལ་སྨད་པ་སོགས་ཀྱི་སྒྲོ་བཏགས་པ་དང་། སྐུར་འདེབས་ཀྱི་ངག་འཁྱལ་སྨྲ་བ་ལ་དགོས་པ་མེད་པར་མ་ཟད་ཉེས་དམིགས་ཧ་ཅང་ཆེ་བས་དགག་བྱ་ཆེ་མོད། རྣམ་ཐར་མེད་ལ། འོན་ཀྱང་ལོ་རྒྱུས་ངོ་མ་རེ་རང་གིས་མ་བྲིས་ན། གཡུང་སྟོན་རྡོ་རྗེ་དཔལ་བཟང་གི་གསུང་ལས། སློབ་མའི་བརྩམས་པའི་རྣམ་ཐར་ཕལ་ཆེར་ནི། །ཆེ་བརྗོད་དྲགས་པའི་བླ་མ་ཟོག་པོར་བཏང་། །དེས་ན་རང་གིས་རང་གི་རྣམ་ཐར་ནི། །སྒྲོ་སྐུར་སྤངས་ནས་མདོ་བསྡུས་ཡི་གེར་བཀོད། །”[17]ཅེས་ཁོང་གི་རང་རྣམ་འབྲི་བའི་བགྱི་བ་ལྷུར་དུ་བླངས་པའི་ཀུན་སློང་ཡང་། ལས་འདིར་ཐུག་པ་དང་། གཞན་སྐྱེས་ཆེན་གཞན་གྱིས་རང་གི་རྣམ་ཐར་རང་གིས་བྲི་བ་ནི། དོན་ལ་སྒྲོ་སྐུར་བྲལ་བའི་སྒོ་ནས། ངེས་དོན་མཛེས་པའི་རྣམ་ཐར་གྱི་ཟླ་བ། འཆར་ནུབ་མེད་པར་འཇིག་རྟེན་འདིར་བཞག་པ་དེའོ། །
རང་རྣམ་འདི་ལས། ཁོང་གིས་དཀའ་སྡུག་ཆེན་པོའི་ངང་རང་དོན་དུ་ཐོས་བསམ་གྱི་སྒྲོན་མེ་ཇི་ལྟར་སྤར་ཚུལ། གཞན་དོན་དུ་སུན་པ་མེད་པར་འཆད་རྩོད་རྩོམ་གསུམ་ཇི་ལྟར་མཛད་པ་སོགས་ངོ་མཚར་ཆོས་ཀྱི་རྣམ་ཐར་བཟང་པོའི་ཀློག་མཁན་གྱི་དད་གསུམ་གྱི་ཀུ་མུད་རང་ཤུགས་ཀྱིས་འཕེལ་དུ་འཇུག་འོང་།
ངག་དབང་བློ་གྲོས་རྣམ་རྒྱལ་གྱི་རང་རྣམ་ནི། རང་གི་བྱུང་བ་བརྗོད་པ་རབ་གསལ་ཨཱ་དར་ཤ་དང་བསྡུར་ན། ཚིག་ཚོགས་ཅུང་ཉུང་ན་ཡང་། དོན་གྱི་བརྗོད་བྱ་ཕུན་སུམ་ཚོགས་པ་ལགས་ཏེ། “དང་པོ་ང་རང་གི་རུས་རྒྱུད་ཀྱི་ཐོག་མར་སྨུག་པོ་གདོང་ལས་ཆད་དེ་ལྡོང་ཚང་དུ་གྲགས།”[18]ཞེས་འཁྲུངས་པ་གདུང་རྒྱུད་རིགས་རུས་ཀྱི་ཆེ་བ་ནས་དབུ་བརྩམས་པ་དང་། “དེ་ནས་རིམ་བཞིན་ནར་སོན་ཏེ། རང་ལོ་བདུན་གྱི་ཐོག་ནས་མགར་བླ་གསུང་རབ་ཅེས་པ་དགེ་རྒན་དུ་བསྟེན་ནས་ཡི་གེ་བསླབས། རང་ལོ་དགུ་བཅུ་ཙམ་གྱི་ཐོག་ཏུ་མགར་བ་བླ་མ་འཇམ་དབྱངས་མདུན་ནས་སྐྲ་ཕུད་ཞུས། ཆུང་དུས་ནས་རལ་བ་ཞིག་ཡོད་པ་འབྲེག་མ་དགོས་པར་རང་བཞིན་གྱིས་ལྷུང་སོང་བ་ཡིན།”[19]ཞེས་གོ་རིམ་ལྡན་པའི་སྒོ་ནས་ཡོན་ཏན་ཀུན་གྱི་གཞི་མ་ཀློག་སློབ་པའི་སྐབས་ཀྱི་རྣམ་པ་བྲིས་ཡོད་པ་དང་། “དེ་ནས་རང་ལོ་བཅུ་གཉིས་ཐོག་ཏུ་སངས་རྒྱས་ཀུན་འདུས་ཀྱི་བདག་ཉིད་ཁྱབ་བདག་བླ་མ་མཚམས་པ་སྨོན་ལམ་བཟང་པོའི་མདུན་དུ་དུས་འཁོར་སྦྱོར་དྲུག་ཞུས་ཏེ”[20]ཞེས་ཐོས་བསམ་སྒོམ་པ་གནད་དུ་བསྣུན་པ་མཛད་པའི་རྣམ་ཐར་དང་། ཁྱད་པར་འཇིག་རྟེན་མུན་པས་གཡོགས་པའི་དུས་སུ། རྨད་བྱུང་འཇིགས་མེད་ཐུགས་སྟོབས་ཆེན་པོས་སྒྲུབ་ལ་བླ་མེད་གཞོལ་བ་ནི། “རང་ཉིད་ཁྲིམས་ཐག་ལོངས་པའི་བར་དགེ་བའི་ལས་ཞོར་དུ་གྲུབ་པ་ཕྱག་འབུམ། མཚན་བརྗོད་ཁྲི། བཟང་སྤྱོད་སྟོང་། ལྟུང་བཤགས་སྟོང་འདོན་སོགས་བསྒྲུབས།”[21]ཞེས་བསགས་སྦྱང་ཟབ་མོ་བགྱིས་པ་ལས། བསྟན་པ་ཐམས་ཅད་འགལ་མེད་དུ་རྟོགས་པའི་ཆེ་བ་བརྙེས་པ་གསལ་བོར་བྲིས་ཡོད་པ་སྟེ། “དེ་ནས་རང་ལོ་ཉེར་གསུམ་ཐོག་ཏུ། སྐལ་བ་གསར་རྙིང་གི་དབྱེ་བ་འབྱེད་སྐབས། གནས་ཚུལ་གྱི་དབང་གིས་ཁྲིམས་ཁང་དུ་སོང་བ་ཡིན་ཏེ་བསམ་བློ་བཅོས་བསྒྱུར་དང་། ངལ་རྩོལ་བཅོས་བསྒྱུར་གྱི་ལོ་ཉི་ཤུའི་བར་དུ་བསྡད། དེའི་སྐབས་སུ་རང་དང་ལྷན་དུ། ས་གནས་སོ་སོའི་སྐྱེས་ཆེན་དམ་པ་རྣམས་འདུས་པའི་དབང་གིས། ཕྱོགས་མེད་ཀྱི་སྐྱབས་མཆོག་དམ་པ། དཔལ་ལྡན་འབྲུག་པ་བཀའ་བརྒྱུད་ཀྱི་བསྟན་པའི་སྲོལ་འཛིན་དམ་པ། ནང་ཆེན་ཨ་ཏེ་སྤྲུལ་སྐུ་གྲུབ་མཆོག་རིན་པོ་ཆེ་དང་། གསང་སྔགས་རྙིང་མའི་བརྒྱུད་འཛིན་རྡོ་གྲུབ་ཆེན་སྤྲུལ་སྐུ་རིག་ལོ་ཚང་། རྒྱལ་སྲས་པདྨ་རྡོ་རྗེ། འཇིགས་བྲལ་ནམ་མཁའི་རྡོ་རྗེ། མ་ཎི་བླ་མ་སེམས་དཔའ། ཞབས་དཀར་སྐུ་ཕྲེང་གསུམ་པ་སྐྱབས་མགོན་རིན་པོ་ཆེ། རྫོགས་ཆེན་མཁན་པོ་མགོན་རིས་ཀྱི་སློབ་མ་ཨ་ཁུ་བློ་གྲོས། སྤྲུལ་བསྟན་པོ། རྟ་སྣ་གཟི་བརྗིད། རག་ཤུལ་སྤྲུལ་རྒྱ་མཚོ། ལས་བསོད་ནམས་རྩེ་མོ། དགེ་ལུགས་པའི་བརྒྱུད་འཛིན་སྐུ་འབུམ་གསེར་ཁྲི། སྐུ་ཕྱོགས་དགེ་ཀྱཱ། དཔྱི་ས་བློ་གྲོས། གྲུབ་ཆེན་ཨྱོན་རིག་འཛིན་སོགས་ཀྱི་མདུན་ནས་ལུང་དང་མན་ངག་ཞུས་ཏེ་གྲུབ་མཐའི་ཕྱོགས་ཞེན་གྱི་རྨོངས་པ་སེལ།
སྤྱིར་སངས་རྒྱས་ཀྱི་བསྟན་པའི་རྗེས་འབྲངས། བརྒྱུད་འཛིན་གྱི་བསྟན་པའི་སྐྱེས་བུ་སོ་སོའི་གྲུབ་མཐའི་བཞེད་ཚུལ་ཅུང་མི་འདྲ་བ་སྣང་མོད། འོན་ཀྱང་། རྒྱལ་བ་ཐམས་ཅད་ཡེ་ཤེས་ཀློང་དུ་གཅིག་ཅེས་པ་ལྟར་དོན་ལ་ཕྱི་ནང་གི་འགལ་ཟླ་ལྟར་སུས་ཀྱང་མི་བཞེད་ལ། རྗེ་བདག་ཉིད་ཆེན་པོས་ཀྱང་། བསྟན་པ་ཐམས་ཅད་འགལ་མེད་དུ་རྟོགས་པ་དང་། །གསུང་རབ་མ་ལུས་གདམ་པར་འཆར་བ་དང་། །རྒྱལ་བའི་དགོངས་པ་བདེ་བླག་རྙེད་པ་དང་། །ཉེས་སྤྱོད་ཆེན་པོའི་གཡངས་ས་ལས་ཀྱང་སྲུང་། །ཞེས་གསུངས་པ་ལྟར་ཆོས་ཕྱོགས་མེད་ཀྱི་ངང་ནས་སུ་དང་གང་གི་ཉམས་སུ་ལེན་ཅི་ཐུབ་བྱེད་དགོས་པ་ལས། ཆོས་ལུགས་ལ་ཕྱོགས་ཞེན། ལྟ་བ་ལ་ཁྱད་པར། གདམས་ངག་ལ་གྲོལ་འཁྲུལ། ལམ་ལ་རེ་དོགས། གཏམ་ལ་ཆགས་སྡང་སོགས་སྨྲ་བ་རྣམས་ནི། ཆོས་བསྒྲུབ་པའི་སྤངས་བྱ་ཡིན་པ་ལས། བསྒྲུབ་བྱ་མ་ཡིན་པར་སྣང་།”[22]ཞེས་པ་ལྟ་བུའོ། །
མདོར་ན་རང་རྣམ་ནི་རྣམ་ཐར་གཞན་དག་ཀྱང་བསྡུར་ན། ཡིད་ཆེས་དང་། དད་པའི་ཆར་རྒྱུན་ཐེ་ཚོམ་མེད་པར་སྐྱེ་བ་སོགས་ཀྱི་ཁྱད་ཆོས་དུ་མ་ལྡན་ནོ། །
མཇུག་གཏམ།
བསྟན་པ་སྔ་དར་གྱི་དུས་སུ་རྣམ་ཐར་གྱི་ཐ་སྙད་བྱུང་མོད། དེ་ལྟའི་རྣམ་ཐར་ནི། བྱ་བ་དང་། སྤྱོད་པ་སོགས་ལ་སྦྱར་བ་ལས། སྐྱེས་བུ་ཞིག་གི་འཁྲུངས་འདས་ཀྱི་དུས་ཚོད་མི་འདྲ་བའི་ཕྲེང་བ་ལས་བརྩམས་ཏེ་བྱུང་བ་གཙོ་བོ་བརྗོད་མེད་པར་སྙམ། དུས་རབས་བཅུ་གཅིག་པའི་སྐབས་དེ་ཕྱི་དར་བསྟན་པའི་དུས་སུ། ལོ་ཙཱ་བ་རིན་ཆེན་བཟང་པོའི་རྣམ་ཐར་དཀའ་སྤྱད་སྒྲོན་མ་སོགས་བྱུང་བ་གཙོ་བོ་བརྗོད་ནས་རྣམ་ཐར་ལ་དཀྱོགས་མཚམས་གསར་བ་ཞིག་ཐོན་པ་འདྲ་སྙམ། འདིའི་སྐོར་བདག་ལ་དཔྱོད་པའི་བློ་མིག་བྲལ་བས་དཔྱོད་ལྡན་རྣམས་ཀྱིས་ཞིབ་འཇུག་གནང་བར་མཁྱེན་ནོ། །མཆན།
[1][2] བཀའ་གདམས་རིན་པོ་ཆེའི་གླེགས་བམ། འབྲོམ་སྟོན་པ་སོགས་ཀྱིས་མཛད། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༢༠༢༠
[3] ལྕང་སྐྱ་རོལ་བའི་རྡོ་རྗེའི་རྣམ་ཐར། མཛད་པ་པོ། ཐུའུ་བཀྭན་ཆོས་ཀྱི་ཉི་མ། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ༡༩༨༩
[4] རྣམ་ཐར་དད་པའི་འཇུག་ངོགས། མཛད་པ་པོ། མཁས་གྲུབ་དགེ་ལེགས་དཔལ་བཟང་།
[5] ཀུན་མཁྱེན་འཇིགས་མེད་དབང་པོའི་རྣམ་ཐར། མཛད་པ་པོ། རྗེ་གུང་ཐང་བསྟན་པའི་སྒྲོན་མེ། ཉི་གཞོན་དཔེ་ཚོགས་རྩོམ་སྒྲིག་ཁང་གིས་འགྲེམ་སྤེལ་བྱས།
[6] གུང་ཐང་བསྟན་པའི་སྒྲོན་མེའི་རྣམ་ཐར། མཛད་པ་པོ། དབལ་མིང་དཀོན་མཆོག་རྒྱལ་མཚན། ཉི་གཞོན་དཔེ་ཚོགས་རྩོམ་སྒྲིག་ཁང་གིས་འགྲེམ་སྤེལ་བྱས།
[7][8][9][10][11][12][13] དཔག་བསམ་འཁྲི་ཤིང་། རྒྱལ་པོ་དགེ་བས་དབང་པོས་མཛད། ཤོང་སྟོན་རྡོ་རྗེ་རྒྱལ་མཚན་གྱིས་བསྒྱུར། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གིས་བསྐྲུན། ༢༠༠༤
[14][15][16] བྱང་ཆུབ་སེམས་དཔའ་རྟག་ངུའི་རྟོགས་བརྗོད་སྙན་ངག་དཔག་བསམ་ལྗོན་པ་དང་དེའི་འགྲེལ་བཤད་ཉིན་མོའི་སྣང་བ། མཛད་པ་པོ། རྗེ་བདག་ཉིད་ཆེན་པོ། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༢༠༠༠
[18][19][20][21][22] རང་ཉིད་ཀྱི་ལོ་རྒྱུས་ཅུང་ཟད་བརྗོད་པ། མཛད་པ་པོ། ངག་དབང་བློ་གྲོས་རྣམ་རྒྱལ། མི་རིགས་དཔེ་སྐྲུན་ཁང་། ༢༠༡༦
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།