སློབ་གླུའི་གལ་ཆེན་རང་བཞིན་གླེང་བ།

རྩོམ་པ་པོ།:ཡི་དམ་རྡོ་རྗེ། ཡོང་ཁུངས།:མཚོ་སྔོན་བོད་ཡིག་གསར་འགྱུར། དུས་ཚོད།:2023-07-25 08:40:30 ཀློག་གྲངས།:
       སློབ་གླུ་ནི་སློབ་གྲྭ་ཞིག་གི་བསམ་པའི་དཔལ་ཡོན་མངོན་བྱེད་ཀྱི་རྟགས་མཚན་གལ་ཆེན་ཞིག་ཡིན། སློབ་གླུའི་ཁྲོད་དུ་སློབ་གྲྭ་གང་དེའི་སློབ་སྒྲུབ་ཀྱི་འདུན་མ་དང་སློབ་སྒྲུབ་ཀྱི་ཁྱད་ཆོས། སྲོལ་བཟང་རྒྱུན་འཛིན་སོགས་འདུ་བ་ཡིན་ལ། སློབ་གསོའི་མཁའ་དབུགས་མངོན་པར་མཚོན་ཏེ་སློབ་གྲྭའི་འཕེལ་རྒྱས་ཀྱི་ཁ་ཕྱོགས་སྟོན་པའི་བསམ་བློའི་བསྒྲགས་གཏམ་རིགས་ཤིག་ཀྱང་ཡིན། དུས་དང་རྣམ་པ་ཀུན་ཏུ་སློབ་མའི་ལུས་སེམས་བདེ་ཐང་དང་སློབ་གྲྭའི་སློབ་གསོའི་སྙིང་པོ། སློབ་རའི་རིག་གནས་འཛུགས་སྐྲུན་གྱི་ཐད་ལ་ནུས་པ་བླ་ལྷག་འདོན་བཞིན་ཡོད།དེ་བས་དུས་རབས་གསར་པའི་སློབ་གྲྭའི་མཛེས་རྟོག་སློབ་གསོ་ནི་སློབ་གླུ་དང་ཁ་འབྲལ་ཐབས་མེད།
       དང་པོ། སློབ་གླུ་ནི་སློབ་གླིང་གི་སྲོག་ཤིང་རང་བཞིན་གྱི་དབྱངས་རྟ་དེ་ཡིན་ལ། སློབ་མ་སློབ་སྦྱོང་ལ་དགའ་བ་དང་སློབ་གླིང་ལ་དགའ་བའི་འདུ་ཤེས་ཡག་པོ་སྐྱེད་སྲིང་བྱ་ཐུབ། སློབ་གླུ་ནི་སློབ་སྒྲུབ་ཀྱི་ཕུགས་བསམ་དང་གདམས་ངག་ལས་ཐོན་པ་ཡིན་པས། སློབ་གྲྭའི་ལོ་རྒྱུས་རང་བཞིན་གྱི་སྒྱུ་རྩལ་དེ་མཚོན་ཐུབ། སློབ་གླུ་ནི་སློབ་རའི་སྙིང་སྟོབས་བརྒྱུད་སྒྲོག་བྱེད་ཐབས་ཤིག་ཡིན་པས། དགེ་རྒན་དང་སློབ་མ་རྣམས་ཀྱི་སློབ་གྲྭའི་འབྱུང་འགྱུར་དང་རང་ཉིད་ཀྱི་མ་འོངས་པའི་འཕེལ་རྒྱས་ལ་སྙེག་པའི་སྨོན་འདུན་ཞིག་ཀྱང་ཡིན། སྐད་གསང་མཐོན་པོས་སློབ་གླུ་ངག་ནས་གྱེར་ཐེངས་རེར་མི་བུ་རེ་རེའི་སེམས་སུ་སྨྲ་བསམ་བརྗོད་འདས་ཀྱི་སྤོབས་པ་ཞིག་ངང་གིས་སྟེར་ཐུབ། སྒོས་སུ་མི་མང་པོས་མགྲིན་གཅིག་ཏུ་དབྱངས་སུ་བཀུགས་ཚེ་སྙན་ཞིང་འཇེབས་པའི་འགྱུར་ཁུག་དང་སྤྲོ་སེམས་འཁོལ་བའི་གླུ་ཚིག་གིས་སློབ་མའི་ནང་སེམས་ཀྱི་འཇིག་རྟེན་དྭངས་གཙང་དུ་བསྒྱུར་ཐུབ་ལ། སློབ་མའི་མཛེས་རྟོག་གི་ནུས་པ་མཐོར་འདེགས་དང་སྤྱོད་ལམ་ལེགས་བསྒྱུར་ལ་ཕན་འབྲས་མི་དམན་པ་ཐོན་ཐུབ། ང་ཚོའི་སློབ་གྲྭའི་ནང་རོལ་དུ་གསལ་ལྷང་ལྷང་གི་དཔེ་ཀློག་གི་དབྱངས་རྟ་མཁོ་བར་མ་ཟད། སྙན་འཇེབས་ཡིད་དབང་འཕྲོག་པའི་གླུ་དབྱངས་ཀྱི་འགྱུར་ཁུག་ཅིག་ཀྱང་མཁོ། ཞོགས་པ་རེ་རེར་སློབ་རའི་གླིང་ལ་ཡོངས་སུ་ཁྱབ་པའི་སློབ་གླུ་ཐོས་འཛིན་གྱི་དབང་པོས་ཉན་ཚེ་དེ་ནི་མཛེས་སྡུག་གི་རོལ་མྱོང་ཞིག་ཡིན་པར་མ་ཟད། སློབ་བུ་སྟོང་ཕྲག་མང་པོའི་གསར་གཏོད་ཀྱི་སྙིང་སྟོབས་དང་མདུན་སྐྱོད་ཀྱི་ཉམས་འགྱུར་ཡང་མཐོང་ཐུབ་པ་ཡིན།
       གཉིས་པ། སློབ་གླུ་ལ་བརྒྱུས་པ་ནི་ཕ་ཡུལ་ལ་འཁྲེང་པའི་འགྱུར་མེད་ཀྱི་དུངས་ཞེན་དེ་ཡིན་ལ། མེས་རྒྱལ་དང་ཕ་ཡུལ་ལ་བཅངས་པའི་དགའ་ཞེན་དེ་ཡིན། ཟླ་གནང་འཚོགས་པའི་ཉིན་དང་པོར་དགེ་སློབ་ཡོངས་རྫོགས་རྒྱལ་དར་ཐང་ཆེན་དུ་འཛོམས་ཏེ་སྐད་གསང་མཐོན་པོས་རྒྱལ་གླུ་ཞིག་བཏང་ཚེ། མི་རེ་རེའི་སེམས་སུ་སྨྲ་མི་ཤེས་པའི་ཚོར་སྣང་ཞིག་བསྐྱེད་ཐུབ་ལ། ཡང་གཅིག་བཤད་ན་རྒྱལ་གླུ་ནི་སློབ་རའི་གླུ་དབྱངས་ཐོག་མ་དེ་ཡང་ཡིན་ངེས་སྙམ། སྐབས་ལན་རེར་དཔེ་ཁུག་རྒྱབ་ཏུ་འཁུར་ཏེ་སློབ་གླུ་ངག་ལ་གྱེར་བཞིན་ཕུགས་བསམ་གྱི་ལམ་ཁ་བསྙེགས་པའི་སློབ་མ་དག་གི་རྒྱབ་གཟུགས་ལས་ང་ཚོས་ཕ་ཡུལ་གྱི་མདུན་ལྗོངས་གསར་པ་ཞིག་མཐོང་ཐུབ་ལ། ཁོ་ཚོས་རང་གི་མ་ཡུམ་སློབ་གྲྭ་དང་ཕ་ཡུལ་ལ་བཅངས་པའི་བརྩེ་སེམས་ཤིག་ཀྱང་ངང་ངམ་ཤུགས་ཀྱིས་ཚོར་ཐུབ། སློབ་བུ་རེ་རེས་སྙན་འཇེབས་ཀྱི་སློབ་གླུ་ངག་ལ་སྐྱོར་བཞིན་མེས་རྒྱལ་གྱི་ཡུལ་གྲུ་སོ་སོ་དང་ཕ་ཡུལ་གྱི་གྲུ་ཟུར་གང་རུང་ལ་སོང་སྟེ་འཛུགས་སྐྲུན་གྱི་ལས་ལ་བློ་ཐག་རྦད་ཆོད་དང་ཁ་ཞེ་གཉིས་མེད་ཀྱིས་འབད་འབུངས་བྱེད་བཞིན་ཡོད། ད་ལྟའི་དུས་སུ་རང་ཉིད་དགེ་རྒན་གྱི་ལས་རྐང་དུ་འགྲེང་ནས་མི་ལོ་སུམ་ཅུ་ལྷག་འདས་ལ་ཉེ་ན་ཡང་། ན་གཞོན་དུས་ཀྱི་སློབ་གླུའི་དབྱངས་རྟ་དང་གླུ་ཚིག་དེ་དག་ཡིད་ལ་ཤར་ཚེ། རང་དབང་མེད་པར་ངར་ཤུགས་ཤིག་སྐྱེ་བཞིན་རང་ཉིད་ཀྱི་ཕྲག་གོང་དུ་བབས་པའི་ལས་ཀ་ལ་ཤི་འཐམ་རོ་འཐམ་བྱ་དགོས་སྙམ་པའི་དྲན་སྐུལ་གྱི་ཅོང་བརྡ་ཞིག་ཐོས་ཐུབ་པར་འགྱུར།
       གསུམ་པ། སློབ་གླུའི་སྲོག་ཤིང་ནི་ལོ་རྒྱུས་ཀྱི་རྒྱུན་རིང་བའི་རིག་གནས་ཡིན་ལ། དུས་ནམ་ཡང་མི་རྣམས་ལ་ཞི་དུལ་བག་ཡོད། འཆམ་མཐུན་སྤྲོ་དགའ། འདོད་ཆུང་ཆོག་ཤེས། དཀའ་སྤྱད་འབད་བརྩོན་གྱི་སྙིང་སྟོབས་ཤིག་བརྒྱུད་སྒྲོག་བྱེད་བཞིན་ཡོད། བདེན་དགེ་མཛེས་གསུམ་ནི་ལྷད་མེད་ཀུན་སྤྱོད་དང་བླ་མེད་སྙིང་སྟོབས་ཀྱི་གཏེར་ཁ་ལྟ་བུ་ཡིན། བདེན་དགེ་མཛེས་གསུམ་གྱི་བདུད་རྩིས་མ་བརླན་པའི་མི་ཚེ་ནི་མྱ་ངམ་ཐང་ཆེན་ལྟ་བུ་ཡིན་པས། སློབ་གླུའི་ཡོན་ཏན་གྱིས་དུས་ནམ་ཡང་སྟོང་ཆ་དང་འགྱོད་པ་འདི་དག་བསྐང་ཐུབ་པ་ཡིན།
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།