ཨ་མདོའི་ཡུལ་སྐད་ལས་རྒྱུན་སྤྱོད་མིང་བརྡ་ཁག་ཅིག་གི་དོན་ཐོབ་ཡི་གེ་གང་ཡིན་སྐོར་གླེང་བ། ཁག་དགུ་པ།

རྩོམ་པ་པོ།:ཀུན་ཁྱབ་ཀླུ་བྱམས། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2024-09-24 08:44:18 ཀློག་གྲངས།:
ཨ་མདོའི་ཡུལ་སྐད་ལས་རྒྱུན་སྤྱོད་མིང་བརྡ་ཁག་ཅིག་གི་ཡི་གེ་དག་མོ་ཇི་ལྟར་འབྲི་ལུགས་དང་དེའི་སྒྲ་གཟུགས་འགྱུར་སྟངས་སྐོར་ལ་རོབ་ཙམ་དཔྱད་པ།
(ཁག་དགུ་པ)
ཀུན་ཁྱབ་ཀླུ་བྱམས།
 
       ཁ་བསྲོ། ནངས་ཇ་དང་ཆ་འདྲ་བའི་འཚལ་མ་ཞིག་གི་མིང་སྟེ། ལོ་ལོན་ཚོའི་ཁ་སྲོ་བྱེད་དམ་དྲོས་བྱེད་ཀྱི་ཚབ་ཏུ་སྐོལ་བའི་ཇ་ཁོལ་མ་ཚན་འདེ་ཞེས་པའི་དོན། ཨ་མདོའི་ཡུལ་སྐད་དུ། ཁ་ཧྲོའུ་ཞེས་པའི་གདངས་འདྲ་ཞིག་ཐོན། ཁྱིམ་དུ་རྒན་རྒོན་ཡོད་པའི་མནའ་མ་དང་བུ་བུ་མོ་གང་རུང་ཚོས། ཞོགས་པའི་སྐྱ་རེངས་ཤར་མ་ཐག་ཡར་ལྡང་ནས་ཁྱིམ་གྱི་ལོ་ལོན་རྣམས་ལ་ཇ་ཁར་མར་ཉུང་ཙམ་འཕེན་པ་དང་། རྩམ་པ་ཉུང་ཙམ་གཏུལ་ནས་རྩམ་ཐང་གི་དོད་ཙམ་ཞིག་ནངས་ཇའི་སྔོན་ལ་འཐུང་དུ་འཇུག་སྲོལ་ཡོད་པ་ལ་ཟེར། སྲོལ་བཟང་དེ་ད་ལྟའང་མཚོ་སྔོན་ཕྱོགས་ཀྱི་བ་ཡན་ས་ཆ་སོགས་སུ་རྒྱུན་སྐྱོང་མུར་ཡོད་སྐད། «ཚེ་ཏན་ཞབས་དྲུང་རྗེ་བཙུན་འཇིགས་མེད་རིགས་པའི་བློ་གྲོས་མཆོག་གི་གསུང་འབུམ»པོད༦པའི་ལྡེབ༣༣༡པར། ང་རང་གི་གྲོད་པ་འགྲངས་པ་ན། །ང་རང་གི་ལུས་པོ་དྲོས་པ་ན། །ཉལ་འདོད་ཚེ་མལ་དུ་སྐྱིད་ཉལ་རྒྱག །གཉིད་འདོད་ཚེ་སྔུར་བའི་གླུ་དབྱངས་ལེན། །གཉིད་སད་ཚེ་སྔས་ལས་མགོ་བཏེགས་ཏེ། །ཇ་ཁ་བསྲོ་ཞིམ་པོ་འཐུངས་ན་དགའ། །ཞེས་འབྱུང་བ་ལྟ་བུ། ཀན་སུའུ་ཡི་དཔའ་རིས་རྫོང་གི་སྐད་དུ། བསྲོ་ཆུ་ཟེར། ཁ་བསྲོ་འཐུང་དང་། ཁ་བསལ(བསའ)འཐུང་། ཇ་བསུ་ཟེར་བའི་ཡུལ་ཀྱང་མཆིས།

       སྒྲབ་རྒྱགས། སྣང་བ་མཐོ་ཞིང་སྒྲོབ་ཉམས་ཆེ་བའི་དོན། སྒྲབ་རྒྱགས་གོང་བ་མཐོ་དགོས། །ཤོམ་ཆེན་ཕུ་རུང་རིང་དགོས་ཟེར་བ་ལྟ་བུ། སྒྲབ་ཡིག་ནི་སྒྲོབ་ཡིག་ལས་བྱུང་བ་ཡིན་ཏེ། དབྱངས་བོར་ཡང་དོན་མི་འབོར་བའི་གྱེས་མིང་གི་གྲས་སུ་གཏོགས། དཔེར་ན། གྱོལ་གྱོལ་དང་གྱལ་གྱལ། འགྱེལ་དང་འགྱལ། བཏུལ་དང་བཏལ། བརྟོལ་དང་བརྟལ། སྟོབས་ཀྱིས་དང་སྟབས་ཀྱིས། བར་ཆོད་དང་བར་ཆད་སོགས་ལྟ་བུས་མཚོན། «ཐོན་མིའི་དགོངས་རྒྱན»གྱི་སྨད་ཆར། སྒྲ་རྒྱག་ནི་ང་རྒྱལ་གྱི་བྱེད་ལས་ཏེ་ཁེངས་གཏམ་གྱིས་རྒྱགས་པ། ཞེས་བཀྲལ་ཡོད། «དག་ཡིག་གསར་བསྒྲིགས»སུ། གྲབ་རྒྱགས་ཏེ། ང་རྒྱལ་ཁེངས་དྲེགས་ཀྱི་མིང་། དཔེར་ན། མི་གྲབ་རྒྱགས་ཅན་ཞེས་པ་ལྟ་བུ། ཞེས་བཀྲལ་ཡོད།
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།