སྤྱི་ཚོགས་ཀྱི་སྡེ་ཚན་དང་མི་གཤིས།
རྩོམ་པ་པོ།:ནག་ཤོད་བསྟན་འཛིན་མཚུངས་མེད།
ཡོང་ཁུངས།:མཚོ་སྔོན་བོད་ཡིག་གསར་འགྱུར།
དུས་ཚོད།:2024-09-29 08:40:11
ཀློག་གྲངས།:
གཅིག ཁེར་འགྲོ་བ།
ལོ་རྒྱུས་ཀྱི་ཡིག་ཚང་རྣམས་སུ་གདོད་ཀྱི་བོད་པ་རྣམས་སྦྲ་དང་ཕྱིང་གུར་དང་། ལ་ལ་ཁང་པའི་ནང་དུ་འདུག་ཅིང་། རྟ་ལུག་འབྲི་གཡག་མཛོ་སོགས་ལ་བརྟེན་ཏེ་འཚོ་བར་བྱེད། བཟང་བཏུང་ལ་རྩམ་པ་མར་ཕྱུར་འོ་ཞོ་ཇ་སོགས་དང་། གྱོན་པ་ཕལ་ཆེར་སྣམ་བུ་ཡིན་ཟེར། དེས་ན་འབྲོག་བེའུ་ལུག་སྐྱོང་བ་ནི་བོད་པ་རྣམས་ཀྱི་ཐོག་མའི་འཚོ་བ་ཡིན་གཤིས། བརྡ་རྙིང་པ་རྣམས་སུ་ལོངས་སྤྱོད་ཕུན་སུམ་ཚོགས་པ་ལ“ཕྱུགས(ཕྱུག)པོ”ཞེས་བརྗོད་པ་དང་། རྒྱུ་དང་དཀོར་ལ“ནོར”ཞེས་བརྗོད། དཔྱའ་དང་ཁྲལ་ལ“ཞོ་ཤ”དང་། གཙུག་གི་ལྷ་ནི“ཤམ་པོ(གཡག)” དཔའ་བའི་དཔེ་རུ“འབྲོང”དང་། དེས་པའི་དཔེ་རུ“བལ” རང་དབང་གི་དཔེ་རུ“སྣ་ཐག” ཚུལ་ཁྲིམས་གཙང་བའི་དཔེ་རུ“གཡག་རྔ”སོགས་འབྲོག་སྐད་དང་འབྲེལ་བའི་བརྡས་མཚོན་པར་བྱས་ཡོད་ཅིང་། སྤུ་རྒྱལ་བཙན་པོའི་དུས་ཀྱི་ལོ་རེའི་བྱུང་བ་ཐར་ཆགས་སུ་བཀོད་པ་དོན་ཆེན་གནད་བསྡུས་སུའང་། “གནག་ནད་ཆེན་པོ་བྱུང”བའི་ལོ་རྒྱུས་ཟིན་ཏུ་བཏབ་ཡོད་པར་གཞིགས་ན། “གནག”ནི་བོད་ཀྱི་ཡུལ་འབྲོག་གཉིས་ཀའི་འཚོ་རྟེན་གལ་ཆེན་དུ་གྱུར་ཡོད་པ་ཤིན་ཏུ་རྟོགས་སླ། དེས་ན་བོད་ཀྱི་མི་ནི་གནའ་ནས་འབྲོག་ཏུ་ནོར་ལུག་སྐྱོང་བ་རྨང་གཞིར་བྱས་ཏེ། ཞིང་རྨོ་རྐོ་དང་། ཚོང་ཁེ་སྐྱེད། བཟོ་ལག་ཤེས་ཀྱིས་ཟུར་ནས་བརྒྱན་པའི“འབྲོག”གི་འཚོ་ཐབས་སྐྱོང་བའི་མི་རིགས་ཤིག་ཡིན་གཤིས། ད་ལྟའི་ཆ་ལའང“འབྲོག་རྟགས”དང“འབྲོག་གཤིས”ནི་རིགས་རུས་ཆོ་འབྲང་ལ་ལྷད་མ་ ཞུགས་པ་དང་། བོད་ཀྱི་རིག་གནས་སྲོལ་རྒྱུན་གྱི་དྲོད་མ་ཡལ་བའི་བོད་པ་ཐུན་མོང་ལ་ལྷན་སྐྱེས་ཀྱི་ཚུལ་དུ་མངའ་ཡོད།“འབྲོག”ཅེས་པ་ཐོག་མའི་བརྡ་དོན་ནི་མི་མེད་ཀྱི་ཡུལ་སྟོང་ངམ་ལུང་པའི་ཕུ་ལ་གོ་བར་སྣང་། མི་མེད་ཀྱི་ཡུལ་སྟོང་པ་ནི་དབེན་པའི་གནས་ལགས་ན། “འབྲོག་དགོན་པ”ཞེས་པའི་བརྡའང་བྱུང་། འབྲོག་དགོན་པ་ནི། གྲོང་ལས་རྒྱང་གྲགས་གཅིག་ཕན་ཆད་འདས་པའི་གནས་ལ་བྱ་བ་ཡིན། རྒྱང་གྲགས་ཀྱི་ཚད་ནི་གཞུ་འདོམ་ལྔ་བརྒྱ་སྲིད་དུ་ཡོད་པ་ལ་བྱ་ཚུལ་ཆོས་མངོན་པ་སོགས་སུ་གསུངས། དེ་ལྟར་ན། “འབྲོག་པ”ནི། གྲོང་ལས་རྒྱང་གྲགས་གཅིག་ཕན་ཆད་དུ་སོ་སོར་སྦྲ་དང་ཕྱིང་གུར་གྱི་ནང་དུ་ཁེར་འཚོ་བྱེད་པའི་མི་སྡེ་ལ་བྱ་དགོས་པ་ཡིན། སོ་སོར་ཚོམ་བུ་ཚོམ་བུའི་རྣམ་པ་ལྟར་རྩྭ་ཆུའི་རྗེས་སུ་འགྲོ་བའི་འབྲོག་པ་རྣམས་བོད་ཀྱི་བྱང་ཕྱོགས་སོགས་སུ་གཙོ་བོར་འཚོ་བས། ལོ་རྒྱུས་ཀྱི་གཏམ་རྙིང་པ་རྣམས་སུ“བྱང་འབྲོག”ཅེས་ཀྱང་བྱ། “བྱང་འབྲོག”ནི་སྒྲ་ཡངས་དོག་གཉིས་སུ་དབྱེ་རྒྱུ་ཡོད་དེ། ཡངས་པའི་དབང་དུ་བྱས་ན་དབུས་གཙང་ཁམས་གསུམ་གང་དུའང་ལུང་ཚན་སོ་སོའི་བྱང་ཕྱོགས་ཕལ་ཆེར་འབྲོག་པ་ཡིན་པས་དེ་ལྟར་གདགས་སུ་རུང་ལ། སྒྲ་དོག་འཇུག་གི་སྐབས་སུ་བོད་དབུས་ཀྱི་བྱང་ཕྱོགས་ཏེ། ཐང་ཆེན་པོ་ཨ་སྔོན་དགུང་དང་གའུ་ཁ་སྦྱོར་གྱི་ཚུལ་དུ་ཡོད་པའི་གནས“བྱང་ཐང”ལ་གོ་དགོས། བྱང་ཐང་གི་མཐའ་སྣེ་ཀུན་ཏུ་རྐྱང་ཁ་དཀར་དང་འབྲོང་བྲེ་སེར། གཙོད་ཁམ་པ་སོགས་ཀྱིས་བདག་གིར་བྱས་པས“བྱང་མི་མེད་ཀྱི་ཐང”ཞེས་ཀྱང་བྱ། དེས་ན་བྱང་འབྲོག་གི་མི་རྣམས་དང་པོ་ཙ་ན་རྒྱུས་མེད་འདྲིས་མེད་ཀྱི་མི་ཚོགས་དང་རིང་དུ་གྱེས་ཤིང་། རྒྱུས་ཡོད་འདྲིས་ཡོད་ཀྱི་གཉེན་ཉེ་དུ་རྣམས་ཕན་ཚུན་རུ་དང་རུའམ། སྡེ་དང་སྡེའམ། ཚོ་དང་ཚོ་བྱས་ཏེ། “གང་འདོད་དུ་འགྲོ་བའི་སྟབས་བདེ་པོ། གང་སྐྱིད་དུ་སྡོད་པའི་གུ་ཡངས་པོ། གང་ལ་ཡང་མ་བལྟོས་རང་དབང་ཅན”(འབྲུག་པ་ཀུན་ལེགས་ཀྱི་གསུང)ཤ་སྟག་ཏུ་སྣང་།
ཁེར་འཚོ་དང་ཁེར་རྐྱང་ནི་འབྲོག་པ་རྣམས་ལ་གདོད་ནས་དག་པའི་ལས་སྐལ་ཞིག་ཡིན་ཏེ། རྩྭ་ཆུའི་རྗེས་སུ་ཁྱིམ་ཚང་ཁེ་རུ་ཁེ་རུ་བྱས་ནས་འགྲོ་བ་མ་ཟད། ནོར་ལུག་གི་རྗེས་སུའང་མི་བུ་ཁེ་རུ་ཁེ་རུ་བྱས་ནས་འགྲོ་དགོས་པ་ཡིན་གཤིས། འབྲོག་པ་རྣམས་ཀྱི་བག་ཆགས་སུ་ཁེར་རྐྱང་གི་ལྷན་པ་ཤིན་ཏུ་རྔམ་མཐུག་པར་བསླན་ཡོད། རྔམ་མཐུག་པའི་ལྷན་པ་དེ་དག་ནི་སྡུག་གི་ཁུར་པོ་རུ་ཇི་ལྟར་འགྱུར་ཏེ། འབྲོག་པ་རྣམས་ཀྱིས་རང་བྱུང་ཁམས་ཀྱི་སྣོད་བཅུད་གཉིས་ཀ་གྲོགས་སུ་བསྡོངས་ཤིང་། སྲིད་པ་ཆགས་གླུའི་འགྱུར་ཁུག་ནས་འཇིག་རྟེན་ཕོ་མོའི་ལ་གླུའི་བར་དང་། ལྷ་རི་བླ་མཚོའི་གཏམ་རྒྱུད་ནས་ཨ་ལ་ཐ་ལའི་ངག་སྒྲུང་བར་དུ་གླུ་དང་སྒྲུང་གི་མཆོད་པས་སྣོད་བཅུད་གཉིས་ཀ་སྒྱུ་རྩལ་བརྩམས་ཆོས་ཀྱི་ཕུད་དུ་བསྐྲུན་ཡོད་པས་སོ། །དེས་ན་འབྲོག་རྟགས་ནི་སྒྱུ་རྩལ་པའི་གཤིས་རྒྱུད་དང་གཉིས་སུ་མེད་པས། འབྲོག་རྟགས་ཞེས་པ་ཇི་སྐད་དུ། རྗེ་བཙུན་མི་ལས། མི་ནི་མ་བཅོས་སྔར་གྱི་མི། །རང་བཞིན་མ་བཅོས་ལྷད་མེད་པ། །ཞེས་པ་ལྟར། འབྲོག་རྟགས་ནི་དོན་ལ་ལྷད་མེད་པའི་ཚིག་བླ་དྭགས་སོ། །རྒྱུད་ལ་ལྷད་མེད་པས་གཏམ་ལའང་བཅས་བཅོས་གང་ཡང་མི་དགོས་གཤིས། འབྲོག་རྟགས་ཅན་གྱི་ལོ་ཙཱ་བ་རྣམས་རྒྱ་གར་གྱི་གྲོང་དང་གྲོང་ཁྱེར་དུ་འབྱོར་པ་ན། བོད་ཀྱི་མི་ལ་ཨོལ་མདུད་པ་མེད་པས་སྲང་ནང་གི་མི་འཁྱམས་པོ་ཚུན་ཆད་ལ་ཡིན་ཚུལ་སང་ངེ་འཆད་ཅེས་ཨ་ཙྱར་རྣམས་ཀྱིས་ཁྲེལ་རྒོད་བྱེད་དོ། །
དེ་བཞིན་རྔམ་མཐུག་པའི་ཁེར་རྐྱང་གི་ལྷན་པ་དེ་དག་ཀྱང་། ཤེས་བྱའི་དེ་ཁོ་ན་ཉིད་ལ་འཇུག་པའི་སྒོ་དང་པོ་ཡིན་ཏེ། ཐོས་བསམ་སྒོམ་གསུམ་ལས། ཐོས་པས་སྒྲོ་འདོགས་གཅོད། བསམ་པས་རྣམ་པར་ངེས། སྒོམ་པས་གཏན་ལ་འབེབ་པས། ཐོས་པ་དང་བསམ་པ་ཇི་ལྟར་རྒྱ་ཆེ་ན་ཡང་མཐའ་མའི་འབབ་སྟེགས་སྒོམ་པ་ཁོ་ན་ཡིན་པ་དེ་ལྟར་ལགས་ཤིང་། སྒོམ་གྱི་ལམ་དང་པོ་ཡང་འདུ་འཛི་དང་ཟང་ཟིང་གི་གནས་ལས་ལོགས་སུ་གྱེས་ཏེ་གཅིག་པུར་དབེན་པ་བསྟེན་དགོས་གཤིས། བོད་ཀྱི་སྒོམ་ཆེན་རྣམས་ལ“རི་པ” ཞེས་པའི་བརྡའང་ཐོགས་ཏེ་སྐྱིད་པོ་གཉེན་གྱིས་མ་ཚོར་བ། སྡུག་པོ་དགྲ་ཡིས་མ་ཚོར་བར་གཅིག་པུར་ལམ་གྱི་གཙོ་བོ་རྣམས་ལ་རྟག་འགྲུས་བགྱིས་པས་ཉམས་རྟོགས་ཀྱི་ཡོན་ཏན་ཁྱད་པར་ཅན་རྒྱུད་ལ་སྨིན་པར་གྲགས། དེ་བཞིན་དེང་གི་ཤེས་ཡོན་ཅན་གྱི་མཚན་ཉིད་དང་རྣམ་གཞག་ལ་གཞིགས་ན། སྐྱེས་བུ་ཞིག་ཤེས་ཡོན་ཅན་དང་བསམ་བློ་བ་ཡིན་མིན་གྱི་མཚམས་ཚིགས་གང་ཟག་དེ་ལ་རང་རྐྱ་ཕེར་བའམ་ཁེར་ཚུགས་ཀྱི་བསམ་བློ་ཡོད་མེད་ལ་རག་ལས་ཤིང་། ཁེར་ཚུགས་ཀྱི་བསམ་བློ་རྒྱུད་ལ་སྐྱེ་བར་ཁེར་འཚོའི་ཁོར་ཡུག་དང་ཁེར་འཚོའི་ནུས་པ་ལྡན་དགོས་པ་རྗེས་སུ་དཔོག་ནུས་གཤིས། འབྲོག་པ་རྣམས་ལ་གདོད་ནས་དེ་ལྟའི་རྒྱུ་དང་རྐྱེན་ཚང་ཡོད།
མདོར་དྲིལ་ན། “འབྲོག་རྟགས”ནི། དགྲ་འདུལ་ཞིང་གཉེན་སྐྱོང་བ། བྱས་པ་དྲན་ཞིང་བྱས་པ་གཟོ་བ། ཁྲེལ་དང་ངོ་ཚ་ཡོད་པ། ཚུལ་འཆོས་དང་ངོ་ལྐོག་མེད་པ། ཁ་སྐྱོང་དང་ངོ་སྲུང་མི་ཤེས་པ། ཕྱག་དང་ཞེ་ས་མི་མཁས་པ། སྤྱོད་པ་རྩིང་ཞིང་རགས་པ། ཚོར་ཤེས་ཀྱི་སེམས་འགྱུ་རྒོད་པ། དད་པ་དང་གཏོང་ཕོད་ཆེ་བ། སྐད་འཕངས་མཐོ་ལ་སྐད་རྒྱུན་རིང་བའི་མི་གཞི་མི་གཤིས་ལྡན་པ་ཞིག་ཡིན་ནམ་སྙམ་ལ། འབྲོག་རྟགས་ཅན་གྱི་མི་རྣམས་རྩོམ་རིག་གསར་རྩོམ་དང་། གླུ་ལེན་གར་རྩེད། ཐིག་དང་རི་མོ་སོགས་སྒྱུ་རྩལ་གྱི་ལས་ལ་གཞོལ་ན་ལས་སྒོ་དེར་རྔོ་ཐོགས་ངེས་སུ་འགྱུར་རོ་སྙམ་ལ། ལས་དགེ་སྡིག་དང་། ལམ་དཀར་ནག །ཆོས་ཟབ་མོ་གང་ལ་ཞུགས་ཀྱང་ས་ཆོད་ཆེན་པོས་འཇུག་ནུས་སམ་སྙམ།
གཉིས། སྡོང་གྲོགས་ཅན།
འབྲོག་ལ་བལྟོས་པའི་གྲོང་ནི། ཐོག་མར་བཀའ་བསྟན་གྱི་གཞུང་རྣམས་སུ་འབྱུང་བའི་བརྡ་ཞིག་ཡིན་ལ། བརྡ་དེའི་གདོད་ཀྱི་གདགས་གཞིའང་རྒྱ་གར་སོགས་ལྷོ་བལ་གྱི་གྲོང་དང་གྲོང་ཁྱེར་རྣམས་ཡིན་པར་སྣང་། དེ་ཡང་གྲོང་ནི་ཁང་ཁྱིམ་གཅིག་དང་། གྲོང་ཁྱེར་ནི་ཁྱིམ་མང་པོ་ཚན་གཅིག་ཏུ་སྤུངས་པ། གྲོང་རྡལ་ནི་གྲོང་ཚོམ་བུ་མང་པོ་ཡོད་པ། ལྗོངས་ནི་ཡུལ་ལུང་པ་གཅིག་གིས་བསྡུས་པ་ལ་བྱ་བའམ། གྲོང་ནི་ཁྱིམ་གཅིག་པ་ལ་སོགས་པ་དང་། ལྗོངས་ནི་ཁྱིམ་བཅུ་པ་ལ་སོགས་པ་དང་། གྲོང་ཁྱེར་ནི་རིག་པའི་གནས་བཅོ་བརྒྱད་དང་ལྡན་པ་ལ་བྱ་བའམ། ཡང་ན། གྲོང་ནི་གྲོང་ཁྱེར་གྱི་ཕྱི་རོལ་དང་། གྲོང་ཁྱེར་དང་གྲོང་རྡལ་ནི་ཡུལ་དང་། ལྗོངས་ནི་དཔྱའ་འདུ་བའི་ས་ལ་བྱ། ཡང་གཞན་དུ་ན། གྲོང་ནི་ཉུང་ངུ་དང་ཁྱེར་ནི་མང་པོ་ལ་འཇུག་པའམ་གྲོང་ནི་ཕྱུག་པོ་མ་ཡིན་པ་རྣམས་གནས་པ་དང་། ཕྱུག་པོ་རྣམས་གནས་པ་ནི་གྲོང་ཁྱེར་དང་། གྲོང་ཁྱེར་ཉིད་ཀྱི་ཚོང་པ་མང་པོ་གནས་པ་ནི་གྲོང་རྡལ་ལོ་ཞེས་དོན་གྱི་འཇུག་པ་ཐ་དད་པ་སྣ་ཚོགས་སྣང་མོད། དོན་གྱི་རྡོ་ཁ་དྲིལ་ན། གྲོང་ནི་གྲོང་ཁྱེར་གྱི་ཕྱི་རོལ་ན་གནས་པ་གྲངས་ཉུང་ལ་འབྱོར་བ་ཞན་པའི་ཁང་ཁྱིམ་རྣམས་ལ་བྱ་བ་དང་། གྲོང་ཁྱེར་ནི་རྒྱལ་པོའི་ཁབ་སྟེ། གྲངས་མང་ལ་ལོངས་སྤྱོད་འཛོམས་པའི་མཁར་གྲོང་རྣམས་ལ་བྱ་བ་དང་། གྲོང་རྡལ་ནི་གྲོང་དང་གྲོང་ཁྱེར་གྱི་བར་མ་དོ་རུ་གནས་པའི་ཚོམ་བུ་རྣམས་ལ་འཇུག་པར་སྣང་།སྤྱིར“གྲོང”དང“དགོན་པ”ནི་ཕན་ཚུན་བལྟོས་ཟླར་ཡོད་པའི་བརྡ་ཞིག་ཏུ་སྣང་བ་གོང་དུ་སོང་བ་ལྟར་དང་། བཙན་པོའི་སྐབས་ཀྱི་ཡིག་ཚང་འགའ་ཞིག་ཏུའང་། ཇི་སྐད་དུ། “གྲོང་ན་ཡོད་པ་ཞེས་བྱ་བ་ནྀ་ར་བའྀ་ནང་ངོ་། དགོན་པ་ན་ཡོད་པ་ཞེས་བྱ་བ་ནྀ་ར་བའྀ་ཕྱི་རོལ་ལོ”ཞེས“ར་བས”མཚམས་བཅད་དེ་གྲོང་དང་དགོན་པའི་ཚད་འཛིན་པའང་ཡོད། བོད་རང་གི་རིག་གནས་ལོ་རྒྱུས་ལ་གཞིགས་ན། “གྲོང་”གི་སྐད་དོད་ལ“ཁྱིམ་མམ་ཁང་ཁྱིམ”ཞེས་བྱ་བ་དཔེར་ན། “རྩང་བོད་ཁྱིམ་ཉི་ཁྲི”ཞེས་པ་ལྟ་བུའམ“ལྷ་རིས་ཀྱི་ཁྱིམ་ཡིག”ཅེས་པ་ལྟ་བུ་དང་། “གྲོང་ཁྱེར་རམ་རྒྱལ་པོའི་ཁབ”ཀྱི་སྐད་དོད་ལ“མཁར”ཞེས་བྱ་བ་དཔེར་ན། “མཁར་ཕྱིང་བ་སྟག་རྩེ་ན་ནི་རྒྱལ་སྟག་བུ་སྙ་གཟིགས་བཞུགས”ཞེས་པ་ལྟ་བུའོ། །
ཁྱིམ་ནི་ཁང་པ་སྟེ་གནོད་པ་མེད་པར་བྱེད་ཅིང་དེར་ཞུགས་ན་གྲང་བ་ལ་སོགས་པས་མི་ཉེན་ཞེས«ཚོམས»ཀྱི་ནང་དུ་བཀྲལ་ཡོད། དེ་ལྟ་བུའི་ཁྱིམ་ནི་གདོད་མའི་གནས་སྐབས་ཀྱི་མི་རྣམས་གཅན་གཟན་རྒོད་པོ་རྣམས་ཀྱི་གནོད་པ་དང་། རང་བྱུང་གི་ཆར་རླུང་ཐན་གསུམ་འགོག་བྱེད་དུ་བསྐྲུན་པའི་རྡོ་སྦྲའམ། སྤྱིལ་བུའམ། ལྷན་སྐྱེས་ཀྱི་ཕུགས་པ་སོགས་གནས་མལ་དུ་བྱས་མྱོང་བའི་ཁྱིམ་ཡིན་ཀྱང་། སྐབས་སུ་བབ་པའི་ཁྱིམ་མམ་ཁང་པ་ནི་ས་ཞིང་བདག་གིར་བྱ་ཕྱིར་ཆེད་དུ་བརྩིགས་པའི་མཁར་རམ་ཁང་པ་ལ་བྱའོ། །དབུས་གཙང་ཁམས་གསུམ་ནས་རྒྱུ་བའི་ཆུ་ཀླུང་ཆེན་པོ་རྣམས་ནུབ་ནས་ཤར་དུ་འབབ་པ་ཡིན་ལ། ཆུ་བོ་ཆེན་པོ་རྣམས་རྒྱུ་བའི་ལུང་གཞོང་དུ། རི་ཁྱིམ་ཀླུང་དུ་ཕབ་སྟེ་སྤང་ཐང་ཞིང་དུ་རྨོ་བའི་སྲོལ་སྔ་མོ་ནས་བྱུང་བ་ཡིན།
ཁང་ཁྱིམ་གྱི་ཐོག་མའི་འབྱུང་ཁུངས་ནི་ས་ཞིང་བདག་གིར་བྱ་ཆེད་ཡིན་ཚུལ་འཛམ་གླིང་ལོ་རྒྱུས་ཁུངས་མ་རྣམས་ལས་འབྱུང་ལ། བོད་ཀྱི་རིག་གནས་ལོ་རྒྱུས་ལ་གཞིགས་ཀྱང་དེ་ལྟར་དུ་ངེས་ཏེ། ལོ་ངོ5000-4000གི་ལོ་རྒྱུས་ཡོད་པའི་ཆབ་མདོའི་ཁ་རུབ་རིག་གནས་རྗེས་ཤུལ་ལས། ཁང་པའི་ཤུལ28ཙམ་དང་། མི་ཡིས་འདུལ་སྦྱོང་བྱས་པའི་འབྲུ་རིགས་ཁྲེ་སོགས་ཀྱི་ཤུལ་རྣམས་མཉམ་དུ་འབྱུང་བ་ཡིན་ལ། ལོ་རྒྱུས་ཡིག་ཚང་ཁག་ལས། “རྒྱལ་ཕྲན་ཡུལ་ཡུལ་ན་མཁར་བུ་རེ་རེ་དང་མཆིས་ཏེ། རྒྱལ་ཕྲན་བགྱིད་པ་དང་།”རྒྱལ་པོ་གཉའ་ཁྲི་བཙན་པོའི་རིང་ལ། “ཐང་ཐམས་ཅད་ལ་ཞིང་བྱས། གྲོང་ཁྱེར་མང་པོ་བརྩིགས་པ་དང” “རི་ཁྱིམ་ལུང་དུ་ཕབ། ཞིང་མཐར་ཁང་ཁྱིམ་བརྩིགས”པ་སོགས། ཁང་ཁྱིམ་དང་ས་ཞིང་གཉིས་ཕན་ཚུན་བརྟེན་ཅིང་འབྲེལ་བའི་ཚུལ་དུ་འབྱུང་བ་དེ་ལྟར་ལགས།
ཕ་རྒྱུད་བྱང་སེམས་སྤྲེའུ་དང་། མ་རྒྱུད་བྲག་གི་སྲིན་མོ་ལས་མཆེད་པའི་གདོང་དམར་གྱི་རིགས་རྣམས་ཀྱིས་ཡར་ཀླུང་ཟོ་ཐང་ནས་མ་རྨོས་པའི་འབྲུ་ཟ་བ་དང་། ཤིང་ལོའི་གོས་གྱོན་པའི་ཀླ་ཀློའི་འཚོ་ཐབས་ལས་རིང་དུ་འགོངས་ཏེ། ས་ཞིང་རྨོ་འདེབས་སྡུད་གསུམ་གྱི་གཏན་ཚིགས་ཡང་དག་རྙེད་ཅིང་ལག་ཏུ་བསྟར་བས། ཡར་ཀླུང་གི་མི་རྣམས་ལ“བོད་པ”ཞེས་པའི་མིང་ཐོགས་སོ། །“བོད་པ”ཞེས་པའང་ཐོག་མའི་བརྡ་དོན་ནི“ཞིང་པ”ཡིན་ལ། འཛམ་གླིང་ཐོག་གི“ཤེས་དཔལ”ཕལ་ཆེར་ཞིང་པ་དང་དམ་དུ་འབྲེལ་བའི་རྒྱུ་མཚན་ཡང་། གོང་དུ་སོང་བ་ལྟར། ཞིང་དང་མཁར་ལ་བརྟེན་ཏེ་འདུས་སྡོད་བྱུང་ཞིང་། མི་འབོར་མང་དུ་འཕེལ་བས། རྐུ་གཡོ་ཁྲམ་གསུམ་དང་། ནད་མུག་མཚོན་གསུམ་གྱི་ངན་སྤྱོད་སྣ་ཚོགས་ཀྱང་རིམ་བཞིན་གྱིས་དར་ལ། དེ་དག་གཅིག་ཏུ་འདུམ་མཁན་ལ་མཁས་ཤིང་མཛངས་ལ་དཔའ་ཞིང་རྟུལ་ཕོད་པའི་སྐྱེ་བོ“མང་པོས་བཀུར་བའི་རྒྱལ་པོ”ལྟ་བུ་ཀུན་གྱིས་ཡིད་གཏད་རུང་བ་ཞིག་གསར་དུ་བསྐོ་དགོས་བྱུང་། “མང་བཀུར་རྒྱལ་པོ”ནི་དོན་ལ་ཞིང་གི་བདག་པོ་ཡིན་ལ། ཞིང་ལ་བདག་པོ་བྱུང་བའི་དུས་དེ་ནི། མི་ལ་གྲལ་རིམ་བྱུང་བའི་དུས་ཏེ། ཀླ་ཀློའི་སྤྱི་ཚོགས་ནས་བརྒལ་ཅིང་། དམུ་རྒོད་སྤྱི་ཚོགས་ནས་རིམ་གྱིས་ཤེས་དཔལ་གྱི་སྤྱི་ཚོགས་ལ་གོམ་ཁ་བསྒྱུར་བའི་དུས་སོ། །དེས་ན། མང་བཀུར་རྒྱལ་པོའི་དབང་ཐང་ནི། བུ་ཕྲུག་སྔུན་གྱི་ཕ་མའི་དབང་ཐང་ལྟ་བུའམ། ཆུང་མའི་སྔུན་གྱི་ཁྱོ་གའི་དབང་ཐང་ལྟ་བུའམ། གཡོག་འཁོར་སྔུན་གྱི་ཁྱིམ་བདག་གི་དབང་ཐང་ལྟ་བུའམ། བྲན་གཡོག་སྔུན་གྱི་སྐུ་དྲག་གི་དབང་ཐང་ལྟ་བུ་ཞིག་མ་ཡིན་པར། འབངས་དང་མི་སེར་སྔུན་གྱི་ཁྲིམས་སྐྱོང་མི་སྣའི་དབང་ཐང་ལྟ་བུའམ་ཆབ་སྲིད་ཀྱི་དབང་ཐང་ཞིག་ཏུ་གྱུར། ཆབ་སྲིད་ཀྱི་དབང་ཐང་ནི་ཐོག་མར་རྒྱུ་ནོར་ལ་སྟངས་འཛིན་དང་སྲུང་སྐྱོབ་བྱ་ཕྱིར་ཉེས་བྱས་ལ་ཆད་པ་གཅོད་ཅིང་ལེགས་བྱས་ལ་བྱ་དགའ་སྩོལ་བའི་ཁྲིམས་ལུགས་ཀྱི་དབང་ཐང་ཞིག་ཡིན་པ་དབྱིན་ཇིའི་མཁས་པ་ཆེན་པོ་རྗོན་ལོ་ཁེ(John Locke, 1632-1704)ལགས་ཀྱིས་གསུངས། རྒྱུ་ནོར་སྟངས་འཛིན་དང་སྲུང་སྐྱོབ་བྱ་ཕྱིར་རམ། ལེགས་བྱས་ལ་བྱ་དགའ་དང་ཉེས་བྱས་ལ་ཆད་པ། རྒོད་ཀྱི་མི་སྡེ་དང་གཡུང་གི་མི་སྡེའི་རྣམ་གཞག །འབངས་རབ་འབྲིང་མཐའ་གསུམ་གྱི་ཁྱད་པར་སོགས་གཏན་ལ་དབབ་པར་ཡི་གེ་ནི་མེད་ཐབས་མེད་པའི་ལག་ཆ་ཞིག་ཏུ་གྱུར་ཡོད་གཤིས། བོད་ཀྱི་ཡི་གེ་རྙིང་པ་རྣམས་སུའང་། “བོད་ལ་སྔ་ན་ཡྀ་གེ་མྱེད་པ་ཡང་། །བཙན་པོ་འདི་འྀ་ཚེ་བྱུང་ནས། །བོད་ཀྱི་གཙུག་ལག་བཀའ་གྲིམས་ཆེད་པོ་དང་། བློན་པོ་འི་རིམ་པ་དང་། ཆེ་ཆུང་གཉིས་ཀྱྀ་དབང་ཐང་དང་། ལེགས་པ་ཟིན་པ་འྀ་བྱ་དགའ་དང་། ཉེ་ཡོ་བ་འི་ཆད་པ་དང་། ཞིང་འབྲོག་གི་ཐུལ་ཀ་དང་དོར་ཀ་དང་། སླུངས་ཀྱི་གོ་བར་བསྙམས་པ་དང་། བྲེ་པུལ་དང། སྲང་ལ་སྩོགས་པ། །བོད་ཀྱི་ཆོས་ཀྱི་གཞུང་བཟང་པོ་ཀུན། །བཙན་པོ་ཁྲི་སྲོང་བརྩན་གྱི་རིང་ལས་བྱུང་ངོ་། །མྱི་ཡོངས་ཀྱིས་བཀའ་དྲིན་དྲན་ཞིང་ཚོར་བས། །སྲོང་བརྩན་སྒམ་པོ་ཞེས་མཚན་གསོལ་ཏོ། །”ཞེས་གསལ་བ་ལྟར་རོ། །
མིའི་རིགས་ཀྱི་ཐོག་མའི་མི་གཤིས་ཀུན་སྤྱོད་དང་མི་ཆོས་ཀྱི་རྣམ་གཞག །རང་བྱུང་གི་སྒྲིག་གཞི་སྒྲིག་སྲོལ་བཅས་ལ་བཅས་བཅོས་དང་དབྲི་སྣོན་བགྱིས་ཏེ་རིམ་གྱིས“སྤྱི་ཚོགས་ཀྱི་ཁྲིམས་ལུགས”གསར་དུ་གཏོད་མཁན་ཞིང་པ་ཡིན་ལ། ཤེས་དཔལ་དང་ཀླ་ཀློའི་ཚད་འཇལ་བྱེད་ཀྱི་ཐིག་ཤིང་གཙོ་བོའང་ཡི་གེ་ཡིན་ཞིང་། ཡི་གེ་གསར་དུ་གཏོད་མཁན་ཕལ་ཆེར་ཞིང་པ་ཡིན། དེས་ན་ཡར་ཀླུང་ཁོག་གི“བོད་པ”རྣམས་ཀྱིས་དབུས་གཙང་ཁམས་གསུམ་གྱི་ཡུལ་གྲུ་རྣམས་གཅིག་ཏུ་བསྡུས་ཏེ་ཁྲིམས་ཀྱིས་བསྐྱངས་པས། ཁ་བ་ཅན་གྱི་ལྗོངས་ན་འཚོ་བའི་རིགས་ཅན་ཐུན་མོང་ལའང“བོད་པ”ཞེས་པའི་མིང་ཐོགས་སོ། །
གྲོང་པའམ་ཞིང་པ་རྣམས་ཀྱི་གཤིས་རྒྱུད་ནི། ཐང་ཞིང་གི་རོལ་ལྟར་འཕྲེད་གཞུང་གི་ཚགས་དམ་པ་དང་། ཁང་ཁྱིམ་གྱི་བཀོད་པ་བཞིན་གོང་འོག་གི་སྒྲིག་གཞི་གསལ་བ། མི་དང་མིའི་འབྲེལ་བ་ཡང་། ཞིང་ཁ་དང་ཞིང་ཁའི་མུ་ཚིགས་ལྟར་རམ། ཁང་པ་དང་ཁང་པའི་གྲལ་སྣེ་བཞིན་གཅིག་ཏུ་འདྲེས་ཀྱང་སོ་སོར་ངེས་པ་ལྟར་ཡིན་གཤིས། གྲོང་རྟགས་ནི། མཛའ་ཞིང་གཅུགས་པ། ཞིབ་ཅིང་ཕྲ་བ། ངོ་འཛིན་དང་སྨྲ་ལྕེ་མཁས་པ། དཀའ་བ་ལ་མི་སྐྱོ་བ། བྱ་བ་ལ་འགྲུས་པ། ཐབས་ལ་མཁས་པ། དཔྱོད་ཤེས་ཀྱི་རིག་པ་རྣོ་བ། དད་པ་ཞན་ལ་གཏོང་ཕོད་ཆུང་བ། སྐད་འཕངས་དམའ་ལ་ཚིག་ཁ་མྱུར་བའི་མི་གཞི་མི་གཤིས་ལྡན་པ་ཞིག་ཡིན་ནམ་སྙམ་ལ། གྲོང་རྟགས་ཅན་གྱི་མི་རྣམས་སྡུར་དཔྱོད་དང་དབྱེ་འབྱེད། གཏན་ཚིགས་དང་རྣམ་གཞག་སོགས་རིག་པའི་གཞུང་ལུགས་ཀྱི་ལས་ལ་ཞུགས་ན་ཕྱོད་ཆེ་བར་མངོན།
གསུམ། འབོད་པའི་སྒྲ།
“གྲོང”དང“གྲོང་ཁྱེར” “ཁྱིམ”སོགས་ཀྱི་སྡེ་ཚན་གྱི་རྣམ་གཞག་ལ་ཆུང་རིམ་ནས་ཕྱེ་ན། ཁྱིམ།–གྲོང་།–གྲོང་རྡལ།–གྲོང་ཁྱེར།–ལྗོངས་བཅས་ཡིན་པར་སྣང་། དེས་ན“ཁྱིམ”ནི་སྡེ་ཚན་གྱི་ཆུང་མཐའ་ཡིན་ལ་ཐོག་མའང་ཡིན་པས། གྲོང་དང་གྲོང་ཁྱེར་བརྟག་ལ་ཁྱིམ་ནི་གཡོལ་དུ་མེད་པའི་དཔྱད་བྱ་དང་པོའོ། །དེང་སང་ཡོངས་ཁྱབ་ལ། ཡུལ་དུས་ངེས་ཅན་ཞིག་ཏུ་མིའི་རིགས་ཕན་ཚུན་རྟེན་ཅིང་འབྲེལ་བའི་ཚུལ་དུ་གནས་པའི་སྡེ་ཚན་ལ། “སྤྱི་ཚོགས”ཞེས་བརྗོད་པར་སྣང་། སྤྱི་ཚོགས་ཞེས་པའི་བརྡ་ཆད་ནི་ཕྲན་གྱི་མཐོང་ཆོས་སུ་གྱུར་པའི་བོད་ཡིག་ཡིག་ཆ་སྔ་ཤོས་ནི། དུས་རབས་བཅུ་བཞིའི་སྐབས་ཙམ་དུ་མཛད་པའི«བཀའ་ཐང་སྡེ་ལྔ»ཡིན་སྙམ། དེ་ལས། “བཀའ་ལ་ཀློག་འདོན་ཁྲིམས་ཀྱི་སྤྱི་ཚོགས་བྱས”ཞེས་གསལ། སྐབས་སུ་བབ་པའི“སྤྱི་ཚོགས”ཞེས་པའང་གཅིག་ཏུ་འདུས་པ་ལ་གོ་དགོས་ཤིང་། འདིར་ཁྲིམས་དང་སྦྱར་བས་དེང་གི་བརྡ་དོན་དང་འཇུག་པ་ཉེ་བར་སྣང་། དེང་གི་སྤྱི་ཚོགས་རིག་པ་དང་སྐད་བརྡ་རིག་པ་སོགས་རིག་ཚན་གསར་མ་རྣམས་ཀྱིས་སྤྱི་ཚོགས་དང་སྐད་བརྡ་སོགས་ཀྱི་འབྱུང་རྩ་ནི“ཐུན་མོང་གི་ངལ་རྩོལ”ཡིན་པར་འདོད། ཐུན་མོང་གི་ངལ་རྩོལ་ཡང་གོང་དུ་སོང་བ་ལྟར་སྤྱི་ཚོགས་ཀྱི་སྡེ་ཚན་ཆུང་ཤོས་ཏེ། “ཁྱིམ”ནས་དབུ་བརྩམ་དགོས་པ་ཤིན་ཏུ་གསལ། ཁྱིམ་དུ་གནས་པའི་ཕ་མ་བུ་སྲིང་སོགས་ཀྱི་འབོད་པའི་ཐ་སྙད་ནི། གདོད་མའི་སྤྱི་ཚོགས་ཀྱི་རྣམ་པ་གསལ་བྱེད་དང་། གཉེན་ཚན་ལམ་ལུགས་རྟོག་བྱེད་ཀྱི་རྒྱུ་ཆ་གལ་ཆེན་ཡིན་པ་མིའི་རིགས་རིག་པའི་མཁས་དབང་རྣམས་ཀྱི་ཐུན་མོང་གི་ལྟ་དགོངས་ཤིག་ཏུ་གྲུབ་ཡོད། མིའི་རིགས་ཀྱི་སྐད་བརྡ་ཐོག་མ“ཨ”ཡིན་པ་གནའ་བོའི་རྒྱ་གར་གྱི་ཤེས་རིག་ལྟེ་བར་བྱས་པའི་འཛམ་གླིང་ཤེས་རིག་ཐུན་མོང་ལ་མངའ་བ་ཡིན། རྒྱ་གར་ཤེས་རིག་གི་བག་ཆགས་མཐུག་པའི་བོད་སྐད་དུའང་། “ཨ་ནི་ཡི་གེ་ཀུན་གྱི་མཆོག” གམ “ཨ་ནི་ཡི་གེ་ཀུན་གྱི་མ”ཞེས་བརྗོད། སྐབས་སུ་བབ་པའི་ཡི་གེ་ནི། ཚོགས་གསུམ་སྐབས་ཀྱི་ཡི་གེའི་ཚོགས་ཏེ། སྐད་སྒྲའམ་སྒྲ་རྒྱུ་ལ་གོ་དགོས་པ་གང་ཞིག དེ་ཉིད་ཟིན་པའི་སྒྲ་ཡིན་གཤིས། དེ་ལ་སྤྱི་ཚོགས་རང་བཞིན་ངེས་པར་ལྡན་ཡོད། དེ་ཡང་སྤྱི་ཚོགས་དང་སྐད་བརྡའི་འབྱུང་ཁུངས་ཐོག་མ་སྟེ།ཐུན་མོང་གི་ངལ་རྩོལ་བྱ་སའི་གནས་གཞི་བོད་ཀྱི“ཁྱིམ”དུ་གནས་པའི་གཉེན་ཚན་གྱི་འབོད་པའི་ཐ་སྙད་རྣམས་ལ་སྦྱར་ན་ཤིན་ཏུ་འཕྲོད་པར་སྣང་སྟེ། བོད་སྐད་དུ། གཉེན་ཚན་ཕོ་མོ་རྒན་གཞོན་ལ་ཨ་མྱེ། ཨ་ཕྱི། ཨ་ཕ། ཨ་མ། ཨ་ཁུ། ཨ་ནེ། ཨ་ཞང་། ཨ་སྲུ། ཨ་ཇོ། ཨ་ཆེ། ཨ་བུ། ཨ་ཅེ་ཞེས་བརྗོད་པས་སོ། །གཞི་ལ་བསམས་ན། རིགས་གཞན་གྱི་སྐད་དུའང་མིང་མཐའི“ཨ”ལྟེ་བར་བྱས་པའི་གཉེན་ཚན་གྱི་འབོད་མིང་ཡང་ཡོད་པར་སྣང་ལ། ཁྱད་པར་དུ་སྐད་བརྡའི་གཤིས་ལ་བརྟགས་ཀྱང་། “ཨ”ནི་དབྱངས་གསལ་གཉིས་ཀྱི་གཞི་མ་མིའི་རིགས་ཀྱི་སྐད་བརྡའི་རྩ་བ་རུ་གྲུབ་ཡོད་པ་ནི། མིའི་རིགས་ཀྱི་རིག་གནས་ལ་སྣ་མང་གི་རང་བཞིན་དང་གཅིག་གྱུར་གྱི་རང་བཞིན་བདོག་པའི་ཆོས་ཅན་གྱིས་ལན་ནམ་སྙམ། ཡང་གཞུང་འགའ་ཞིག་ཏུ། མིའི་རིགས་ཀྱི་སྐད་བརྡའི་གྲུབ་ཚུལ་དང་ཆོས་ཉིད་བརྟག་ལ། བྱིས་པ་མནོ་མེད་རྣམས་ཀྱིས་སྐད་ཆ་སློབ་ཚུལ་ནི་ཞིབ་འཇུག་གི་རྒྱུ་ཆ་གལ་ཆེན་ཞིག་ཏུ་འདོད་ཀྱིན་ཡོད་པ་མ་ཟད། བྱིས་པ་ཞིག་གིས་སྐད་ཆ་གསར་དུ་སློབ་པའི་རྒྱུད་རིམ་ནི། མིའི་རིགས་ཀྱི་སྐད་བརྡའི་འཕེལ་འགྱུར་གྱི་རྒྱུད་རིམ་ཡང་དག་ཡིན་པར་འདོད། དེས་ན། བོད་སྐད་དུ་ཡོད་པའི“བྱིས་སྐད”འགའ་ཞིག་གིས་སླར་ཡང“ཨ་ནི་ཡི་གེ་ཀུན་གྱི་མ”ཡིན་པར་སྒྲུབ་ནུས་ཏེ། དཔེར་བརྗོད་ན། བར་ཁམས་སོགས་ཀྱི་སྐད་གཤིས་ལས་གྲང་མོ་ལ་བྱིས་སྐད་དུ་ཨ་ཆུ་ཞེས་བྱ་བ་དང་། ཚ་མོ་ལ་ཨ་ཚ་དང་། གྱོན་པ་ལ་ཨ་སྒེ་དང་། བལྡད་ནས་བྱིན་རྒྱུའི་ཟས་ལ་ཨ་ལྡད། གོམ་སྟབས་སློབ་པ་ལ་ཨ་ཐེར། མཛེས་པ་ལ་ཨ་ཡག །སྐྱག་གཅིན་ལ་ཨ་ཁིས་ལྟ་བུ་མང་ངོ་། །མདོ་རྩ། “བོད་ཁྱིམ”ནི། གདོད་ནས་གཉེན་ཚན་གྱི་སྒྲིག་གཞི་ཚགས་དམ་ཞིང་གཅིག་ཕན་གཅིག་གྲོགས་ཀྱི་མཛའ་བརྩེ་ཤིན་ཏུ་ཟབ་པའི་རྟགས་སུ། འབོད་པའི་ཐ་སྙད་ཀྱི་མགོར“ཨ”ཞེས་པའི་གཅེས་མིང་ཐུན་མོང་དུ་སྤྱོད་པའི་ཚུལ་གྱིས་ཤེས་ནུས་སོ། །
བཞི། ཡི་གེ་བ།
ཁྱིམ་མང་པོ་འདུས་པ་ལས་གྲོང་བྱུང་ཞིང་། གྲོང་མང་པོ་འདུས་པ་ལས་གྲོང་རྡལ་བྱུང་ལ། གྲོང་རྡལ་མང་པོ་འདུས་པ་ལས་གྲོང་ཁྱེར་བྱུང་ངོ་། །གྲོང་ཁྱེར་ནི་རིག་པའི་གནས་བཅོ་བརྒྱད་དང་ལྡན་པ་ཡིན་ཞེས་བསྙད་པས། གྲོང་ཁྱེར་ནི་ཡུལ་དབུས་དང་། གྲོང་རྡལ་ནི་དབུས་ཕྱེད་དང་། གྲོང་ནི་མཐའ་འཁོབ་ལྟ་བུར་གྱུར་ཡོད། དེས་ན་གྲོང་ཁྱེར་པ་རྣམས་ཀྱིས“གྲོང་གསེབ་པ”ཞེས་ཅི་ཡང་མི་ཤེས་པའི་མི་ལ་བརྙས་གཏམ་དུ་རྗོད་ཀྱིན་ཡོད་ནའང་། གྲོང་ཁྱེར་ནི་ཆ་མེད་རྒྱུས་མེད་ཀྱི་མི་མང་པོ་ལྷན་དུ་ཚོགས་པ་ཡིན་གཤིས། ཕྱི་འདྲིས་པར་སླ་ཡང་ནང་འདྲིས་པར་དཀའ་བའི་སྤྱི་ཚོགས་ཀྱི་སྡེ་ཚན་ཞིག་ཡིན་ལ། གྲོང་གསེབ་ནི་གཉེན་ལ་གཉེན་བརྒྱུད་ཀྱི་མི་རྣམས་གཅིག་ཏུ་འདུས་པ་ཡིན་གཤིས། ཕྱི་འདྲིས་ནང་འདྲིས་སླ་བའི་སྤྱི་ཚོགས་ཀྱི་སྡེ་ཚན་ཞིག་ཡིན་པར་འདོད། །“གྲོང”དང“གྲོང་ཁྱེར”གྱི་ཐོག་མའི་རྣམ་གཞག་གོང་དུ་སོང་བ་དེ་ལྟར་ལགས་ཀྱང་། དེང་གི་འཛམ་གླིང་ཡུལ་གྲུ་སོ་སོའི་གྲོང་དང་གྲོང་ཁྱེར་གྱི་གནས་བབ་ལ་གཞིགས་ན། བོད་ཀྱི་གྲོང་ཁྱེར་ལྷ་ས་དང་བཅས་པའི་ཡུལ་ལུང་ཐམས་ཅད“གྲོང་གསེབ”ཀྱི་ཚུགས་ཀ་མ་ཉམས་པར་གནས་ཡོད་པ་ཡིན། ཁྱད་པར་དུ་ད་ལྟའི་བོད་ཀྱི“གྲོང་ཁྱེར་པ”རྒན་དར་ཕལ་ཆེར་གྲོང་གསེབ་ཀྱི་བྱིས་དུས་བརྒྱུད་མྱོང་བ་ཤ་སྟག་ལགས་པས། གྲོང་གསེབ་ཀྱི་རིག་གནས་བག་ཆགས་རང་གི་སྒེར་གཤིས་ཁྲོད་དུ་ཆུ་ལ་ཆུ་བཞག་ལྟར་གནས་ཡོད་པས། “གྲོང་གསེབ་ཀྱི་གཤིས་རྒྱུད”འདོར་དུ་མེད་ནའང་། མཐའ་ལ་གནས་པའི་གྲོང་གསེབ་པ་རྣམས་ལ་བལྟོས་ན། ཁོང་ཚོའང“ཕྱེད་དབུས་འགྱུར”(半中心)དུ་འཚོ་བ་ཡིན་གཤིས། གྲོང་ཁྱེར་པའི་རྣམ་འགྱུར་བསྟན་རྒྱུའང་གཤིས་སུ་གྲུབ་ཡོད་ལ། “གྲོང་ཁྱེར་ནི་རིག་པའི་གནས་བཅོ་བརྒྱད་དང་ལྡན་པ་ལ་བྱ”ཞེས་བཤད་པ་ལྟར། གྲོང་ཁྱེར་པ་ལའང་ཕྱི་དངོས་པོའི་རིག་གནས་དང་། བར་ལམ་ལུགས་ཀྱི་རིག་གནས། ནང་བསམ་པའི་རིག་གནས་སོགས་ཕྱོགས་གང་ནས་གཞིགས་ཀྱང་སྣ་མང་ཕུན་ཚོགས་ཀྱི་ཁྱད་ཆོས་ལྡན་ཡོད་གཤིས། གྲོང་གསེབ་ཀྱི་གཏམ་དང་སྐད་ཆར“གྲོང་ཚིག”དང“གྲོང་སྐད” “ཡུལ་སྐད” “ཕྲལ་སྐད”སོགས་ཀྱིས་སྤྱོས་ཏེ་ཁུངས་མེད་པའི་གྲས་སུ་འཇོག་པ་ཡིན། གྲོང་གསེབ་པ་རྣམས་གྲོང་ཁྱེར་པ་ལ་བལྟོས་ན། གྲོང་ཁྱེར་གྱི་འཚོ་ཐབས་དང་འབྲེལ་བའི་ཤེས་བྱ་ལ་མིག་ཅུང་ཟད་ལྡོངས་ཀྱང་། གྲོང་གསེབ་ལ་གྲོང་གསེབ་ཀྱི་འཚོ་བའི་རིག་གནས་ཡོད་པ་སུས་ཀྱང་བསྙོན་དུ་མེད་ལ། རང་རང་གི་གནས་སྐབས་མི་འདྲ་བའི་དབང་གིས་བསླབ་བྱའི་ཤེས་བྱའང་ཐ་དད་དུ་གྱུར་པ་ཙམ་ལས། རིག་སྟོབས་ཀྱི་ཐོག་ནས་ལེགས་ཉེས་དབྱེ་རྒྱུ་མེད།
གྲོང་ཁྱེར་ནི་རིག་པའི་གནས་བཅོ་བརྒྱད་ལྡན་པའམ་གོང་དུ་སོང་བའི་ལུང་ཚིག་ཏུ། “གྲོང་ཁྱེར”དང“རྒྱལ་པོའི་ཁབ”གཉིས་དོན་གྱི་འཇུག་པ་མཚུངས་པའི་སྐབས་ཀྱང་མཆིས་ལ། རྒྱལ་པོའི་ཁབ་ནི་རྒྱལ་ཁབ་སྟེ། རྒྱལ་པོའི་ཕོ་བྲང་ཞེས་བྱ་བའི་ཐ་ཚིག་གོ་ཞེས་མདོ་རྒྱུད་དགོངས་འགྲེལ་རྣམས་སུ་གསུངས་ཤིང་།(བསྟན་འགྱུར་མདོ་འགྲེལ) “གྲོང་ཁྱེར”ཞེས་པའང་རྒྱལ་པོའི་ཕོ་བྲང་ལ་འཇུག་ཚུལ་གཉའ་ཁྲི་བཙན་པོའི་རྟོགས་བརྗོད་སོགས་སུ་གསལ་བ་གོང་དུ་དྲངས་པ་ལྟར་ལགས་ན། “གྲོང་ཚིག”དང“གྲོང་སྐད” “ཡུལ་སྐད” “ཕྲལ་སྐད”སོགས་ནི་རྒྱལ་པོའི་ཁབ་ཀྱི་ཕྱི་རོལ་དུ་འཚོ་བ། རིག་པའི་གནས་མ་དར་བའི་མི་རྣམས་ཀྱིས་བརྗོད་པ། བསྟན་བཅོས་ཀྱི་སྐད་དུ་མི་གྲགས་པའི་གཏམ་ལ་གོ་དགོས་པ་ཡིན། དེ་ཡང་རིག་པའི་གནས་ཞེས་པ་སྤྱིར་བཏང་གི་ཤེས་བྱ་ཙམ་པོ་བ་ལ་མི་གོ་བར་གཙུག་ལག་རྣམ་གཉིས་ལྟ་བུ་སྟེ། རིག་གནས་ཆེ་ཆུང་ལྔ་སོགས་ལ་འཇུག་ཅིང་། རིག་གནས་དར་དང་མ་དར་གྱི་ཚད་ཀྱང“ཡི་གེས”རྣམ་པར་འབྱེད་པ་གོང་དུ་སོང་བ་ལྟར་ལགས་ན། ཡི་གེ་ནི་ཐོག་མར་གྲོང་ཁྱེར་རམ་རྒྱལ་པོའི་ཁབ་ཏུ་སྤྱོད་པའི་རིག་གནས་ཀྱི་བརྡ་རྟགས་ཤིག་ཡིན་པ་ཤུགས་ཀྱིས་གོ་ནུས་ལ། བོད་ཀྱི་ལོ་རྒྱུས་ལ་སྦྱར་ཀྱང་དེ་བཞིན་དུ་སྣང་སྟེ། ཇི་སྐད་དུ། «བཀའ་ཆེམས་ཀ་ཁོལ་མ»ལས། “དེ་ནས་རྒྱལ་པོས་ཡི་གེ་བསླབས་ནས་ལོ་བཞིར་ཕྱིར་མ་བྱོན”ཞེས་གསུངས་པ་ལྟར་བོད་ཀྱི་ཡི་གེ་འདི་ཡང་ཐོག་མར་རྒྱལ་པོའི་ཕོ་བྲང་ནང་དུ་སྤྱད་མྱོང་བ་ཤིན་ཏུ་གསལ། དེང་གི་ཆ་ལ་གཞིགས་ཀྱང་། “ཡི་གེ”ནི་གྲོང་ཁྱེར་པའི་ཆེད་སྤྱོད་ཀྱི་བརྡ་རྟགས་ཤིག་གམ་གྲོང་ཁྱེར་གྱི་མཚོན་རྟགས་གལ་ཆེན་ཞིག་ཏུ་གྱུར་ཡོད་ཅིང་། ཡི་གེ་དར་བ་ནས་བཟུང་། མི་དང་མིའི་དབར་རམ། གྲོང་ཁྱེར་དང་གྲོང་གསེབ་དབར་འདྲ་མཉམ་མ་ཡིན་པའི་གནས་བབ་སྔར་བས་ཇེ་ངན་ཇེ་ལད་དུ་ཕྱིན་ཡོད་དེ། སྤྱི་ཚོགས་ཐོག་གི་ཐོབ་ཐང་དང་། དམངས་གཙོ། རང་དབང་། འདྲ་མཉམ། དྲང་བདེན། ཁྲིམས་ལུགས་སོགས་ནི་གྲོང་ཁྱེར་པས་རྩེ་བའི་ཡི་གེའི་རོལ་རྩེད་ལྟ་བུ་ཞིག་ཏུ་གྱུར་ཡོད་ལ། བཀའ་དང་བསྟན་བཅོས་སམ་མདོ་དང་སྔགས་སམ། རིག་གནས་ཆེ་ཆུང་ལྔ་སོགས་ནི་གོང་ན་འཕགས་པའི་སྐྱེས་བུ་རྣམས་ཀྱི་བསླབ་བྱ་སྟེ། “རྟོགས་དཀའ་བ་པཎྚི་ཏའི་ལུགས་ཀྱི་བསྟན་བཅོས”སུ་སོང་གཤིས། དངོས་པོའི་གནས་ལུགས་སམ། འཇིག་རྟེན་གྱི་ཆོས་ཉིད་དམ། འཇིག་རྟེན་ལས་འདས་པའི་ཟབ་མོའི་དེ་ཉིད་སོགས་ཀྱང“མཁས་པ”རྣམས་ཀྱིས་དགག་བཞག་སྤང་གསུམ་མཛད་དེ་ཉམས་སུ་བླང་རྒྱུ་ཙམ་ལས“གྲོང་གསེབ་པ”རྣམས་དང་འབྲེལ་མེད་དོན་གཞན་དུ་གྱུར་ཡོད། མདོར་ན། གྲོང་གསེབ་པ་རྣམས“ལྷན་སྐྱེས”ཀྱི་སྒྲིག་གཞི་སྒྲིག་སྲོལ་དང་མི་གཤིས་ཀུན་སྤྱོད་ལ་གོམས་ཡོད་པ་ཙམ་ལས། ལུགས་གཉིས་ཀྱི་ཡི་གེའི་རོལ་རྩེད་གསེབ་ཏུ་ལོང་བ་ཐང་དཀྱིལ་དུ་ལུས་པའམ་བྱིས་པ་གསར་དུ་འཇིག་རྟེན་གྱི་ལྟད་མོར་ལྷགས་པ་ལྟར་བལྟ་བའི་ཕྱོགས་མི་ཤེས། དཔྱོད་པའི་བློ་མིག་ལྡོངས་སོ། །དེ་སྐད་ཁ་ཆེ་ཕ་ལུའི་བསླབ་བྱ་ལས། ཡིག་ཡོད་མིག་ཡོད་མཁས་པ་སྤྲུལ་པའི་རྒྱུད། །ཡིག་མེད་མིག་མེད་ལོང་བ་ལྐུགས་པའི་རྒྱུད། །ཅེས་ཀྱང་བྱའོ། །
ཡང་ན། གྲོང་གསེབ་ཀྱི་སྤྱི་ཚོགས་ནི་གོམས་འདྲིས་སུ་གྱུར་པའི་སྤྱི་ཚོགས་ཤིག་ཡིན་ལ། གྲོང་ཁྱེར་པའི་སྤྱི་ཚོགས་ནི་ཆ་མེད་རྒྱུས་མེད་ཀྱིས་གྲུབ་པའི་སྤྱི་ཚོགས་ཤིག་ཡིན་ཚུལ་སྤྱི་ཚོགས་རིག་པ་མཁས་ཅན་ཧྥེ་ཞའོ་ཐུང(费孝通,1910-2005)ལགས་ཀྱིས་གསུངས། བོད་ཀྱི་སྤྱི་ཚོགས་གནས་སྟངས་ལ་གཞིགས་ནའང་དེ་དེ་བཞིན་དུ་སྣང་སྟེ། གྲོང་གསེབ་པའི་ཁ་དཔེར། “གྲོང་པའི་བ་ཤི་ཡང་མྱ་ངན་ཞག་གསུམ་འཁུར་དགོས”ཞེས་མི་ཤི་ན་མྱ་ངན་ཞུ་རྒྱུ་ལྟ་ཅི་སྨོས། ཕྱུགས་ཤིག་ཤི་ཡང་ཐུན་མོང་ཐོག་མྱ་ངན་ཞུ་དགོས་པའི་དཔེ་འདི་ཙམ་གྱིས་གྲོང་གསེབ་པ་རྣམས་ཕན་ཚུན་མཛའ་ཞིང་མཐུན་པའི་འཚོ་བ་ལོངས་སུ་སྤྱོད་མྱོང་བ་རྗེས་སུ་དཔོག་ནུས་ལ། ཁ་དཔེ་གཞན་དུ། “ཐག་རིང་གི་གཉེན་ལས་གྲོང་པའི་དགྲ་དགའ”ཟེར་བས། གྲོང་གསེབ་ནི་གཅིག་ལ་གཅིག་རྟེན་གྱིས་གྲུབ་པའི་ཆ་ཡོད་རྒྱུས་ཡོད་ཀྱི་སྒྲིག་འཛུགས་ཆུང་ཆུང་ཞིག་ཡིན་ནོ། །གྲོང་ཁྱེར་པ་རྣམས་ལ་བལྟོས་ན། གྲོང་གསེབ་པ་ནི་མི་ལ་ངོ་ལྐོག་མེད་པ། གཏམ་ལ་བཅས་བཅོས་མེད་པ། སྒྲིག་ལ་བསྲུང་བརྩི་མེད་པ། ཟས་སྤྱོད་ལ་གཙང་བཙོག་ཆེར་མེད་པ་ལྟ་བུ་ཞིག་ཡིན་མོད། ཁོང་ཚོ་ལ་ཁོང་ཚོའི་རིན་ཐང་ལྟ་བ་ཡོད་མཁན་གྱི“མཐོ་རིམ་སྲོག་ཆགས”ཤིག་ཡིན་པ་སུས་ཀྱང་བསྙོན་དུ་མེད་དེ། “གྲོང་ཁྱེར་པས”གཏན་ལ་ཕབ་པའི“ཁྲིམས་ལུགས”ཁོང་ཚོར་མེད་ནའང་། ཁོང་ཚོ་ལ་ཁོང་ཚོའི་ལུགས་སྲོལ་ཡོད་པ་ཡིན། “གྲོང་ཁྱེར་པས”རྣམ་དབྱེ་ཕྱེ་བའི“བསླབ་བྱ”ཁོང་ཚོར་མེད་ནའང་། ཁོང་ཚོ་ལ་ཁོང་ཚོའི་བླང་དོར་འབྱེད་བྱེད་ཀྱི་ནོར་བུ་ཀེ་ཏ་ཀ་ཡོད། གྲོང་ཁྱེར་པས་རྣམ་པར་བཞག་པའི“དགེ་སྡིག”ཁོང་ཚོ་ལ་མེད་ཀྱང་། ཁོང་ཚོ་ལ་ཁོང་ཚོའི་ལས་འབྲས་གསལ་བྱེད་ཀྱི་མེ་ལོང་ཡོད་པ་ཡིན་ནོ། །
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
-
ཞིབ་འཇུག་གསར་བས་མདོ་དབུས་མཐོ་སྒང་གི་གནའ་བོའི་ཏན་ཉི་སོ་བ་མིའི་འཚོ་གནས་བྱེད་སྟངས་གསལ་སྟོན་བྱས།
-
ཏུའུ་ལན་གྱི་ཆུ་ཁོལ་བང་སོའི་ཚོམ་གྱིས་དར་གོས་ཚོང་ལམ་གྱི་ཤར་ནུབ་རིག་གནས་བརྗེ་རེས་ཀྱི་རྣམ་པ་བསྐྱར་མངོན་བྱས་པ།
-
བོད་ཀྱི་རྩོམ་རིག་ཞིབ་འཇུག་དེབ་ལྔ་པའི་རྩོམ་བརྡ།
-
འདབ་པའི་ཕན་རོགས་གནའ་ཤུལ་ལ་ལོ13000ཡན་གྱི་ལོ་རྒྱུས་ལྡན་པ་ར་འཕྲོད་བྱུང་།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།