དབུ་ལ་ལྕགས་ཀྱི་སྡེར་མོ་ཟུག་པའི་ས་འཛིན་ཏེ་ལྕགས་པོ་རི།

རྩོམ་པ་པོ།:ཤེས་རབ་བསྟན་དར། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2018-11-14 10:09:00 ཀློག་གྲངས།:

དབུ་ལ་ལྕགས་ཀྱི་སྡེར་མོ་ཟུག་པའི་ས་འཛིན།
----ལྕགས་པོ་རི།

     ཕོ་བྲང་པོ་ཏ་ལའི་ནུབ་ངོས་སུ་ལྕགས་པོ་རི་དང་ཕོ་བྲང་གཉིས་ཀྱི་བར་བྲག་སྒོ་ཀཀྞི་མཆོད་རྟེན་གསུམ་འབྲེལ་ནས་ཡོད། དེ་དང་འབྲེལ་བའི་ཕོ་བྲང་པོ་ཏ་ལའི་དམར་བོ་རི་དང་། ལྕགས་པོ་རི། བོང་བ་རི་བཅས་གསུམ་ནི་རིགས་གསུམ་མགོན་པོའི་བླ་རི་དང་། དེའི་དབྱིབས་ནི་ཕོ་བྲང་པོ་ཏ་ལ་གླང་ཆེན་བྲེས་ལ་བཏགས་པ་འདྲ་བ། ལྕགས་པོ་རི་ནི་སེང་གེ་གནམ་ལ་མཆོངས་པ་འདྲ་བ། བོང་བ་རི་ནི་སྟག་མོ་ཚང་ལ་འཛུལ་བ་ལྟ་བུ་ཡོད་ཅེས་བཤད་སྲོལ་ཡོད། ལྕགས་པོ་རི་དེ་ཕྱག་ན་རྡོ་རྗེའི་བླ་རི་དམར་ལྕགས་བོང་གསུམ་གྱི་ཡ་གྱལ་ཡིན།དེའི་དབྱིབས་ནི་སེང་གེ་གནམ་ལ་མཆོངས་པ་བཞིན་ཡོད་པ་དང་། རི་དེར་གསེར་དང་ལྕགས་ཀྱི་གཏེར་ཁ་ཡོད་པར་བཤད།
     ལྕགས་པོ་རིའི་ཤར་ངོས་སུ་བྲག་ལྷ་ཀླུ་སྒུག་ཡོད། གནས་དེའི་བྲག་ཕུག་གཅིག་ཏུ་བྲག་ལྷ་མགོན་པོ་ཡོད་པས་བྲག་ལྷ་དང་ཀླུ་སྒུག་ཅེས་པ་སྒྲ་འགྱུར་ནས་ཀླུ་སྦུག་ཏུ་གྱུར་ཟེར། དེ་ཡང་མ་འོངས་པ་ན་བྲག་ལྷ་ཀླུ་སྒུག་གི་བྲག་ལྡེབས་སུ་བཞུགས་ཡོད་པའི་ཇོ་བོ་ཤཱཀྱ་མུ་ནེ་དེ་སྐུ་གཟུགས་ཆ་ཚང་མངོན་སྐབས་ལྷ་ས་ཆུས་འཇིག་ངེས་ཡིན། ད་ལྟ་བྲག་ལྷ་ཀླུ་སྒུག་ཏུ་ཀླུའི་གཟུགས་བརྙན་ཕྱག་གཡས་པ་མགོ་བོ་སྦར་མོས་བཀབ་ནས་གཙུག་ལག་ཁང་ལ་ཞལ་ཕྱོགས་ནས་ཡོད་པས། ཇོ་བོ་ཤཱཀྱ་མུ་ནེ་ཀླུ་ཡུལ་དུ་གདན་འདྲེན་ཞུ་རྒྱུར་བྱ་ར་བྱས་ནས་སྒུག་ནས་བཞུགས་ཡོད་པར་གྲགས།
     དེ་ཡང་ཐོག་མར་དུས་རབས་བདུན་པའི་ནང་རྒྱལ་བོ་སྲོང་བཙན་སྒམ་པོའི་རིགས་མཐུན་གྱི་བཙུན་མོ་གསུམ་གྱི་ཡ་གྱལ། མི་ཉག་རྒྱལ་བོའི་སྲས་མོ་རུ་ཡོང་བཟའ་རྒྱལ་མོ་བཙུན་གྱིས་བྲག་ལྷ་མགོན་པོའི་ལྷ་ཁང་བཞེངས། བྲག་ལྷ་ཀླུ་སྒུག་གི་སྐུ་རང་བྱོན་རྣམས་གསལ་བར་བརྐོས་ཏེ། བྲག་ཕྱེ་བྲེ་རེ་བརྐོས་པ་ལ་བརྔན་པ་ཚྭ་བྲེ་རེ་སྦྱིན་ནས་བྲག་ལ་སྐོར་ཁང་བརྐོས།
     འདིའི་བྲག་ཁུང་ཐམས་ཅད་ནག་པོ་འབའ་ཞིག་སྟེ་སུ་ཞིག་གིས་ཚོན་ནག་པོ་བསྐུས་པ་འདྲ། ཡིན་ནའང་རྩད་བཅད་པ་ན་དེ་ནི་རང་བྱུང་ཡིན་ཟེར། དེའི་རྒྱུ་མཚན་མ་ཤེས་མོད། བྲག་ནག་པོ་ནག་ཚ་བསྐུས་པ་འདྲ་བ་མཐོང་བ་ཐེངས་དང་བོ་ཡིན།
     དེའི་ཉེ་འགྲམ་དུ་རྒྱལ་བོ་སྲོང་བཙན་སྒམ་པོས་མོང་བཟའ་ཁྲི་ལྕམ་གྱི་བཞུགས་གནས་སུ་ཕོ་བྲང་བཞེངས་ནས་བྲག་ལྷ་བཀྲ་ཤིས་གཞལ་ཡས་ཁང་ཟེར། གུང་རི་གུང་བཙན་འཁྲུངས་ས་ཡང་གནས་འདི་ཡིན་ཟེར། བྲག་ཕུག་ནང་གི་རྟེན་གཙོ་ནི་ཇོ་བོ་ཤཱཀྱ་མུ་ནེ་སྐུ་འབུར་གཟུགས་སུ་བཞུགས་ཡོད་ལ་མཐའ་སྐོར་དུ་སྐོར་ལམ་ཡོད། སྔར་བྲག་ཕུག་ཡིན་ཞིང་རྗེས་སུ་ལྷ་ཁང་བཞེངས། རྡོ་བརྐོས་སྐུ་བརྙན་མང་བོ་མཇལ་རྒྱུ་ཡོད།
     བྲག་ཕུག་གི་མདོར་ལྷ་ཁང་ཀ་གཉིས་པ་དང་རྟ་མགྲིན་སྒྲུབ་ཕུག མཚམས་ཁང་། རྗེས་སུ་ལྷ་ས་སྨན་རྩིས་ཁང་གི་དབུ་འཛིན་མཁྱེན་རབ་ནོར་བུས་གྲུབ་ཐོབ་ལྷ་ཁང་གསར་བཞེངས། རི་དེའི་རྒྱབ་མདུན་གཉིས་ཀ་ནས་ཆུ་མིག་བདུད་རྩིའི་སྨན་ཆབ་འབབ་ཅིང་། ཆུ་དེ་ནི་ཡན་ལག་བརྒྱད་དང་ལྡན་པས་དེ་སྔ་ནོར་གླིང་དང་རྩེ་ཕོ་བྲང་སོགས་ཀྱི་གསོལ་ཆབ་ཀྱང་དེ་ནས་ལེན།
     ལྕགས་པོ་རི་དང་དམར་བོ་རི་གཉིས་ཀྱི་བར་བྲག་སྒོ་ཀཀྞིའི་མཆོད་རྟེན་གསུམ་འབྲེལ་ནས་ཆགས་ཡོད། དེ་ལྷ་ས་གྲོང་ཁྱེར་གྱི་ནུབ་ཕྱོགས་རྒྱ་སྒོ་ལྟ་བུ་ཤིན་ཏུ་བརྗིད་ཆགས་པ་ཞིག་ཡིན། བྲག་སྒོ་ཀཀྞིའི་ལོ་རྒྱུས་ཡུན་རིང་ལྡན་ཡོད། སྔར་ལྕགས་པོ་རི་དང་དམར་བོ་རི་གཉིས་འབྲེལ་ནས་གླང་བོ་ཆེ་དང་སེང་གེའི་མཇུག་མ་འབྲེལ་ནས་ཆགས་ཡོད་པས། རྒྱ་བཟའ་འུན་ཤིང་ཀོང་ཇོས་བསྣམས་པའི་ས་དཔྱད་དང་རྒྱ་གར་པཎྜིཏ་དུ་ཧར་ནག་པོའི་ས་དཔྱད་གཉིས་ལྟར་ན་རི་སྣ་གཉིས་འབྲེལ་ཡོད་པ་དེ་ཡུལ་དེའི་མི་རྒྱུད་ཤེས་ཡོན་འཛོམས་ཤིང་འཇོན་ཐང་ཆེ་བར་བཤད་ལ་རི་སྣ་ཕན་ཚུན་ཆད་ན་མི་ལེགས་པར་བཤད།
     དུས་རབས་བརྒྱད་པའི་ནང་རྒྱ་བཟའ་ཅིན་ཤིང་ཀོང་ཇོས་རང་གི་བུ་ཁྲི་སྲོང་ལྡེ་བཙན་བཙུན་མོ་ཆེ་བ་སྣ་ནམ་བཟས་འཕྲོག་པའི་ལན་དུ་བོད་ཀྱི་རི་དཔྱད་བཟང་བོ་ཁག་གཅིག་རི་སྣ་བཅད་པའི་ཁོངས་སུ་ཚུད། རྗེས་སུ་འགྱོད་པ་སྐྱེས་ནས་ཉམས་གསོ་བྱེད་ཆེད་དམར་བོ་རི་དང་ལྕགས་པོ་རི་གཉིས་ཀྱི་བར་མཆོད་རྟེན་བཞེངས་པར་གྲགས། མཆོད་རྟེན་དེར་ལོ་རྒྱུས་ཐོག་སྔ་རྗེས་ཉམས་གསོ་ཐེངས་ལྔ་ཙམ་གནང་འདུག
     དུས་རབས་བརྒྱད་པའི་ནང་གཡུ་ཐོག་རྙིང་མ་ཡོན་ཏན་མགོན་པོས་མཛད་པའི་རྒྱུད་བཞིའི་མ་ཕྱི་ནང་གསལ་མིའི་བྱང་ཁོག་ལུས་ཐོག་གི་རྩ་འགྲེལ་ལས་གོང་སྨན་མཁས་དབང་བྲང་ཏི་དཔལ་ལྡན་འཚོ་བྱེད་དང་། བྱང་ཟུར་རྣམ་གཉིས་སོགས་ཀྱིས་མཛད་པའི་དཔེ་རིས། ཐོན་པའི་སྨན་ཐང་རེ་ཟུང་ཡོད་པའི་རྨང་གཞིའི་ཐོག་སྨན་གཞུང་དང་ལག་བསྟར་དངོས་ཟུང་འབྲེལ་གནང་ནས་སྨན་ཐང་ཚོན་ཁྲ་ངོ་གྲངས་དོན་དགུ་དང་བླ་རྒྱུད་ཀྱི་ཐང་ཀ་གཅིག་བཅས་བརྒྱད་ཅུ་ཐམ་པ་གསར་བཞེངས་མཛད།
     1430ལོར་གྲུབ་པའི་དབང་ཕྱུག་ཐང་སྟོང་རྒྱལ་བོ་དགུང་གྲངས་བདུན་ཅུར་ཕེབས་སྐབས་གྲུབ་ཁང་ལྟ་ན་སྡུག་པ་དེ་ཉིད་ཕྱག་བཏབ་ནས་ཡུན་རིང་བར་བཞུགས་པ་མ་ཟད་རི་དེ་ཡི་སྟེང་དུ་ཁ་ནག་གཉན་ཆེན་དམ་ལ་བཏགས།
རྒྱལ་དབང་སྐུ་ཕྲེང་ལྔ་བའི་སྐབས་གསོ་རིག་སློབ་གྲྭ་མང་བོ་བཙུགས་ཏེ། དཔེར་ན་འབྲས་སྤུངས་སུ་དགའ་ལྡན་ཕོ་བྲང་ནུབ་མར་ཉི་ཐང་ཞབས་དྲུང་བློ་བཟང་རྒྱ་མཚོ་དང་། བྱང་ངོས་བསྟན་འཛིན་དར་རྒྱས་ཀྱིས་དོ་དམ་བྱེད་པའི་གསོ་རིག་འགྲོ་ཕན་གླིང་བཙུགས་པ་དང་། དེ་བཞིན་གཞིས་རྩེ་བསམ་གྲུབ་རྩེར་ཚ་རོང་བས་དོ་དམ་བྱེད་པའི་གསོ་རིག་དྲང་སྲོང་འདུས་པའི་གླིང་། རྩེ་ལྷ་དབང་ལྕོག་ཏུ་བྱང་ངོས་པ་དང་དར་མོ་སྨན་རམས་པ་བློ་བཟང་ཆོས་གྲགས་ཀྱིས་དོ་དམ་བྱེད་པའི་གསོ་རིག་སློབ་གྲྭ་བཙུགས་ཡོད་ཀྱང་མཐར་ཡུན་རིང་གནས་མ་ཐུབ།
     རྒྱལ་དབང་སྐུ་ཕྲེང་ལྔ་བ་དགོངས་པ་རྫོགས་རྗེས་བོད་རབ་བྱུང་བཅུ་གཉིས་པའི་མེ་བྱི་སྤྱི་ལོ1696ལོར་སྨན་རྒྱལ་སྡེ་སྲིད་སངས་རྒྱས་རྒྱ་མཚོས་སྨན་པའི་སློབ་གྲྭ་ལྕགས་རི་བཻཌཱུརྱ་ལྟ་ན་ངོ་མཚར་འགྲོ་ཕན་རིག་བྱེད་གླིང་ཞེས་པ་ཕྱག་བཏབ། སློབ་གྲྭའི་སློབ་དཔོན་དུ་སྨན་པ་འབུམ་རམས་པ་བློ་བཟང་ཆོས་གྲགས་དང་འགྲམ་པ་དགེ་སློང་བློ་བཟང་ངག་དབང་གཉིས་བསྐོས། སྡེ་སྲིད་སངས་རྒྱས་རྒྱ་མཚོས་གསོ་རིག་སྐོར་རྒྱུད་བཞིའི་འགྲེལ་བ་བཻཌཱུརྱ་སྔོན་པོ་དང་། མན་ངག་ལྷན་ཐབས། དུས་མིན་འཆི་འགས་གཅོད་པའི་རལ་གྲི། གསོ་རིག་ཁོག་དབུབ་དྲང་སྲོང་དགྱེས་པའི་དགའ་སྟོན། རྩིས་གཞུང་བཻཌཱུརྱ་དཀར་བོ། བཻ་དཀར་གཡའ་སེལ་སོགས་ལྗགས་རྩོམ་མཛད།
     འདི་ལྟར་ལྕགས་པོ་རིའི་ལོ་རྒྱུས་བཤད་ན་འདི་ནི་སངས་རྒྱས་སྨན་བླའི་བླ་རི་ཡིན་ཞེས་བཤད་ན་འགྲིག འོན་ཀྱང་སངས་རྒྱས་གང་ཞིག་གི་བླ་རི་ཡིན་པ་གལ་ཆེ་བ་ཞིག་གཏན་ནས་མིན། བོད་ན་བླ་རི་ཡིན་ཟེར་བ་མང་བོ་ཞིག་ཡོད་ཀྱང་འདི་ལྟ་བུའི་གསོ་བ་རིག་པ་དར་བའི་རི་ཞིག་དཀོན་པས་འདི་ནི་བླ་རི་ཞིག་མིན་ཀྱང་བླ་རི་ཞིག་ལས་གལ་ཆེ་བ་རེད།
     མདོར་ན་སྨན་གྱི་སློབ་གྲྭ་དེ་ནས་ཕུལ་བྱུང་སྨན་རམས་པ་ཆེས་མང་བོ་ཐོན་ནས་བོད་ཀྱི་གསོ་བ་རིག་པ་དེ་སྔར་བས་དར་རྒྱས་ཕུན་སུམ་ཚོགས་སུ་ཕྱིན། དབུས་གཙང་ཙམ་མ་ཟད་མདོ་སྨད་ཁུལ་དང་ཕྱི་སོག་ལ་སོགས་པ་གང་སར་ཁྱབ་ཅིང་ལུས་ཅན་ཕན་བདེའི་གནས་ལ་ཆེས་སྨན་པ་སོགས་དགེ་མཚན་ཤིན་ཏུ་ཆེའོ། །
     1966ལོར་རིག་གནས་གསར་བརྗེའི་སྐབས་བྲག་ལ་འབུར་བརྐོས་ཡིན་པའི་ནང་རྟེན་ཕུད་དེ་ལས་གཞན་པ་མཐའ་དག་རྩ་མེད་དུ་བཏང་། ད་ལྟ་སླར་ཡང་བསྐྱར་བཞེངས་བྱས་འདུག་མོད། སྔོན་གྱི་གསོ་བ་རིག་པའི་སློབ་གྲྭའི་ཤུལ་དེ་ངས་རྙེད་མ་བྱུང་། ཨོ་བརྗེད་འདུག ལྷ་ཁང་དེའི་ཉེ་སའི་བྲག་ལྷ་ནིའུ་ཐང་གི་སྟར་ཁའི་སྡོང་བོ་ཡོད་ས་དེ་རྒྱ་བཟའ་བསུ་བའི་གྲོས་བྱེད་ས་དང་། ལྕགས་པོ་རིའི་རི་གཤམ་གཡོན་ངོས་སུ་པཎ་ཆེན་སྐུ་ཕྲེང་བཅུ་བ་རྗེ་བཙུན་བློ་བཟང་འཕྲིན་ལས་ལྷུན་གྲུབ་ཆོས་ཀྱི་རྒྱལ་མཚན་མཆོག་གི་བཞུགས་གླིང་རྡོ་རྗེ་ཕོ་བྲང་ཡོད།
     ད་ལྟ་ལྕགས་པོ་རིའི་རྩེ་ན་ལྕགས་ཀྱི་རྐང་གསུམ་ཞིག་བསླངས་འདུག ང་ལྕགས་པོ་རིའི་རྩེར་སོང་ནས་ལྷ་ས་གྲོང་ཁྱེར་ལ་བལྟ་འདོད་ཅིང་། སྔོན་བྱོན་གསོ་བ་རིག་པའི་མཁས་པ་དག་གིས་བྲག་ལ་བབས་པའི་ཞབས་རྗེས་ཤིག་འཚོལ་འདོད་མོད། སུ་ཞིག་གིས་ཁྱོད་ལྕགས་པོའི་སྟེང་ལ་འགོ་རུ་འཇུག་མི་སྲིད། དེ་ནི་དམག་གིས་སྲུང་ཡོད་ཟེར།
     ཉི་མ་ནུབ་ལ་ཉེ། ང་ཐང་ཆད་པའི་ངང་པོ་ཏ་ལའི་ཐང་ཆེན་བརྒྱུད་ནས་བར་སྐོར་ཕྱོགས་སུ་འགྲོ་བཞིན་ཡོད། ངའི་སྣང་བ་ཞིག་ལ་ལྕགས་པོ་རིས་ལྕགས་ཀྱི་རྐང་གསུམ་དེ་དབུ་ལ་འཁུར་ནས་དལ་ཅག་ངེར་ང་ལ་གཟིགས་ཡོད་པའི་སྣང་བ་བྱུང་། ལྕགས་ཀྱི་རྐང་གསུམ་དེ་ནི་སུ་ཞིག་གིས་ལྕགས་ཀྱིས་སྡེར་མོས་དབུ་ལ་བཅུམ་པ་འདྲ་བྱུང་།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།