ལྷ་སར་སླེབས་དུས་རྗེ་འབུམ་སྒང་ལ་ངེས་པར་འགྲོ་འདོད།

རྩོམ་པ་པོ།:ཤེས་རབ་བསྟན་དར། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2018-09-26 10:39:00 ཀློག་གྲངས།:
     རྐྱེན་ཅི་ཡིན་གསལ་ཆ་མེད་མོད། ལྷ་སར་སླེབས་དུས་རྗེ་འབུམ་སྒང་ལ་ངེས་པར་འགྲོ་འདོད་ཅིག་སྐྱེས་བྱུང་། རྗེ་འབུམ་སྒང་སློབ་ཆུང་ཟེར་བ་མང་དུ་ཐོས་མོད། གནས་ངོ་མ་འཚོལ་དཀའ། རྗེ་འབུམ་སྒང་གླེང་ཚེ་ངེས་པར་ཨན་བན་གླེང་དགོས་ལ་ཨམ་བན་ཞེས་གླེང་བའི་ཚེ་ན་སླར་ཡང་ལོ་རྒྱུས་ཤིག་གླེང་དགོས་བྱུང་། ཨམ་བན་ནི་མན་ཇུའི་སྐད་དུ་བློན་ཆེན་ཞེས་པའི་དོན་རེད། ཨམ་བན་ཞེས་པ་འདི་ཅིའི་ཕྱིར་བོད་ལ་སླེབས་པ་ཡིན་ནམ། ཨམ་བན་དང་རྗེ་འབུམ་སྒང་གཉིས་ཀྱི་བར་ན་ཡང་སྙིང་འབྲེལ་བ་ག་རེ་ཡོད་དམ། ང་ཚོས་ལོ་རྒྱུས་ལ་ཕྱིར་མིག་ཅིག་བལྟ་བར་བྱ་སྟེ།
     རྒྱལ་བ་བསྐལ་བཟང་རྒྱ་མཚོ་ཁྲི་འཁོད་ནས་སྡེ་སྲིད་ཁང་ཆེན་པཱ་དུར་བསོད་ནམས་རྒྱལ་བོ་ཅན་གྱིས1721ནས1727བར་དུ་སྲིད་བསྐྱངས། ཁོང་མན་ཇུར་བློ་དཀར་བས། ང་ལུམ་སྦྱར་གསུམ་གྱིས་དམར་གསོད་བྱས་ཏེ་ཁོང་ཚོས་སྲིད་བསྐྱངས། དེ་གསུམ་སྲིད་དུས་ཕོ་ལྷ་བསོད་ནམས་སྟོབས་རྒྱལ་གྱིས་གཡོ་འཕྲུལ་གྱི་སྦྱོར་བ་སྣ་ཚོགས་བཤམས་ནས་མན་ཇུའི་དམག་བོད་དུ་དྲངས་ནས་ང་ལུམ་སྦྱར་གསུམ་དུས་གཅིག་ལ་སྲོག་ཐོག་བཏང་། ཁོས(1689ནས1747)1727ལོ་ནས1747ལོའི་བར་དུ་སྲིད་བསྐྱངས་ཏེ་མན་ཇུ་ལ་མཉམ་འབྲེལ་བྱས་ནས་བོད་སྡོད་ཨམ་བན་ཐོག་མ་འདི་ནས་བྱུང་། 1727ལོ་ནས1911ལོའི་བར་གྱི་ལོ184བར་དུ་བོད་སྡོད་ཨན་བན57བྱུང་ཞིང་རིམ་པ83(ལ་ལས་ལོ་གསུམ་ནས་འགན་རྒྱུད་མར་འཁུར)བྱུང་། 1911ལོར་བོད་ཀྱིས་བོད་སྡོད་ཨན་བན་མཐའ་མ་དེ་བོད་ནས་བསྐྲད།
     ཕོ་ལྷ་བསོད་ནམས་སྟོབས་རྒྱལ་ཚེ་ལས་འདས་རྗེས་ཁོའི་སྲས་འགྱུར་མེད་རྣམ་རྒྱལ1747ནས1750བར་དུ་སྲིད་བསྐྱངས། ཁོས་གོང་མ་དང་བོད་སྡོད་ཨམ་བན་ཏཱ་ཞིན་གཉིས་ལ་ལྷ་སར་བཅའ་སྡོད་རྒྱ་དཔོན་དམག་ཉུང་དུ་གཏོང་དགོས་པའི་རེ་བ་བཏོན་པས་བོད་སྡོད་ཨམ་བན་དང་འབྲེལ་བ་ཇེ་སྡུག་སོང་བ་དང་། ལོ་དེའི་ཧོར་ཟླ་བཅུ་བའི་ཚེས་བཅུ་གསུམ་ཉིན་ཏཱ་ཞན་ཕུ་ཆེན(博啮)དང་ཨབ་ཏུན(拉布敦)གཉིས་ནས་ཝང་འགྱུར་མེད་རྣམ་རྒྱལ་ཁྲོམ་གཟིགས་ཁང་དུ་གསོལ་སྟོན་གདན་ཞུས་ཐོག་ངོ་གཡོག་གསུམ་བཀྲོངས་པས། ཝང་འགྱུར་མེད་རྣམ་རྒྱལ་གྱི་མགྲོན་གཉེར་བློ་བཟང་བཀྲ་ཤིས་དང་ཡ་སོར་གཉིས་ཀྱིས་ཤེས་ཏེ་འཕྲལ་མར་བོད་དམག་ཁྲིད་དེ་ཏཱ་ཞན་གཉིས་དང་། རྒྱའི་ཞི་དྲག་མི་སྣ་བརྒྱ་ལྷག་དུས་གཅིག་ཏུ་ཁྲོམ་གཟིགས་ཁང་ཉེ་འགྲམ་དུ་རྐྱེན་ལམ་དུ་བཏང་བས་ས་ཆ་དེར་ཐོག་མར་རྒྱ་འབུམ་སྒང་ཞེས་མིང་ཆགས།
     རྒྱལ་དབང་སྐུ་ཕྲེང་བདུན་པ་བསྐལ་བཟང་རྒྱ་མཚོ་མཆོག་ནས་མི་བསད་པ་ཚོའི་སྒྲིབ་སྦྱོང་དུ་རྗེ་ཙོང་ཁ་བའི་སྐུ་བརྙན་སོར་ལྔ་བྱས་པ་འབུམ་གཅིག་བཞེངས་གནང་སྟེ་མཆོད་རྟེན་ཐོག་བརྩེགས་ལྔ་ལྡན་པ་གསར་བཞེངས་མཛད། མཆོད་རྟེན་མཐའ་བཞིར་ལྕགས་ཐག་གི་དྲིལ་བུ་ཡོད་པ། དེ་ལ་རླུང་བུས་བསྐུལ་ནས་སྒྲ་དབྱངས་གྲོང་ཁྱེར་གྱི་ཕྱོགས་བཞིར་ཁྱབ་པ་དང་། ད་དུང་ལྷ་ཁང་ནང་ནས་དབུ་ཏོག་བར་སྐས་འཛེགས་ཏེ་འགྲོ་ས་ཡོད་པས། རྒྱ་འབུམ་མཐོ་བའི་སྒང་ལ། །མཐོ་རིང་སྐས་འཛེགས་བཙུགས་བཞག །ཕྱོགས་བཞི་གང་ནས་བལྟས་ཀྱང་། །སྙན་པའི་དྲིལ་བུའི་སྐད་རེད། །ཅེས་པའི་དམངས་གཞས་ཡོད།
     དུས་རབས་བཅུ་དགུ་པའི་མཇུག་ཏུ་སྲིད་སྐྱོང་དེ་མོ་འཕྲིན་ལས་རབ་རྒྱས་གཙོ་བོའི་བཞུགས་གནས་བསྟན་རྒྱས་གླིང་དུ་ཡོད་ཅིང་། ཤར་དུ་མཆོད་རྟེན་ཡོད་ན་ནུབ་ཀྱི་གྲོང་སྟོང་ཞེས་མི་ལེགས་པར་བརྩིས་ནས་མཆོད་རྟེན་དེ་བཤིགས་ཏེ་ལམ་དཀྱིལ་དུ་སཙྪ་ཁང་རིང་བོ་ཞིག་བསྐྲུན་ནས་ནང་བཞུགས་རྗེ་སྐུ་རྣམས་བཅུག མཆོད་རྟེན་གྱི་ཤུལ་དུ་བསམ་ཡས་གཙུག་ལག་ཁང་ལ་དཔེ་བྱས་ནས་ལྷ་ཁང་སུམ་ཐོག་གསར་བཞེངས་དང་། རྟེན་གཙོ་བྱམས་པའི་འཇིམ་སྐུ་ཉིས་ཐོག་སོགས་དང་། ཁོར་ཡུག་ཏུ་རྗེ་ཙོང་ཁ་བའི་སྐུ་འབུམ་གཅིག་བཞེངས་པས་རྗེ་འབུམ་སྒང་ཞེས་གྲགས།
     དེ་ལྟར་ཨམ་བན་གྱི་ཁྲག་དམར་དང་ཝང་འགྱུར་མེད་རྣམ་རྒྱལ་གྱི་ཁྲག་དམར་གྱིས་བཤེར་བའི་ས་འདི་དེ་ལྟར་བསུབ་ན་ཡང་ཡིག་ཚང་ལས་ནམ་ཡང་བསུབ་ཐབས་མི་འདུག ངས་གནས་འདི་ནས་སྔོན་གྱི་ལོ་རྒྱུས་དེ་དག་ལ་ཕྱིར་དྲན་བྱས་པ་ཡིན་མོད། ཡིན་ན་ཡང་། ཁྲག་དམར་གྱིས་བཤེར་བའི་ས་གཞི་འདི་ནས་ངའི་སྨོན་ལམ་ཞིག་འདེབས་པ་ལས་གཞན་ཅི་ཞིག་བྱེད་དམ།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།