སྤྱི་ཚོགས་སློབ་གསོའི་སྐོར་ཉུང་ཙམ་གླེང་བ།
རྩོམ་པ་པོ།:ནོར་བུ་འབུམ།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2015-02-13 09:28:00
ཀློག་གྲངས།:
བཞི། བསྟན་པ་སྔ་དར་སྐབས་ཀྱི་བོད་ཀྱི་སྤྱི་ཚོགས་སློབ་གསོའི་སྐོར།
བོད་ཀྱི་བསྟན་པ་སྔ་དར་གྱི་དུས་ཟེར་བ་ནི་སྤུ་རྒྱལ་གདུང་རབས་ཉེར་བདུན་པ(ལ་ལར་ཉེར་བརྒྱད་པ་ཟེར)ལྷ་ཐོ་ཐོ་རི་གཉན་བཙན་ནས་གླང་དར་མའི་བར་དུ་སངས་རྒྱས་ཀྱི་ཆོས་ལུགས་བོད་དུ་དར་བའི་དུས་སྐབས་དེར་ཟེར་བ་དང་། ལྷ་ཐོ་ཐོ་རི་གཉན་བཙན་གྱི་སྐབས་ དེར“སྐུ་མཁར་ཡུམ་བུ་བརླ་སྒང་གི་སྟེང་དུ་སྤང་ཀོང་ཕྱག་རྒྱ་བ་དང་། གསེར་གྱི་མཆོད་རྟེན་ཁྲུ་གང་བ་གཅིག མདོ་སྡེ་ཟ་མ་ཏོག སྙིང་བོ་ཡི་གེ་འབྲུ་དྲུག་པ། ཚིནྔྷ་མ་ཎིའི་རྐོས་ཕོར། མུ་ཏྲའི་ཕྱག་རྒྱ་རྣམས་ནམ་མཁའ་ལས་བྱོན”པ་དེ་ཕོ་བྲང་གི་དཀོར་ཁང་དུ་བཞུགས་སུ་གསོལ་ཏེ་གཉན་པོ་གསང་བར་མིང་མཛད་དེ་བཞག་པ་དེ་ནས་བཟུང་བོད་དུ་སངས་རྒྱས་ཆོས་ལུགས་ཀྱི་དབུ་བརྙེས་པར་བཤད། དེ་ནས་གདུང་རབས་ལྔ་འདས་པའི་སྤུ་རྒྱལ་གདུང་རབས་སོ་གཉིས་པ་བཙན་པོ་སྲོང་བཙན་སྒམ་པོའི་སྐབས་སུ་ཐོན་པ་ན། སློབ་དཔོན་ཐོན་མི་རྒྱ་གར་དུ་མངགས་ཏེ་ལོ་ངོ་བདུན་གྱི་རིང་རིག་པ་རྩེ་གཅིག་ཏུ་བསྒྲིམས་ནས་སྦྱངས་བརྩོན་མཐར་ཕྱིན་པ་བྱས་མཐར་མཁས་པར་གྱུར། ཕྱིར་བོད་དུ་ལོག་ནས་རང་སྐད་དང་མཐུན་པའི་བོད་ ཡིག་གསར་བཟོ་མཛད་པ་དང་། འདུས་པ་རིན་པོ་ཆེའི་ཏོག་དང་མདོ་ཟ་མ་ཏོག་བཀོད་པ། སྤྱན་རས་གཟིགས་ཀྱི་མདོ་རྒྱུད་ཉི་ཤུ་རྩ་གཅིག དགེ་བ་བཅུའི་མདོ་ལ་སོགས་བོད་རང་གི་སྐད་དུ་བསྒྱུར་བར་མ་ཟད། གཉན་པོ་གསང་བའི་དོན་ཡང་བསྒྱུར་ནས་རྟོགས་པར་བྱས་ལ། བོད་སྐད་ཡིག་འདིའི་སློབ་མའི་ཐོག་མ་སྲོང་བཙན་སྒམ་པོས་སློབ་དཔོན་ཐོན་མི་དགེ་རྒན་དུ་བསྟེན་ནས་གསན་སྦྱོང་མཛད་པ་དེ་ནས་བཟུང་། བོད་ཀྱི་ཡུལ་དུ་སློབ་ཁྲིད་ཀྱི་དབུ་བརྙེས་ཤིང་། བོད་ཡིག་བོད་སྐད་ཀྱི་ལམ་ནས་སློབ་གསོ་མྱོང་བའི་འགོ་ཡང་བརྩམས་པ་རེད། སློབ་དཔོན་ཐོན་མི་ནི་བསྟན་པ་སྔ་དར་སྐབས་ཀྱི་དགེ་རྒན་ཐོག་མ་དེ་ཡིན་པས། བོད་ཁམས་ཡོངས་དང་ཁྱད་པར་དུ་བོད་སྤྱི་ཚོགས་ཡོངས་ལ་སློབ་གསོ་གནང་སྟེ། བོད་ཀྱི་རིག་གནས་དང་སློབ་གསོ། ཆོས་ལུགས་སོགས་གོང་འཕེལ་དུ་གཏོང་བའི་སློབ་གསོ་གནང་མཁན་གྱི་དགེ་རྒན་ཐོག་མ་ཡང་ཡིན་འདུག་པ་རེད། དུས་དེ་ནས་བཟུང་། བོད་ཀྱི་སྤྱི་ཚོགས་སློབ་གསོའི་ནང་དོན་ནི་ལྷ་ཆོས་དགེ་བ་བཅུ་དང་མི་ཆོས་གཙང་མ་བཅུ་དྲུག་གི་ནང་དོན་ལྡན་པའི་ཁོད་སོ་དྲུག་གི་སྤྱི་ཚོགས་སྒྲིག་གཞི་དང་ཁྲིམས་སྲོལ་དེ་ཡིན་པས། བོད་ཁམས་གཅིག་གྱུར་བྱུང་ནས་ཅུང་མ་འགོར་བའི་གནས་སྐབས་དེའི་སྤྱི་ཚོགས་ལ་དུས་བདེ་ཞོལ་འཇགས་ཀྱི་ཕྱག་རྗེས་རླབས་ཆེན་བཞག་ཡོད། དེར་བརྟེན་སློབ་དཔོན་ཐོན་མིས“ང་དྲིན་ཆེན་གྱི་བློན་པོ་ཐོན་མི་ངས། །ལམ་བགྲོད་པར་དཀའ་བའི་རྒྱ་གར་དུ། །ལུས་ཚ་གྲང་ཆེ་ཡང་དཀའ་བ་སྤྱད། །ཁོང་མཁས་པ་བྲམ་ཟེ་ལི་བྱིན་ལ། །ཡིད་གུས་པའི་ཚུལ་གྱིས་མོས་གུས་བྱས། །ནོར་རིན་ཆེན་གསེར་གྱི་ཕྱག་རྟེན་ཕུལ། །དོན་རྙེད་པར་དཀའ་བའི་ཡིག་འབྲུ་བསྟན། །བློ་ཐེ་ཚོམ་སེལ་བའི་མཛུབ་ཁྲིད་བྱས། །ཚིག་དབྱངས་ཡིག་རྣམས་ལ་མཁས་པར་སྦྱངས། །རྒྱ་ཡིག་ལྔ་བཅུ་ཐམ་པ་དེ། །བོད་ཡིག་སུམ་ཅུར་གཏན་ལ་ཕབ། །རང་མཁས་པའི་ངེས་ཤེས་བློ་ལ་ཤར། །འཕྲལ་ཡོན་ཏན་ཐམས་ཅད་ཁོང་དུ་ཆུད། །དུས་ད་ལྟ་དགའ་ལ་ཕྱི་མ་སྐྱིད། །ཡུལ་མཐའ་འཁོབ་བོད་ཀྱི་རྒྱལ་ཁམས་འདིར། །མི་མཁས་པ་སླེབས་པའི་སྔོན་མ་ཡིན། །ང་མུན་པ་སེལ་བའི་སྒྲོན་མེ་ ཡིན། །རྗེ་རྒྱལ་བོ་ཉི་ཟླའི་ཚུལ་དུ་བཞུགས། །གྲོགས་བློན་པོའི་ཁྲོད་ན་ང་ཙམ་མེད། །བོད་ཁ་བ་ཅན་གྱི་མི་རྣམས་ལ། །ང་ཐོན་མི་བཀའ་དྲིན་མི་ཆེ་འམ། །”⑫ཞེས་ཐོན་མིའི་ང་རྒྱལ་དུ་གྲགས་པའི་མགུར་གསུངས་པ་དོན་ལ་གནས་སོ། །
རྒྱལ་བོ་སྲོང་བཙན་སྒམ་པོས་ཀྱང་སྐབས་དེའི་བོད་རང་གི་བཀས་བཀོད་རྒྱུད་འཛིན་གྱི་སྤྱི་ཚོགས་ལམ་ལུགས་དེར་མཐུན་པའི་སྤྱི་ཚོགས་སྒྲིག་གཞི་བཙུགས་པར་མ་ཟད། དབང་བསྒྱུར་ལམ་ལུགས་དེ་དང་མཐུན་པའི་ཁྲིམས་སྲོལ་བཙུགས་པ་དེའི་མིང་ལ་ཁོད་སོ་དྲུག་ཟེར་ཞིང་། དེའི་ནང་དུ་ཁྲི་རྩེ་འབུམ་བཞེར་གྱི་ཁྲིམས་དང་འབུམ་གསེར་ཐོག་ཤ་བ་ཅན་གྱི་ཁྲིམས། རྒྱལ་ཁམས་དཔེར་བླངས་ཀྱི་ཁྲིམས། མདོ་ལོན་ཞུ་བཅད་ཀྱི་ཁྲིམས། དབང་ཆེན་ བཅད་ཀྱི་ཁྲིམས། ཁབ་སོ་ནང་པའི་ཁྲིམས་སོགས་ཁྲིམས་ཡིག་ཆེན་པོ་དྲུག་དང་། དེའི་ནང་གསེས་ཀྱི་ཁྲི་རྩེ་འབུམ་བཞེར་གྱི་ཁྲིམས་ལ། བོད་ཡུལ་རུ་ཆེན་ལྔ་རུ་ཕྱེ་བ་དང་གཅིག ཡུལ་གྱི་དབང་རིས་རྣམ་པ་བཅོ་བརྒྱད་དུ་བཅད་པ་དང་གཉིས། རྒོད་ཀྱི་སྟོང་སྡེ་དྲུག་ཅུ་རྩ་གཅིག་ཏུ་ཕྱེ་བ་དང་གསུམ། གཡུང་གི་མི་སྡེ་ཁེང་དང་ཡང་ཁེང་འབྱེད་པ་དང་བཞི། ཞང་གསུམ་བློན་བཅས་ཀྱིས་དབུས་ཀྱི་འདུན་ས་འཛིན་པ་དང་ལྔ། དཔའ་སྡེ་གསུམ་གྱིས་མཐའི་སོ་ཁ་ སྲུང་བ་དང་དྲུག་བཅས་ཡིན། བོད་ཡུལ་རུ་ཆེན་ལྔ་རུ་ཕྱེ་བ་ནི་བོད་ཀྱི་ས་ཁུལ་རྣམས་དྲག་པོ་གཡུལ་གྱི་སྒྲིག་གཞི་གཙོ་བོར་བྱས་པའི་དབང་འཛིན་གྱི་ས་ཁུལ་ཆེན་པོ་ལྔར་དབྱེ་བ་སྟེ། དབུ་རུ། གཡོ་རུ། གཡས་རུ། རུ་ལག སུམ་པའི་རུ་བཅས་ཡིན། ཡུལ་གྱི་དབང་རིས་རྣམ་པ་བཅོ་བརྒྱད་ཅེས་པ་ནི“སྲོང་བཙན་སྒམ་པོས་བོད་གཅིག་གྱུར་མ་གནང་གོང་རུས་རྒྱུད་ཚོ་བའི་འགོ་དཔོན་ཁག་གིས་བོད་ཀྱི་ས་ཆ་དུམ་བུར་བཅད་བཟུང་དབང་བསྒྱུར་བྱེད་པ་རྣམས་སླད་བཙན་པོའི་བཀའ་ལུང་ལ་གཅིག་གྱུར་གྱིས་བརྩི་བཀུར་དང་། ཁྲལ་ཁྲིམས་འཁུར་ལེན་ བྱེད་པའི་ཆ་རྐྱེན་འོག་ས་ཞིང་དང་ནོར་ཕྱུགས་བྲན་གཡོག་སོགས་ཀྱི་བདག་གཉེར་སྔར་་་་་་བཞིན་རུས་ཚོའི་འགོ་བ་སོ་སོར་མུ་མཐུད་རྒྱུད་འཛིན་བྱེད་བཅུག་པ་དེ་ལ་ཡུལ་གྱི་དབང་་་་་རིས་ཞེས་བྱ་བར་འབོད་པ་ཡིན། དེ་ལ་ཡང་ནང་གསེས་ཀྱི་དབྱེ་བ་ནི་བཙན་པོས་ལྟོས་ བཅས་ཀྱི་ཐད་ཀར་འཛིན་སྐྱོང་གནང་བ་ཕུད། ད་དུང་ས་ཁུལ་སུམ་ཅུ་སོ་གཅིག་ནི་ཁུ་དང་ སྙགས་ལ་སོགས་པ་རུས་ཚོ་ཆེ་བའི་འགོ་བ་ཉི་ཤུ་རྩ་ལྔས་བདག་བཟུང་རྒྱུན་འཛིན་བྱེད་པའི་ཡུལ་ཡིན”⑬ཞེས་གསལ་བ་དང་། རྒོད་ཀྱི་སྟོང་སྡེ་དྲུག་ཅུ་རྩ་གཅིག་ཕྱེ། ཞེས་པའི“རྒོད་ནི་འབངས་ཀྱི་ནང་ནས་མི་རྒྱུ་གཉིས་ལྡན་རང་གཤོམ་གྱིས་དྲག་པོ་གཡུལ་གྱི་ལས་ལ་གཞུག་ཐུབ་པའི་ཕོ་རྒོད་ཀྱི་དོན་ཡིན་པས་དེ་ལྟར་གྲགས། སྟོང་སྡེ་ཞེས་པ་ནི་དམག་དཔུང་ཚན་པ་དྲུག་ཅུ་རྩ་གཅིག་ཏུ་ཕྱེ་བ་དེ་ལ་ཟེར་ཞིང་། རུ་རེ་ལ་སྟོང་སྡེ་བརྒྱད་རེ་དང་། སྟོང་བུ་ཆུང་རེ། སྐུ་སྲུང་སྟོང་སྡེ་རེ་དང་བཅུར་ཕྱེ་བ། དེ་ཡང་སྐབས་འདིར་ཞང་ཞུང་བསྣན་པའི་རུ་ཆེན་དྲུག་ ཏུ་ཕྱེ་བའི་ནང་ནས་དབུ་རུ། གཡོ་རུ། གཡས་རུ། རུ་ལག ཞང་ཞུང་གི་རུ་བཅས་ལ་སྟོང་སྡེ་ བཅུ་རེ་དང་། སུམ་པའི་རུ་ལ་སྟོང་སྡེ་བཅུ་གཅིག་བཅས་བསྡོམས་ན་སྟོང་སྡེ་དྲུག་ཅུ་རེ་ གཅིག་ཡོད”⑭པ་དེ་དག་ཡིན། གཡུང་གི་མི་སྡེ་ཁེང་དང་ཡང་ཁེང་འབྱེད། ཅེས་པ་ནི “བཙན་པོའི་ཆབ་འོག་ཏུ་གཏོགས་པའི་འབངས་ལ་རྒོད་དང་། གཡུང་ཞེས་རིགས་གཉིས་སུ་ ཕྱེ་བའི་རྒོད་ནི་དྲག་པོ་གཡུལ་གྱི་ལས་སྒྲུབ་མཁན་ཏེ་གོང་དུ་གསལ་བ་ལྟར་དང་། གཡུང་ ཞེས་པ་ནི་རྒོད་པའི་ལྡོག་ཟླ་སྟེ་བརླིང་བའམ་བརྟན་པའི་དོན་ཡིན། སྐབས་འདིར་ཞི་བའི་ལས་སྒྲུབ་པའི་འབངས་ཀྱི་སྤྱི་མིང་ལ་གོ་དགོས། དེ་ལའང་ནང་གསེས་རྗེ་ཕྲན་དང་། ཁེང་ དང་། ཡང་ཁེང་སོགས་རབ་འབྲིང་ཐའི་དབྱེ་བ་ཡོད། གཡུང་གི་ཁོངས་སུའང་རྗེ་བྲན་རིམ་ པ་ལྔར་ཕྱེ་བ་དེ་དག་ནི། རང་འོག་ལ་བདག་གཉེར་བྱེད་པའི་དབང་རིས་ཆེ་ཆུང་སྣ་ཚོགས་ ཡོད་ཀྱང་། བཙན་པོ་ལ་དཔྱའ་དང་སྐྱེས་སམ། ལས་ཁྲལ་རྒྱུགས་དགོས་པས་འབངས་སུ་ གཏོགས་པ་ཡིན”⑮སོགས་ཡོད་ལ། ད་དུང་རྒྱལ་ཁམས་དཔེར་བླངས་ཀྱི་ཁྲིམས་ལ་རྒྱལ་ ཁྲིམས་བཅོ་ལྔ་དང་ཁྲིམས་ཆེན་བདུན། མི་ཆོས་གཙང་མ་བཅུ་དྲུག་སོགས་གཏན་ལ་ཕབ་སྟེ། སངས་རྒྱས་ཆོས་ལུགས་ཀྱི་ལྷ་ཆོས་དགེ་བ་བཅུའི་ནང་གི་ཁག་གཅིག་དང་། དཀོན་མཆོག་ལ་དད་གུས་བྱེད་པ། ཆོས་དང་ཡི་གེ་སློབ་སྦྱོང་བྱེད་དགོས་པ་སོགས་ཁྲིམས་ཀྱི་ནང་དུ་བཞག་ ཡོད་པ་འདི་དག་ལས་མཐོང་ཐུབ་པ་ནི། སྐབས་དེའི་བཀས་བཀོད་རྒྱུད་འཛིན་ལམ་ལུགས་ ཀྱི་དབང་བསྒྱུར་གྲལ་རིམ་ཚོའི་ཆབ་སྲིད་དང་དཔལ་འབྱོར། དམག་དོན་སོགས་ཀྱི་དབང་ཆ་བརྟན་པོ་ཡོད་ཆེད་འབའ་ཞིག་ཡིན་པ་དེ་རེད། འདི་ནི་སྐབས་དེའི་བོད་སྤྱི་ཚོགས་ལ་བཞག་པའི་ཁྲིམས་ལུགས་ཡིན་པར་མ་ཟད། སྤྱི་ཚོགས་སློབ་གསོའི་ནང་དོན་ཡང་ཡིན་ འདུག་པས་བོད་མི་རྣམས་ཀྱིས་ཆོས་སྲིད་ཟུང་དུ་འབྲེལ་བའི་ཁྲིམས་སྲོལ་དེའི་སློབ་གསོ་མྱངས་ནས་མི་རབས་དུ་མ་འདས།
དེ་ལྟར་རྒྱལ་བོ་ཁྲི་སྲོང་ལྡེ་བཙན་གྱི་སྐུ་རིང་ནས་མངའ་བདག་ཁྲི་རལ་བ་ཅན་གྱི་བར་དུ་ཐོན་པ་ན། བསྟན་པ་སྔ་དར་སྐབས་ཀྱི་སྤྱི་ཚོགས་སློབ་གསོའི་ནང་དོན་ཡོངས་སུ་འགྱུར་ནས་དམ་པའི་ལྷ་ཆོས་བྱེད་དགོས་པར་གྱུར། དེ་ཇི་ལྟར་ཤེས་ཟེར་ན་མེས་སྲོང་བཙན་སྐབས་ཀྱི་ཁྲིམས་ཆེན་བདུན་གྱི་དང་པོ་སྟེ། མི་སྲོག་མི་གཅོད་པའི་ནང་དོན་དེ་རྒྱལ་བོ་ཁྲི་སྲོང་ལྡེ་བཙན་གྱིས་སྲོག་མི་གཅོད་པ་རུ་བསྒྱུར་འདུག་པ་འདིའི་སྟེང་ནས་ཤེས་ནུས་ཏེ། མི་སྲོག་མི་ གཅོད་པ་ནི་མི་ཆོས་དང་འབྲེལ་བའི་ཁྲིམས་ལུགས་ཤིག་ཡིན་ནའང་། སྲོག་མི་གཅོད་པ་ནི་བོད་འབངས་སྤྱི་ལ་དམིགས་ནས་བཞག་པ་ཞིག་མིན་པས། དེ་ནི་ཆོས་ཁྲིམས་སུ་གྱུར་ཡོད་ པའི་རྒྱུ་མཚན་གྱིས་ཡིན། ད་དུང་རྒྱལ་བོ་ཁྲི་སྲོང་ལྡེ་བཙན་གྱི་སྐབས་ནས་བཟུང་། མཁན་སློབ་གཉིས་གདན་དྲངས་ཏེ་སངས་རྒྱས་ཀྱི་བསྟན་པ་དར་སྤེལ་གནང་བ་དང་། སད་མི་ བདུན་སོགས་རབ་ཏུ་བྱུང་སྟེ་རབ་བྱུང་གི་སྡེ་བཙུགས་པར་མ་ཟད། བསམ་ཡས་གཙུག་ལག་ ཁང་སོགས་བཞེངས་ནས་དགེ་འདུན་གྱི་སྡེ་ལ་ཆོས་སློབ་པའི་གྲྭ་བཙུགས། དུས་འདི་ནས་ བཟུང་སྟེ། བོད་སྤྱི་ཚོགས་ཀྱི་སློབ་གསོའི་ནང་དོན་གཙོ་བོ་ནི་བསམ་པའི་དཔལ་ཡོན་ཏེ། སངས་རྒྱས་ཆོས་ལུགས་ཀྱི་དགོངས་དོན་འབབ་ཞིག་སྦྱོང་བའི་དུས་སུ་གྱུར་བའོ། །
ལྔ། བསྟན་པ་ཕྱི་དར་སྐབས་ཀྱི་བོད་ཀྱི་སྤྱི་ཚོགས་སློབ་གསོའི་སྐོར།
རྒྱལ་བོ་གླང་དར་མས་སངས་རྒྱས་ཀྱི་བསྟན་པ་ཡོངས་སུ་བསྣུབས་ཏེ་ཤུལ་མེད་དུ་བཟོས་པའི་རྗེས། བོད་དུ་མངའ་བདག་འོད་སྲུང་དང་ཡུམ་བརྟེན་གཉིས་སྲིད་འཛིན་རྒྱུར་མ་འཆམ་པས་དམག་འཁྲུག་ཡུན་རིང་བྱས། མང་ཚོགས་རྣམས་འཚོ་ཐབས་འཚོལ་ཆེད་དུ་འབངས་གྱེན་ལོག་བྱུང་ལ། རྒྱལ་ཁྲིམས་ཀྱི་འཆིང་རྒྱ་མེད་པས་སིལ་བུར་འཐོར། དེ་དུས་བླ་ ཆེན་དགོངས་པ་རབ་གསལ་ཞེས་ཙོང་ཁ་བདེ་ཁམས་སུ་སྐུ་འཁྲུངས་བ་དེ་དང་དམར་གཡོ་གཙང་གསུམ་སོགས་ཀྱིས་བསྟན་པའི་མེ་རོ་མདོ་ཁམས་སྨད་ནས་བསླངས། དེ་དང་བསྟུན་ནས་བོད་དུ་བསྟན་པ་ཕྱི་དར་གྱི་འགོ་བརྩམས་ཤིང་། སངས་རྒྱས་ཆོས་ལུགས་བསྐྱར་དུ་དར་ཐུབ་པ་བྱུང་ལ། རིམ་གྱིས་ཆོས་ལུགས་ཁག་གི་གྲུབ་མཐའ་རྣམས་ཀྱང་བྱུང་བ་རེད། བོད་དུ་གྲུབ་མཐའ་བྱུང་བ་དང་ལྷན། ཆོས་ལུགས་གྲུབ་མཐའ་ཁག་གི་ཆོས་བྱེད་མི་སྣ་རྣམས་གཞན་བརྟེན་བཤུ་གཞོག་གི་འཚོ་བ་དང་ཁ་འབྲལ་ཐབས་མེད་པའི་རུལ་སུངས་ཀྱི་རང་བཞིན་དེའིརྐྱེན་གྱིས་ཆབ་སྲིད་ཀྱི་དབང་ཆ་གང་མཐོ་བ་དེར་རྒྱབ་རྟེན་བཅོལ་བ་དང་། དཔལ་འབྱོར་ གྱི་རྟེན་གཞི་འཕྲོག་རེས་བྱེད་པའི་ངན་འབྲས་ཤིག་ཀྱང་རིམ་གྱིས་ཐོན། དེ་ལྟར་བྱེད་པའི་ དམིགས་ཡུལ་གཙོ་བོ་ནི་གྲུབ་མཐའ་གང་དེའི་ཆབ་སྲིད་དང་དཔལ་འབྱོར་གྱི་རྒྱབ་གཟི་བརྟན་པོ་ཡོང་ཆེད་ཡིན། སྤྱི་ལོ༡༠༥༧ལོ་ནས་སྤྱི་ལོ༡༢༠༦བར་གྱི་ལོ་བརྒྱ་དང་ལྔ་བཅུའི་རིང་གི་བར་སྐབས་དེ་ནི་བོད་དུ་ཆོས་ལུགས་ཀྱི་གྲུབ་མཐའ་མི་འདྲ་བ་སྣ་ཚོགས་གཅིག་རྗེས་གཉིས་མཐུད་དུ་བྱུང་བའི་དུས་ཡིན་ལ། དེ་དང་བསྟུན་ནས་བོད་ཀྱི་སྤྱི་ཚོགས་ལམ་ ལུགས་དེ་ཆོས་སྲིད་ཟུང་འབྲེལ་གྱི་ཞིང་བྲན་ལམ་ལུགས་སུ་གྱུར།
རྒྱལ་བོ་གླང་དར་མས་བསྟན་པ་བསྣུབས་ཤིང་། འབངས་གྱེན་ལོག་བྱུང་བ་དེ་ནི་བོད་ ཀྱི་བྲན་གཡོག་བདག་པོ་དང་ཞིང་བདག་གྲལ་རིམ་ཚོའི་བྱེད་སྟངས་མི་འགྲིག་པ་དེར་རྡུང་རྡེག་བཏང་བའི་སྔར་མེད་ཀྱི་ལོ་རྒྱུས་བྱུང་བ་ཞིག་ཡིན་ལ། དུས་དེ་ནས་བཟུང་སྟེ། གཉའ་ཁྲི་བཙན་པོ་སོགས་སྤུ་རྒྱལ་གདུང་རབས་ཀྱིས་བོད་ལ་དབང་བསྒྱུར་བྱེད་པའི་ལོ་རྒྱུས་མཇུག་སྒྲིལ་བ་དང་། མི་ལོ་བརྒྱ་ལྷག་གི་རིང་ལ་སངས་རྒྱས་ཆོས་ལུགས་ཀྱི་ལམ་ལུགས་དང་། ངུར་ སྨུག་གི་རྒྱལ་མཚན་གསོལ་བའི་གྲྭ་བ་མིག་གིས་མཐོང་རྒྱུ་མེད་པ་བཟོས། འབངས་གྱེན་ལོག་ གི་རྗེས་ནས་བཟུང་། བོད་ས་གནས་དེ་རྗེ་དཔོན་ཚན་པ་བཅུ་གཅིག་གིས་དུམ་བུར་བཅད་ ནས་དབང་བསྒྱུར་བྱས་པ་དེར་བོད་ཀྱི་སིལ་བུའི་དུས་སྐབས་ཟེར། དུས་དེ་ནས་བཟུང་སྟེ། བོད་རང་གིས་མི་རིགས་གཞན་གྱི་དབང་བསྒྱུར་སྟོབས་ཤུགས་བོད་དུ་བསྒྱུར་བར་གོ་སྐབས་བྱིན་ཡོད་པས། ཡོན་རྒྱལ་རབས་ཀྱིས་གོ་སྐབས་དེ་དམ་འཛིན་བྱས་ནས་བོད་འདི་ཡང་མེས་ རྒྱལ་གྱི་མངའ་ཁོངས་སུ་བཅུག་པ་དང་། བོད་ས་གནས་ཀྱི་དབང་འཛིན་ཆེ་རྒུ་རྣམས་ལ་ གོང་མའི་ལུང་དང་ཐམ་ག་གནང་ནས་བོད་ཀྱི་སྲིད་དབང་འཛིན་པའི་དབང་ཆ་སྤྲད་པ་དང་བསྟུན། བོད་དུ་ཆོས་ལུགས་ཀྱི་གྲུབ་ཁག་ཀྱང་ཆར་རྗེས་ཀྱི་ཤ་མོ་བརྡོལ་བ་ལྟར་བྱུང་། གོང་མའི་ལུང་དང་ཐམ་ག་ཡོད་མེད་ནི་སྐབས་དེའི་བོད་སྤྱི་ཚོགས་ལ་མཚོན་ན། ལུགས་དང་མཐུན་མིན་གྱི་ཚད་གཞིར་འཛིན་པ་ཡིན་པས། ཆོས་ལུགས་གྲུབ་མཐའ་ཁག་གིས་གོང་མ་ལ་ལེགས་སྐྱེས་འབུལ་བ་སོགས་བྱས་ནས་བླ་དཔོན་གྱི་གོ་གནས་ལེན་ཐབས་བྱེད། བླ་མ་ ཡིན་ཡང་གོང་མའི་ལུང་དང་ཐམ་ག་མེད་ན་དཔོན་པོ་མིན་པར་བརྟེན་སྲིད་དབང་མེད་པ་དང་། སྲིད་དབང་མེད་ན་སྟོབས་འབྱོར་མངའ་ཐང་རྒྱས་མི་ནུས་པར་བརྟེན། བླ་མ་དཔོན་པོ་ཞིག་གི་ཐོབ་ཐང་རྩོད་དགོས་སོང་བ་རེད། གོང་མས་ཀྱང་ཏི་ཤྲི་སྟེ་གོང་མའི་དབུ་བླ་དང་གུ་ཤྲི་སྟེ་མཁས་པ་ཆེན་པོའམ་སངས་རྒྱས་ཆོས་ལུགས་ཀྱི་མགོན་པོ། པྰའི་ལེན་ཝང་སྟེ་རྒྱལ་རྒྱུད་ཀྱི་བུ་དང་། རི་རྩི་ཝང་སྟེ་རྒྱལ་རྒྱུད་བུ་མོའི་མག་པ་སོགས་དོན་གྱི་སྲིད་དབང་སྤྲད་མེད་ ཀྱང་། འོས་འཚམ་གྱི་མིང་སྙན་པོ་རེ་བཏགས་ཡོད་པ་རེད། ཡིན་ཡང་ལུང་དང་ཐམ་ག་དེ་དག་བསྣམས་ནས་བོད་དུ་སླེབས་ཚེ། དེ་མ་ཐག་ཆབ་སྲིད་ཀྱི་བདག་པོར་གྱུར་འགྲོ་བས་གྲུབ་མཐའ་གང་ཞིག་གི་མངའ་ཐང་ཆེ་ཆེར་རྒྱས་འགྲོ་བ་ཡིན།
བོད་ཀྱི་བསྟན་པ་ཕྱི་དར་སྐབས་ཀྱི་སྤྱི་ཚོགས་ལམ་ལུགས་ནི་ཆོས་སྲིད་ཟུང་འབྲེལ་སྐོར་གྱི་ཞིང་བྲན་ལམ་ལུགས་ཤིག་ཡིན་པར་བརྟེན། ཆོས་ལུགས་གྲུབ་མཐའ་ཁག་སོ་སོ་ནི་སྐབས་དེའི་སྤྱི་ཚོགས་སློབ་གསོ་གཉེར་བའི་ལས་ཁུངས་དག་ཡིན་ཞེས་བཤད་ན་རྫུན་དུ་མི་འགྲོ་ལ། དོན་དངོས་གནས་ཚུལ་དང་མཐུན་པ་ཞིག་ཀྱང་ཡིན། གྲུབ་མཐའ་གང་ཞིག་གི་སྟོབས་འབྱོར་མངའ་ཐང་སྤེལ་དགོས་ན། ཁོ་ཚོའི་གྲུབ་མཐའ་གང་དེའི་ཆབ་སྲིད་དགོས་མཁོ་དང་ མཐུན་པའི་འདུལ་ཁྲིམས་མང་ཚོགས་ལ་བསྒྲགས་ནས་གྲུབ་མཐའི་སྟོབས་ཤུགས་མི་ཉམས་པ་བྱེད་ཆེད་དུ། ཆོས་ལུགས་ལ་སྲིད་ལུགས་འདྲེས་བའི་ལམ་ལུགས་གསར་བ་སྟེ་ཁྲིམས་ཡིག་ ཞལ་ལྕེ་བཅོ་ལྔ་སོགས་བཟོས་པ་དང་། དེས་ཁོ་ཚོའི་ཆབ་སྲིད་ཀྱི་དབང་ཆ་དང་དཔལ་འབྱོར་གྱི་སྟོབས་ཤུགས་ལ་སྲུང་སྐྱོབ་བྱེད་དུ་འཇུག དེ་དང་བསྟུན་ནས་ཆོས་ལུགས་གྲུབ་མཐའ་ཁག་གི་བར་དུ་དམག་འཁྲུག་རྒྱུན་མ་ཆད་པར་བྱུང་ལ། དམག་འཁྲུག་གི་འབྱུང་རྐྱེན་ གཙོ་བོ་ནི་ཆོས་ལུགས་གྲུབ་མཐའ་ཁག་བར་ཆོས་ལུགས་ཀྱི་ལྟ་བ་མ་མཐུན་པར་བྱུང་བ་མ་ཡིན་པར་མཆོད་གཞིས་མི་སེར་འཕྲོག་རེས་བྱེད་པ་དང་། སྲིད་དབང་འཕྲོག་རེས་བྱེད་པ་དེ་དག་ཡིན། དམག་འཁྲུག་དེ་དག་གི་ཀློང་ནས་བོད་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་རིན་ཐང་ལ་གྱོང་གུད་ཚབས་ཆེན་ཐེབས་ཡོད་པ་བཤད་མ་དགོས་ཀྱང་། དེ་ནི་ཁ་ནས་ཆོས་བཤད་པ་དང་ལག་གིས་སྲིད་བསྒྲུབས་པའི་མཐོ་རིམ་མི་སྣ་དེ་དག་གི་བྱེད་སྟངས་ཤིག་ཡིན་པ་ཤེས་དགོས་པ་ཡིན། འདི་ནི་བསྟན་པ་ཕྱི་དར་སྐབས་ཀྱི་བོད་ཀྱི་སྤྱི་ཚོགས་ཀྱི་འགྲོ་ལུགས་ཤིག་ཏུ་གྱུར་ཡོད་པས། དེ་དག་གི་བྱེད་སྟངས་དང་ནང་དོན་རྣམས་སྐབས་དེའི་སྤྱི་ཚོགས་ཀྱི་སློབ་གསོའི་ནང་དོན་དུ་མི་འགྱུར་བ་ཅི་ལ་སྲིད།
དྲུག བཅིངས་འགྲོལ་རྗེས་ཀྱི་བོད་ཀྱི་སྤྱི་ཚོགས་སློབ་གསོའི་སྐོར།
ཡང་དག་པའི་ཆབ་སྲིད་ཀྱི་ལྟ་བ་སྟེ། རྒྱ་ཆེའི་མང་ཚོགས་རྣམ་པར་གཉའ་གནོན་དང་ བཤུ་གཞོག་མི་ཐེབས་པར་རང་གི་བདག་པོ་རང་དང་རྒྱལ་ཁབ་ཀྱི་བདག་པོ་མང་ཚོགས་ཀྱིསབྱེད་པའི་དམངས་གཙོའི་ལམ་ལུགས་རྒྱལ་ནང་ནས་དར་བ་དང་བསྟུན། གངས་རིའི་ར་བས་ བསྐོར་བའི་མཐོ་སྒང་འདིར་ཡང་དེའི་ཉིན་བྱེད་ཀྱི་འོད་སྣང་ཉེ་བར་འཕྲོས་ཏེ། བྲན་གཡོག་ ལམ་ལུགས་ཀྱི་སྤྱི་ཚོགས་དང་བཀས་བཀོད་རྒྱུད་འཛིན་ལམ་ལུགས་ཀྱི་སྤྱི་ཚོགས། ཆོས་སྲིད་ཟུང་འབྲེལ་ལམ་ལུགས་ཀྱི་འོག་མགོ་བོ་དགྱེ་མ་ཐུབ་པའི་ཞིང་བྲན་རྣམས་ལ་བཅིངས་འགྲོལ་ཐོབ་ནས། སྒེར་ལ་དབང་བའི་ལམ་ལུགས་བཙུགས་ཤིང་རང་སྟོབས་རང་སྤེལ་གྱི་ལས་ལ་ཞུགས་པས་སྤྱི་ཚོགས་དཔལ་འབྱོར་མངོན་སུམ་ཇེ་བཟང་ལ་སོང་དང་འགྲོ་བཞིན་འདུག ཁྱད་པར་དུ་བོད་ཞི་བས་བཅིངས་འགྲོལ་བཏང་བ་ནས་བཟུང་སློབ་གསོའི་ལས་དོན་མུ་མཐུད་དུ་དར་རྒྱས་བཏང་ཞིང་། སློབ་གྲྭ་སྣ་ཚོགས་བཙུགས་པ་དེ་ནས་བཟུང་། སྤྱི་ཚོགས་ ཚན་རིག་དང་རང་བྱུང་ཚན་རིག་སོགས་ལ་སློབ་སྦྱོང་བྱེད་པའི་གོ་སྐབས་ལྡན་པར་གྱུར་བས། སྔར་གྱི་བོད་ཀྱི་རིག་གནས་དང་ལོ་རྒྱུས་སོགས་ལ་དངོས་གཙོ་རྩོད་སྒྲུབ་སྨྲ་བའི་ལྟ་ཚུལ་བཟུང་ནས་གོ་བ་གཏིང་ཟབ་ལོན་པ་བྱུང་། དེ་དང་བསྟུན་ནས་སྤྱི་ཚོགས་ལས་རིགས་ སོ་སོར་འཚམས་པའི་བོད་ཀྱི་ཤེས་ལྡན་མི་སྣས་རང་རང་གི་ཁྱད་ཆོས་གཞིར་བཟུང་ནས་མཐོང་ཐོས་ཀྱི་རྒྱ་བསྐྱེད་པར་མ་ཟད། སྤྱི་ཚོགས་ཀྱི་འཕེལ་རྒྱས་ཕྱོགས་ལ་རང་རང་གི་ནུས་ པ་འདོན་བཞིན་པའི་ཉམས་དགའ་བའི་སྤྱི་ཚོགས་གསར་བ་ཞིག་ཏུ་སླེབས། ཁྱད་པར་དུ་མི་ཉིད་གཙོ་གཞི་ཡིན་པའི་སློབ་གསོ་སྒྲུབ་སྟངས་གསར་བ་འདི་བྱུང་བ་ནས་བཟུང་། མི་ཚེའི་རིན་ཐང་ལྟ་ཚུལ་གྱི་སློབ་གསོར་གསོན་ཤུགས་རྒྱས་ཤིང་། མི་ནི་སྤྱི་ཚོགས་འཕེལ་རྒྱས་ཀྱི་ སྒུལ་ཤུགས་ངོ་མ་ཡིན་པ་དང་། མིའི་འབྱུང་སྤུས་དང་འཇོན་ཐང་གིས་སྤྱི་ཚོགས་ལས་རིགས་སོ་སོའི་སྟེང་ནས་མི་དམངས་ལ་ཞབས་འདེགས་ཞུ་དགོས་པའི་འདུ་ཤེས་རྙེད་ཡོད་པར་བརྟེན། སློབ་གསོ་ལས་ཁུངས་ཡིན་ན་འདྲ། རིག་གནས་ཁང་ཡིན་ནའང་འདྲ། རྒྱང་སྒྲོག་ཁང་ དང་བརྙན་འཕྲིན་ཁང་ཡིན་ནའང་འདྲ། དཔེ་མཛོད་ཁང་དང་དངོས་མང་བཤམས་སྟོན་ཁང་ཡིན་ནའང་འདྲ། རྗེས་དྲན་ཁང་དང་དྲིལ་སྒྲོག་ཁང་ཡིན་ནའང་འདྲ། ཐམས་ཅད་ཀྱིས་ནུས་ཤུགས་གང་ཡོད་བཏོན་ནས་མིའི་རིགས་ཀྱི་དཔལ་ཡོན་འདོན་སྤེལ་བྱ་དགོས་པའི་ལྟ་ཚུལ་འདོན་བཞིན་པ་ནི་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་སམ། ཡང་ན་བཅིངས་འགྲོལ་རྗེས་ཀྱི་སྤྱི་ཚོགས་སློབ་གསོ་ཡིན།
འོན་ཀྱང་། བོད་ཞི་བའི་བཅིངས་འགྲོལ་གཏོང་བའི་སྐབས་དེ་དག་ཏུ། ཕྱི་ནས་ཨ་རི་བཙན་རྒྱལ་རིང་ལུགས་ཀྱིས་བོད་ཞི་བས་བཅིངས་འགྲོལ་གཏོང་བར་བཀག་འགོག་དང་ལྐོགའབྲེལ་བྱས་པ་དང་། ནང་ནས་མཐོ་རིམ་དཔོན་རིགས་ཉུང་ཤས་ཀྱིས་དམངས་གཙོའི་བཅོས་བསྒྱུར་ལམ་ལུགས་ལ་ངོ་རྒོལ་བྱས་ནས་བོད་འདི་རང་བཙན་བྱེད་དགོས་ཚུལ་དང་ཆོས་སྲིད་ཟུང་འབྲེལ་ལམ་ལུགས་དེ་མུ་མཐུད་དུ་གནས་ཐབས་ཀྱི་རེ་ངན་བཅངས་པ་རེད། ཡིན་ ཡང་ཆོས་སྲིད་ཟུང་འབྲེལ་ཀྱི་ཞིང་བྲན་ལམ་ལུགས་དེར་རྒྱ་ཆེའི་མང་ཚོགས་ཀྱི་དགའ་བསུ་མི་བྱེད་པ་དང་། ཀྲུང་གོ་གུང་ཁྲན་ཏང་གིས་དགག་བཞག་བྱེད་སའི་གནས་གཙོ་བོ་དེ་ཡིན་ལ། ཁྱད་པར་དུ་བོད་ཀྱི་ཆོས་སྲིད་ཟུང་འབྲེལ་གྱི་ཞིང་བྲན་ལམ་ལུགས་དེ་ནི་གྲལ་རིམ་རང་བཞིན་དང་ལོག་སྤྱོད་རང་བཞིན། གཉའ་གནོན་རང་བཞིན་དང་བཤུ་གཞོག་རང་བཞིན་ལྡན་པའི་སྤྱི་ཚོགས་ལམ་ལུགས་ཤིག་ཡིན་པས། དེ་ནི་ཕམ་ཁ་ཅན་གྱི་ལམ་ལུགས་ཤིག་ཡིན་ པ་ང་ཚོ་སུས་བལྟས་ཀྱང་ཤེས་ཐུབ་པ་ཞིག་རེད། རྗེས་སུ་རྒྱལ་ཡོངས་བཅིངས་འགྲོལ་བཏང་སྟེ། ཆོས་ལུགས་དད་མོས་རང་དབང་གི་སྲིད་ཇུས་དངོས་སུ་ལག་བསྟར་བྱས་པ་ན། སྔོན་ ཆད་ཆོས་སྲིད་གཉིས་ཀྱི་དབང་ཆ་བཟུང་མྱོང་བ་དང་དེ་དག་གི་མི་རབས་རྗེས་མ་ཚོས་ཡང་བསྐྱར་ཆོས་སྲིད་ཟུང་འབྲེལ་གྱི་ལམ་ལུགས་བཟང་ཚུལ་སོགས་ཀྱི་གླེང་ཕྱོགས་སྤེལ་ཏེ། བོད་ ཀྱི་སྤྱི་ཚོགས་ལ་ཤུགས་རྐྱེན་ངན་པ་བཞག་མྱོང་བ་ནི། དཔྱོད་མེད་ཀྱི་བློ་ཡིན་པ་ལས་མ་ འདས་སོ། །
བདུན། མཇུག་བསྡུ་བའི་གཏམ།
སློབ་གསོའི་ལོ་རྒྱུས་དར་བའི་ངོས་ཐད་ནས་བལྟས་ན། སློབ་གསོ་ནི་སྤྱི་ཚོགས་ཀྱི་སློབ་གསོ་བརྒྱུད་ནས་དར་བ་ཞིག་རེད། གནའ་རབས་སྤྱི་ཚོགས་སུ་གཞོན་དར་རྣམས་ལ་སློབ་ གསོ་གཏོང་མཁན་ནི་རུས་རྒྱུད་ཚོ་བའི་རྒན་གྲས་ཉམས་མྱོང་ཅན་དེ་ཡིན་པ་དང་། སློབ་གསོ་ཁག་ཅིག་ནི་སྤྱི་ཚོགས་འཚོ་བའི་ཉམས་མྱོང་ལས་བླངས་པ་དང་། འགའ་ཞིག་ནི་ཚོ་བ་ ཕན་ཚུན་བར་གྱི་མི་རྣམས་དང་འབྲེལ་འདྲེས་བརྒྱུད་ནས་མྱངས་པ་རེད། རྗེས་སུ་ཁྱིམ་ཚང་ གི་ངོ་བོ་གྲུབ་པ་དང་འབྲེལ། ཁྱིམ་ཚང་གི་སློབ་གསོ་དར་ལ། དེ་ནས་རིམ་གྱིས་སློབ་གྲྭའི་སློབ་གསོ་ཡང་དར་བ་རེད།
ནུབ་ཕྱོགས་ཀྱི་སློབ་གསོ་སྨྲ་བ་ཁག་ཅིག་གི་འདོད་ཚུལ་ལྟར་ན། སྒྲ་དོག་འཇུག་གི་སྤྱི་ ཚོགས་སློབ་གསོ་དེ་ཕལ་ཆེར་དུས་རབས16ནས18བར་དུ་དར་བ་སྟེ། ཧྥ་རན་སའི་སྤྱི་ཚོགས་སློབ་གསོ་དེ་སྤྱི་ལོ1533ལོའི་ཡས་མས་སུ་དར་བར་བཤད་པ་དང་། ཨ་རིའི་སྤྱི་ཚོགས་སློབ་ གསོ་དེ་སྤྱི་ལོ1600ཡས་མས་སུ་བྱུང་། དབྱིན་ཇིའི་སྤྱི་ཚོགས་སློབ་གསོའི་མྱུ་གུ་ནི་སྤྱི་ལོ1860 ལོའི་ཡས་མས་སུ་འབུས་ལ། འཇར་པན་གྱི་སྤྱི་ཚོགས་སློབ་གསོ་དེ་སྤྱི་ལོ1868ལོར་འགོ་ བརྩམས་པར་བཤད། འོན་ཀྱང་འདི་དག་གི་བཤད་སྟངས་ནི་སྤྱི་ཚོགས་སློབ་གསོའི་སྣང་ཚུལ་ ཞིག་བསྟན་པ་མ་གཏོགས། དོན་དངོས་ཀྱི་སྤྱི་ཚོགས་སློབ་གསོ་དར་བའི་ལོ་ཟླ་ནི་དེ་དག་ལས་ཀྱང་ཆེས་སྔ་བ་ཞིག་ཡིན། དེ་ནི་གོང་དུ་བཤད་པ་ལྟར་རུས་རྒྱུད་ཚོ་བ་བྱུང་བ་ནས་འགོ་བརྩམས་ཤིང་རིམ་གྱིས་དར་རྒྱས་བྱུང་ལ། ནང་དོན་ཡང་སྤྱི་ཚོགས་ལམ་ལུགས་ཀྱི་ཆབ་སྲིད་ དབང་ཆས་ཐག་གཅོད་བྱས་ཡོད་པར་བརྟེན་འཕེལ་རྒྱས་དལ་བའི་རྒྱུ་མཚན་ཙམ་ཡིན།
རང་རེའི་བོད་ཀྱི་ཐང་སྟོང་རྒྱལ་བོ་ལ་མཚོན་ན། ཁོས་ཀྱང་བོད་དུ་སྤྱི་ཚོགས་སློབ་གསོ་ རྒྱ་ཆེར་སྤེལ་མྱོང་བ་སྟེ། ཆུ་རབ་མེད་ལ་ཟམ་པ་བསྐྲུན་ཆེད་དུ་དཔལ་འབྱོར་འཚོལ་དགོས་ལ། དཔལ་འབྱོར་ཡོང་འབབ་དེའི་ཆེད་དུ། སངས་རྒྱས་ཆོས་ལུགས་ཀྱི་ནང་དོན་ལྡན་པའི་ལྷ་ མོའི་ཟློས་གར་སོགས་བོད་ཀྱི་ཡུལ་ཁམས་སོ་སོར་སྤེལ་མྱོང་ལ། དེས་ཕྱོགས་གཅིག་ནས་དམ་ པའི་ཆོས་ཀྱི་དགོངས་དོན་མང་ཚོགས་ལ་བསྒྲགས་ནས་ཆོས་ལུགས་ཀྱི་སྙིང་བོ་དར་རྒྱས་སུ་་་བཏང་བ་དང་། ཕྱོགས་གཞན་ཞིག་ནས་དཔལ་འབྱོར་གྱི་ཡོང་སྒོ་སྤེལ་ནས་ཟམ་པ་སྐྲུན་བྱེད་ ཀྱི་ལྕགས་ཐག་འཚོལ་བ་རེད། འདི་དང་འདི་ལྟ་བུའི་དཔེ་མཚོན་མི་སྣ་བོད་དུ་མང་པོ་ཡོད་ པས། དེ་དག་ཀྱང་སྤྱི་ཚོགས་སློབ་གསོ་མིན་ཞེས་སུས་བཤད་ནུས།
ད་ལྟ་ནི་ཏང་གི་ཡང་དག་པའི་སྲིད་ཇུས་འོག བོད་ཀྱི་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་རྣམས་བཀས་བཀོད་རྒྱུད་འཛིན་གྱི་ཞིང་བྲན་ལམ་ལུགས་འོག་ནས་དངོས་སུ་ཐར་ཏེ། བདེ་སྐྱིད་ཀྱི་འཚོ་བ་རོལ་བཞིན་པའི་སྐབས་ཡིན་པས། བོད་མི་སོ་སོས་རང་གི་མཐོང་ཐོས་དང་ཤེས་ཡོན་གྱི་རྒྱ་བསྐྱེད་དེ། བསམ་བློ་དང་འདུ་ཤེས། གོ་རྟོགས་དང་ནུས་རྩལ་སོགས་བསྒྱུར་བཅོས་བྱས་ནས། དེས་བོད་རིགས་མང་ཚོགས་ལ་རྨོངས་སེལ་གྱི་སྤྱི་ཚོགས་སློབ་གསོ་དང་ལག་རྩལ་གྱི་གསོ་སྦྱོང་འཛིན་གྲྭ། གོ་རྟོགས་ཀྱི་བསམ་བློ་བསྒྱུར་བཅོས་སོགས་ཀྱི་སྤྱི་ཚོགས་སློབ་གསོ་སྤེལ་ནས་སྔོན་ཐོན་མི་རིགས་སུ་བསྒྱུར་བའི་དུས་ལ་བབ་ཡོད་པའོ། །
2014ལོའི་ཟླ10བའི་ཚེས6ལ།
དཔྱད་གཞིའི་ཡིག་ཆ།
①《བོད་ཀྱི་ལོ་རྒྱུས་རགས་རིམ་གཡུ་ཡི་ཕྲེང་བ》(སྟོད་ཆ) ཡི་ཤོག་ངོས༡༧ན་གསལ།
②《འབེལ་གཏམ་ལུང་གི་སྙིང་བོ》ཞེས་པའི་ཕྱི་པར་དེབ་ངོས༢༤ན་གསལ།
③《བོད་ཀྱི་ལོ་རྒྱུས་རགས་རིམ་གཡུ་ཡི་ཕྲེང་བ》(སྟོད་ཆ) ཡི་ཤོག་ངོས༣༡ན་གསལ།
④《བོད་ཀྱི་གནའ་རབས་ཡིག་ཆ་གཅེས་བསྡུས》ཀྱི་ཤོག་ངོས༦༣།
⑤《བོད་ཀྱི་ལོ་རྒྱུས་རགས་རིམ་གཡུ་ཡི་ ཕྲེང་བ》(སྟོད་ཆ) ཤོག་ངོས༤༩ན་གསལ།
⑥《བོད་ཀྱི་ལོ་རྒྱུས་རགས་རིམ་གཡུ་ཡི་ཕྲེང་བ》(སྟོད་ཆ) ཤོག་ངོས༥༣ན་གསལ།
⑦《བོད་ཀྱི་ལོ་རྒྱུས་རགས་རིམ་གཡུ་ཡི་ཕྲེང་བ》(སྟོད་ཆ) ཤོག་ངོས༥༣ན་གསལ།
⑧⑨⑩ 《བོད་ཀྱི་ལོ་རྒྱུས་རགས་རིམ་གཡུ་ཡི་ཕྲེང་བ》(སྟོད་ཆ) ཤོག་ངོས59དང60། 62བཅས་ན་གསལ།
⑪ ཧི་མ་ལ་ཡའི་བོན་གྱི། 《བོད་ཀྱི་ཡ་ཐོག་ཤེས་རིག་གི་འབྱུང་ཁུངས་གླེང་བ།》 ལན་ཀྲིག་སློབ་ཆེན་གྱི་དགེ་རྒན་ཆེན་མོ་འབྲུག་ཐར་གྱིས་མཛད་ལས་དྲངས།
⑫《བོད་ཀྱི་ལོ་རྒྱུས་རགས་རིམ་གཡུ་ཡི་ཕྲེང་བ》(སྟོད་ཆ)ཤོག་ངོས158པ་ནས159བཅས་ན་གསལ།
⑬⑭⑮《བོད་ཀྱི་ལོ་རྒྱུས་རགས་རིམ་གཡུ་ཡི་ཕྲེང་བ》(སྟོད་ཆ) ཤོག་ངོས107དང110། 166བཅས་ན་གསལ།
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།