མཚོ་སྔོན་པོའི་ལྷོ་རྒྱུད་ཀྱི་ཕྱིང་ཞྭའི་སྐོར་རགས་ཙམ་གླེང་བ།

རྩོམ་པ་པོ།:རྒྱ་ཕྱུག་བསོད་ནམས་ཚེ་བརྟན། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2014-06-11 09:21:00 ཀློག་གྲངས།:

མཚོ་སྔོན་པོའི་ལྷོ་རྒྱུད་ཀྱི་ཕྱིང་ཞྭའི་སྐོར་རགས་ཙམ་གླེང་བ།
 

  ནང་དོན་གནད་བསྡུས།
  རྩོམ་ཡིག་འདིར་མཚོ་སྔོན་པོའི་ལྷོ་རྒྱུད་གཙོས་མདོ་སྨད་ཀྱི་ཕྱིང་འཇོག་རིག་གནས་དང་། སྒོས་སུ་ཕྱིང་ཞྭ་འཇོག་སྟངས་ཀྱི་སྐོར་ཞིབ་ཏུ་གླེང་ཡོད།
  གནད་ཚིག ཕྱིང་བ། ཕྱིང་ཞྭ། བྱེད་ནུས།


  དང་པོ། ཡིག་ཚང་དང་ངག་རྒྱུན་ཁྲོད་ཀྱི་ཕྱིང་བའི་སྐོར།

  སྤྱིར་འཛམ་བུ་གླིང་གི་མི་རིགས་སོ་སོ་བ་ལ་རང་ཉིད་ཀྱི་རིག་གནས་སེམས་ཁམས་ཤིག་རྣམ་ཀུན་མི་རིགས་གང་དེའི་འགྲོ་འདུག་ཉལ་འཆག་དང་ལྟོ་གོས་ཡོ་བྱད་སོགས་དང་ཆུ་ལ་ཆུ་བཞག་པ་ལྟ་བུའི་འབྲེལ་བ་མཆིས་པས།རང་ཅག་གངས་རིའི་ནང་རོལ་ཏུ་གནས་འཆའ་བའི་གདོང་དམར་གྱི་རིགས་ཀྱང་དེ་ལས་མ་འདས།བྱེ་བྲག་བཤད་བྱའི་ཡུལ་ཏུ་གྱུར་བའི་མཚོ་སྔོན་པོའི་ལྷོ་རྒྱུད་ཀྱང་གནའ་སྔ་མོ་ནས་ཞིང་འབྲོག་ཐོན་སྐྱེད་ཀྱི་ལས་ལ་ཞུགས་ནས་རང་བྱུང་ཁམས་དང་འཐབ་རྩོད་ཡུན་རིང་བགྱིས་པའི་ངོ་མཚར་གྱི་མེས་པོའི་བྱུང་བ་ནི་བགྲང་དུ་མི་ལང་ཡང་།དུས་ཀྱི་འཕེལ་འགྱུར་དང་གནས་ཀྱི་འཇིག་པས། ཡིད་ཆེས་རུང་བའི་ཡིག་ཚགས་མང་པོ་ཞིག་ནི་ཐལ་བའི་རྡུལ་དུ་གྱུར་ཏེ།ད་ནི་མི་རབས་ནས་མི་རབས་ལ་བརྒྱུད་པའི་མེས་པོའི་ཞལ་ཆེམས་ལྟར་ཡིག་ཐོག་ལ་འགོད་རྒྱུ་ལས་འོས་མ་མཆིས།ངལ་རྩོལ་ཐོན་སྐྱེད་ནི་མིའི་རིགས་ཀྱིས་རྒྱུན་རིང་ཏུ་འབྲེལ་འདྲིས་བྱས་པའི་འཚོ་བའི་ཆ་ཤས་ཤིག་ཡིན་པར་གཞི་བཅོལ་ན།འདི་དང་འབྲེལ་བའི་རིག་གནས་གོམས་སྲོལ་ནི་ང་ཚོས་དོ་སྣང་བྱ་འོས་པའི་ཞིབ་འཇུག་གི་ཁ་ཕྱོགས་ཤིག་ཡིན་ཏེ།ཕུན་སུམ་ཚོགས་པའི་འཚོ་བའི་མྱོང་སྣང་གླུ་དང་། གར། གཏམ་སོགས་ལ་བརྒྱུས་ཏེ་བརྡ་སྤྲད་པར་བྱས་ཡོད།དེ་བཞིན་མདོ་སྨད་ཀྱི་ཕྱིང་ཞྭའི་སྐོར་ཡང་ངལ་རྩོལ་ཐོན་སྐྱེད་ལས་བྱུང་བའི་ཕུན་སུམ་ཚོགས་པའི་རིག་གནས་གོམས་སྲོལ་ཞིག་གི་ཕུང་བོ་ཞིག་ཡིན་པས།རང་རེའི་ཕྱུགས་ལས་ཐོན་སྐྱེད་དང་འབྲེལ་ཞིང་།ལྷག་པར་ཏུ་ལོ་ངོ་སྟོང་ཕྲག་ཡར་སྔོན་གྱི་མདོ་དབུས་མཐོ་སྒང་གི་རང་བྱུང་ཁོར་ཡུག་གི་ཆོས་ཉིད་དང་བསྟུན་ནས་བཟོས་པས་རྩ་དོན་རང་བཞིན་ལྡན་པ་སྨྲས་ཅི་དགོས།དེ་ལ་འདིར་ཡིག་ཚང་ཁྲོད་ཀྱི་ཕྱིང་བའི་སྐོར་གླེང་བར།རྒྱའི་ཡིག་ཚང་དུ“གྱོན་པ་ཕྱིང་བར་བྱེད་ཅིང་།གདོང་ལ་ཚོས་བྱུགས་པ་དགའ་མོར་སེམས”[1]ཞེས་དང་།ཡང་ཕྱིང་གུར་ཆེན་མོར་འདུག་ཅིང་དེ་ལ་ཕོ་བྲང་དུ་འབོད་པ་དང་སྡེར་མའི་དོད་དུ་ཕྱིང་གདན་བྱེད་པ[2]སོགས་འབྱུང་བ་དེ་ཞིབ་འཇུག་པ་རེ་འགས[3]ཡིག་ཚགས་ཐོག་མར་འཇོག་ཀྱང་།ད་ལྟ་ང་ཚོས་མཐོང་བའི་རྒྱའི་ཡིག་ཚང་འདི་དག་འགྱུར་མ་ཤ་སྟག་ཡིན་པས། མ་ཡིག་ཏུ་གུར་ཙམ་ལས་རྒྱུ་ཆ་གང་གིས་བཟོས་པ་གསལ་ཐག་ཆོད་པ་ཞིག་རྟོགས་དཀའ། ཡང་སྤྱི་ལོ༨༠༡ཙམ་ལ་བརྩམས་གྲུབ་པའི«ལོ་རྒྱུས་ཆེན་མོར»འབྱུང་བའི་གུར[4]ཡང་ཕྱིང་གུར་དང་སྦྲ་གུར།རས་གུར་སོགས་གང་ཡིན་ཐག་གཅོད་དཀའ།ཡིན་ནའང་།འགྱུར་མའི་སྐྱོན་མ་ཞུགས་ལ།བྲིས་མའི་ལྷད་མ་ཞུགས་པའི་བོད་ཡིག་གསེར་གྱི་གུར་ཁང་ནའང་ཕྱིང་བའི་སྐོར་བཀོད་པའི་གནའ་རབས་ཀྱི་ཡིག་ཚང་ཡོད་དེ།ཏུན་ཧོང་ཡིག་ཆ་ཨངIOL TiBJ730 པ«སུམ་པའི་མ་ཤགས་ཆེན་མོར»“གཉེན་སྡུག་བྱམས་པས་བོར་ན།གཡུལ་ངོར་རྟས་བོར་བ་དང་འདྲའོ།།ཕ་བུ་འཛངས་པས་བོར་ན་ནི།ཆར་ནང་དུ་ཕྱིང་བ་མྱེད་པ་དང་འདྲའོ།།”[5] ཞེས་ཕྱིང་བའི་ནུས་པ་གཏམ་དཔེ་དང་སྦྱར་ནས་བྱུང་བ་འདི་ནི་ད་ཡོད་ཕྱིང་བའི་སྐོར་བཀོད་པའི་བོད་ཡིག་གི་ཡིག་ཆ་སྔ་ཤས་དང་ཁུངས་དག་ཤས་ཡིན་པས། རྒྱའི་ཡིག་ཚང་ལས་ཀྱང་ཡིད་བརྟན་འཕེར་རུང་བ་ཡིན།དེ་མིན་མཁས་དབང་དགེ་འདུན་ཆོས་འཕེལ་གྱིས“ཡུལ་མིའི་ཆས་དང་སྲོལ་ལུགས་གཞན་ནི་བྱང་མཐའ་དང་ལྷོ་མཐའི་ལུང་ཁུག་འགོལ་བོ་དག་ན།ད་ལྟ་ཡང་སྔོན་གྱི་མིའི་སྐུ་བརྙན་གསོན་པོ་མང་དུ་བཞུགས་པ་དེ་དག་ལ་དངོས་སུ་མཇལ་བས་ཤེས”[6] པར་གསུངས་པ་བཞིན། ད་ལྟ་ཨ་མདོའི་དགོན་སྡེ་དང་མ་ཎི་ཁང་གི་ལྡེབས་རིས་དག་ན་ཕྱིང་དཀར་དང་ཕྱིང་རྨོག་ མནབས་ཤིང་དྲེལ་དཀར་ལ་བཅིབས་པའི་སྲིད་པའི་ལྷ་ཆེན་དགུའི་ཡ་གྱལ།གཞི་བདག་གི་ཆེ་རི་རྒྱལ་ལོ་ཨ་མྱེས་རྨ་ཆེན་གྱི་སྐུ་བརྙན་ལ་ཐེངས་གཅིག་མཇལ་ནའང་ཕྱིང་བའི་སྐོར་གྱི་སྔོན་གྱི་བྱུང་བ་མང་བོ་ཞིག་གསལ་ཁ་འབྱེད་ཐུབ་བོ།། ཕྱིང་འཇོག་རིག་གནས་ནི་ཕྱུགས་ལས་ས་ཁུལ་གྱི་ཐོན་ལས་གཙོ་བོ་ཡིན་ལ།འདི་རང་རེ་ཙམ་མ་ཟད་གནའ་བོའི་བྱང་ཕྱོགས་མི་རིགས་ནང་ན་ཤིན་ཏུ་མང་བ«ཐང་ཟན་ཙང་གི་ལམ་ཡིག»[7]ཏུ་མང་དུ་འབྱུང་ངོ་།།


  གཉིས། ཕྱིང་ཞྭ་འཇོག་སྟངས་ཀྱི་སྐོར།


  ཕྱིང་ཞྭ་འཇོག་པར་ཐོག་མར་ཕྱིང་བ་འཇོག་པ་ནས་མགོ་རྩོམ་དགོས་ཏེ། “ལུག་གཡང་དཀར་བལ་གྱི་རྒྱུ་གསུམ་དེ།།དབུས་ཕྲུག་དམར་པོ་བལ་གྱི་རྒྱུ།།རྒྱ་ཐེར་དམར་པོ་བལ་གྱི་རྒྱུ།། བོད་ཀྱི་ལྭ་དཀར་བལ་གྱི་རྒྱུ།། དེ་འཇམ་པོ་བལ་གྱི་རྒྱུ་གསུམ་རེད།།”[8] ཅེས་པ་བཞིན་རྒྱུ་གཙོ་བོ་བལ་བསེད་པ་ལ་འཇིལ་ལི་མེད་པའི་ཨུ་ནི་སོགས་བསེད་དེ་ཕྱར་བའི་སྟེང་དུ་སྲབ་མཐུག་ལ་བལྟས་ནས་ཉིས་བརྩེགས་སམ་སུམ་བརྩེགས་ཙམ་ བཞག དེའི་སྟེང་དུ་ཆུ་ཁོལ་ཅུང་ཙམ་གཏོར་ནས་ཕྱར་བ་ཁ་བསུམ[9]ཏེ་གླིངས་རྒྱུ་རིང་ཙམ་བྱས།དེ་ནས་ཕྱར་བའི་ཁ་ཕྱེས་ནས་ཆུ་ཁོལ་ཅུང་ཙམ་གཏོར་བ་དང་།དེའི་ཐོག་ཏུ་རྒྱ་སྐྱེགས་དང་རྫ་ཆས་དཀར་པོ་བྱེ་མར་བཏང་བ་དག་གཏོར་རྗེས།ཡང་བསྐྱར་གླིངས་རྒྱུ་བྱེད་དགོས། ཕྱིང་བ་གླིངས་རྒྱུ་བྱེད་པའི་དུས་ཡུན་ལ་ཐེངས་ཁྲི་ཕྲག་ཡན་དགོས་ཏེ།དེ་ལྟར་མ་བྱས་ན་བལ་ཕན་ཚུན་མི་འབྱར་བར་ལྟེབས་མྱུག་ཤོར་སྲིད་པ་རེད།ཕྱིང་བ་གྲུབ་ཡོད་མེད་དེ་དང་ཐོག་གི་བལ་བཏང་བའི་ཆེ་ཆུང་དང་སྲབ་མཐུག་གི་འགྱུར་བ་བལྟ་དགོས། ཕྱིང་བའི་ཆེ་ཆུང་དང་མང་ཉུང་དངོས་པོ་ཅི་ཞིག་བཟོ་མིན་ལ་འབྲེལ་བ་ཡོད། གལ་སྲིད་ཆུ་ཕྱིང་དང་ཕྱིང་གདན་ལྟ་བུ་འཇོག་ན་ཕྱར་བ་ཆེན་པོ་དང་དུམ་བུ་མང་ཙམ་གྱི་སྟེང་འཇོག་དགོས་པ་མ་ཟད། མིའང་མང་ཙམ་དགོས་པ་དཔེར་ན་མཚོ་སྔོན་པོའི་འབྲོག་སྡེ་རེ་འགར་ཕྱར་བ་ཆེན་པོའི་ཕྱོགས་གཉིས་སུ་ཕོ་མོ་སོ་སོར་བགར་ཏེ་གླིངས་རྒྱུ་བྱེད་ན་ལྟ་བུ།ཕྱིང་ཞྭ་ལྟ་བུའི་དངོས་པོ་ཆུང་གྲས་འཇོག་ན་མི་གཅིག་གིས་ཕྱིང་འཇོག་གི་གླུ་དང་སྡེབས་ཏེ་ཕུར་ཕུར་གཏོང་དགོས་པ་ཡིན།ཡིན་ནའང་།མཚོ་སྔོན་པོའི་ལྷོ་རྒྱུད་ཀྱི་འབྲོག་སྡེ་མང་ཆེ་བར་སྔོན་སོག་པོས་དབང་བསྒྱུར་བྱས་པའི་ཤུགས་རྐྱེན་གྱིས་ད་ལྟ་ཕྱིང་འཇོག་གི་གླུའི་ཚབ་ཏུ་སོག་པོའི་ཨང་ཀི་དབྱངས་ལ་འགུག་པའི[10] སྲོལ་ཞིག་འདུག ཕྱིང་འཇོག་གི་གླུའི་སྐོར་ཞིབ་ཅིང་ཕྲ་བ་མཁས་དབང་ནམ་མཁའི་ནོར་བུའི་གསུང་རྩོམ་ཕྱོགས་བསྒྲིགས[11]སུ་གསལ་བས་ཕྲན་གྱིས་འདིར་འབྲས་བུ་མངོན་གསལ་མེད་པའི་ངལ་བ་མི་བསྟེན་ནོ།།
  ཕྱིང་བ་གྲུབ་རྗེས་བཞི་ལྟེབས་བྱས་ནས་གནོན་བཅག་གཏོང་བ་དང་། དེ་ནས་ཕུར་བ་མགོ་སྦོམ་པོ་ཅན་ཞིག་སར་བཙུགས་ནས་ལྟེབས་བཅག་བཏང་བའི་དབུས་ཕུར་བའི་མགོར་བསྐོན་དགོས། གལ་སྲིད་ཕུར་བ་མགོ་སྦོམ་ཞིག་མ་རེག་ཚེ་ཕུར་བའི་མགོར་རས་ཀྱིས་གཅུད་པའང་ཡོད། དེ་ལྟར་བྱས་རྗེས་ལག་པ་གཉིས་ཀྱིས་ཕུར་བའི་མགོ་ནས་མར་ཡང་ནས་ཡང་དུ་དེད་དེ་ཐེངས་སྟོང་ཕྲག་གཅིག་ལོངས་ན་ད་གཟོད་ཕྱིང་ཞྭའི་མགོ་ཚུགས་དང་ཁ་ཀོར་ཡོང་། མཐུད་ནས་གྲི་ཁ་རྣོ་དབལ་ལྡན་པ་ཞིག་གིས་དེའི་སྟེང་དུ་དྲལ་ནས་སྤུ་ཟིལ་མེད་པར་བྱས་ཏེ་ཇེ་ཡག་ཏུ་གཏོང་དགོས། ཕྱིང་ཞྭའི་མགོ་ཚུགས་ཡོངས་སུ་གྲུབ་རྗེས་ཤུར་མ་ནག་པོས་ཁ་ཐུམ་དང་ཁུ་རྟིང་ནག་པོས་སྐེ་ཐག་རྒྱག་དགོས། ཕྱིང་ཞྭའི་ཁ་གོར་ནང་ངོས་ཀྱི་སོར་གང་ཙམ་གྱི་མཚམས་སུ་ཞྭ་འཛིན་སྤྲད་ན་ད་གཟོད་ཕྱིང་ཞྭ་ཡོངས་སུ་གྲུབ་པ་ཡིན།
  ཕྱིང་འཇོག་རིག་གནས་ལས་བོད་མིའི་མཛེས་དཔྱོད་ཀྱི་ལྟ་བའང་རགས་ཙམ་མཐོང་ཐུབ་སྟེ། གོང་གསལ་དཀར་ཆག་ཞིབ་མོར་བཏགས་ནས་གཏོར་བ་དེ་ནི་ཕྱིང་ཞྭའི་ཁ་དོག་ལ་དམིགས་པ་ཡིན་ཏེ། ཉི་འོད་འོག་ཏུ་འོད་ཀྲིག་ཀྲིག་བྱེད་པའང་ཡོད། ཁ་ཐུམ་དང་སྐེ་ཐག་ནག་པོས་བཏུམས་པ་དེ་ནི་ཕྱིང་ཞྭའི་ཁ་དོག་དཀར་པོ་དང་བསྡེབས་པ་ཡིན། དེར་མ་ཟད། ལོ་ཆུང་གཞོན་ནུ་རྣམས་ཀྱིས་ཕྱིང་ཞྭའི་མགོར་ཅ་ལ་དམར་པོ་འཕེན་པར་བྱེད། ཕྱིང་འཇོག་རིག་གནས་ཀྱིས་བོད་མིའི་མཛེས་དཔྱོད་ལྟ་བ་ལས་གཞན་ད་དུང་རིན་ཐང་ལྟ་བ་དང་འཇིག་རྟེན་ལྟ་བ། མི་ཚེ་ལྟ་བ་ལ་སོགས་པའི་རིན་ཐང་བྲལ་བའི་ཆ་མང་པོ་ཞིག་མཚོན་ཡོད་པ་སྨྲས་ཅི་འཚལ།


  གསུམ། ཕྱིང་ཞྭའི་བྱེད་ནུས་སྐོར།


  བོད་མིའི་བཤད་རྒྱུན་དུ“ཕྱིང་བ་དང་ཨ་མར་ཅི་བྱས་ཆོག”ཅེས་པ་བཞིན་ཕྱིང་བའི་རིག་གནས་ཀྱི་མཐིལ་རྟོགས་པའི་ཁོ་པ་ཚོས་ཕྱིང་བ་གཅིག་གིས་ཕྱིང་ཞྭ་དང་ཕྱིང་གདན། ཕྱིང་གུར། ཕྱིང་གཟར། ཕྱིང་ཁུག ཆུ་ཕྱིང་སོགས་བཟོ་དབྱིབས་མི་འདྲ་བའི་ཐོན་རྫས་སྣ་ཚོགས་ལས་སྣོན་བྱ་ཤེས་པ་རེད། བྱེ་བྲག་ཏུ་བཤད་བྱའི་ཕྱིང་ཞྭའི་བྱེད་ནུས་ཀྱི་སྐོར་ནས་རྒྱ་ཞྭ་སྣ་རིང་བཞིན་རལ་སྐྱོན་མི་ཤོར་བར་མ་ཟད། ཚར་ཞྭ་བཞིན་ཆུས་མི་སྦངས་ལ། ཞྭ་འབོག་བཞིན་ལྕི་ཞིང་རྔུལ་ཆུ་མི་ལངས་པར་བསིལ་དྲོད་རན་པ། ད་དུང་ཆར་གྱིས་མི་བརྟོལ་བ་དང་ལྟེབས་གཉེར་མི་ཤོར་བ་བཅས་ཀྱིས་ཕྱིང་ཞྭ་གཅིག་ལོ་བཅུ་ཕྲག་འགར་གོན་ཆོག་པ་རེད།ཡིན་ནའང་། ཕྱིང་འཇོག་ནི་སྐུད་པ་འཁེལ་བ་དང་འོ་མ་དཀྲུགས་པ་ལྟ་བུའི་ལས་སླ་མོ་ཞིག་མ་ཡིན་པར་དཀའ་ཚེགས་དང་སྡུག་རུས་མྱང་དགོས་པ་རེད། དཔེར་ན་ཕྱིང་འཇོག་གོ་རིམ་ཁྲོད་གླིངས་རྒྱུ་བྱས་པས་ལག་ངར་དང་ལག་ངོ་ཤུད་པ། ཁྲག་འཛར་བའི་གནས་ཚུལ་སོགས་རྒྱུན་དུ་འབྱུང་བཞིན་ཡོད།འདི་ལྟའི་ཕྱིང་འཇོག་རིག་གནས་ཀྱི་གོ་རིམ་ཁྲོད་པཎ་ཆེན་སྣང་བ་མཐའ་ཡས་ཀྱིས“ལས་ལ་བརྩོན་ཞིང་དཔའ་ངར་ཆེ་བའི་བོད་མི་རིགས”ཞེས་གསུངས་པ་བཞིན་མི་རིགས་འདིའི་རང་བྱུང་ཁམས་དང་འཐབ་རྩོད་བྱེད་པའི་བརྒྱུད་རིམ་ཁྲོད་ཀྱི་བློ་གྲོས་དང་དཔའ་ངར། དཀའ་སྤྱད་སྡུག་རུས་མྱོང་ཐུབ་པ་བཅས་ཀྱི་རང་གཤིས་གཤའ་མ་ཞིག་ཀྱང་ཞོར་དུ་རྟོགས་འོང་། མཐར་བློ་དམན་ཕྲན་ལྟ་བུས་ཀྱང་བོད་ཀྱི་དམངས་སྲོལ་རིག་གནས་ལ་དཔྱད་ཞིབ་བགྱི་བ་འདི་ནི་བྱི་ལས་སེང་གེའི་ལས་བསྒྲུབ་འདོད་ལྟ་བུའི་རྗེས་སུ་བྱེད་ཀྱང་། བློ་ནང་དུ་བཀུག་ནས་ཞིབ་མོར་བསམས་ན་བོད་ཀྱི་དམངས་སྲོལ་རིག་གནས་རིན་ཐང་བྲལ་བ་འདི་དག་འཛིན་སྐྱོང་སྤེལ་གསུམ་བྱ་རྒྱུའི་འགན་ཁྲི་དེ་རང་རེ་ཐམས་ཅད་ལ་ཡོད་པར་བསམ་ནས་མི་ཐེག་དོས་པོ་འདི་ཕྲག་ལ་འཁུར་བའི་ལས་བརྩམས་པའོ།།


  ལུང་ཁུངས་དང་མཆན་འགྲེལ།

  [1][2]«ཐང་ཡིག་གསར་རྙིང་ལས་བྱུང་བའི་བོད་ཆེན་པོའི་སྲིད་ལུགས»དོན་འགྲུབ་རྒྱལ་དང་ཁྲིན་ཆིན་དབྱིན་གཉིས་ཀྱིས་བསྒྱུར། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། P:6  1983.6
  [3]«མང་ཚོགས་སྒྱུ་རྩལ» དེབ་དང་པོ། 2011.3
  [4]ཏུའུ་ཡུག༼༧༣༥----༨༡༢༽གིས་སྤྱི་ལོ༨༠༡ལོར་བརྩམས་གྲུབ་པའི་ཐང་རྒྱལ་རབས་ཀྱི་ལོ་རྒྱུས་ཡིག་ཚགས«ཐུང་ཏེན»ཞེས་བྱ་བ་ལས་གླེགས་བམ་བརྒྱ་དང་དགུ་བཅུ་བ།མཐའ་སྲུང་སྐབས་དྲུག་པ།ནུབ་ཕྱོགས་མི་རིགས་སྐབས་གཉིས་པ་ལས་བོད་ཀྱི་ས་བཅད་མཐའ་བ་བཀྲ་ཤིས་དོན་གྲུབ་ཀྱི་འགྱུར་ཡིག «ཀྲུང་གོའི་བོད་རིག་པ»P:102   2011.4
  [5] ཏུན་ཧོང་ཡིག་ཆ་ཨངP.T.1007པ«སུམ་པའི་མ་ཤགས་ཆེན་མོ»ཞེས་པ郑炳林དང黄维忠གཉིས་ཀྱིས་གཙོ་སྒྲིག་བྱས་པའི«敦煌吐蕃文献选辑·文学卷»དུ་བསྡུས་ཡོད།民族出版社,2011年版,98页
  [6]«བོད་ཆེན་པོའི་སྲིད་ལུགས་དང་འབྲེལ་བའི་རྒྱལ་རབས་དེབ་ཐེར་དཀར་པོ་ཞེས་བྱ་བ་བཞུགས་སོ།།»དགེ་འདུན་ཆོས་འཕེལ་གྱིས་བརྩམས། མི་རིགས་དཔེ་སྐྲུན་ཁང་། P: 19  2009.5
  [7]«ཆེན་པོ་ཐང་གུར་དུས་ཀྱི་རྒྱ་གར་ཞིང་གི་བཀོད་པའི་དཀར་ཆག་བཞུགས་སོ།།»ཐང་ཟན་ཙང་དང་པེན་ཅིས་བརྩམས། གུང་མགོན་པོ་སྐྱབས་ཀྱིས་བསྒྱུར། སྐལ་བཟང་དགེ་ལེགས་རྒྱལ་མཚན་གྱིས་འགྱུར་བཅོས་མཛད།P: 2  P: 6 P: 7 P: 8ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2006.12
  [8]«སྲིད་པའི་ཡས་གཏམ་མས་གཏམ»མཚོ་སྔོན་ཞིང་ཆེན་རིག་གནས་ཁང་དང«མང་ཚོགས་སྒྱུ་རྩལ»དུས་དེབ་ཁང་གིས་བསྒྲིགས། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། P: 128  2010.4
  [9]ཟོན་ཐར་སྐྱིད་ཀྱིས་བྲིས་པའི་དཔྱད་རྩོམ་ཞིག་ཏུ་ཕྱར་བའི་སྣེ་མོ་ཕན་ཚུན་ཐོད་གཏུགས་ནས་མཐའ་གཉིས་སྐུད་པས་བཙེམས་སྲོལ་ཞིག་འདུག་པ་ཕྲན་གྱིས་རྟོག་ཞིབ་བཏང་བའི་ས་ཁུལ་དང་ཅུང་མི་འདྲ་ཡང་།ཐབས་འདིས་ཕྱིང་བར་ལྟེབས་ཆག་མི་འགྲོ་བར་ནུས་པ་ཆེན་པོ་ཐོན་འདུག་སྙམ། ཟོན་ཐར་སྐྱིད། «མང་ཚོགས་སྒྱུ་རྩལ » [J] དེབ་དང་པོ། P: 32 2011.3
  [10]མཚོ་སྔོན་པོའི་ལྷོ་རྒྱུད་ཀྱི་འབྲོག་སྡེ་རེ་འགར་རྒན་རྒོན་ལོ་བདུན་ཅུ་ནས་བརྒྱུད་ཅུར་སོན་པ་མང་བོས་ཕྱིང་འཇོག་གི་གླུའི་ཚབ་ཏུ་སོག་པོའི་ཨང་ཀི་དབྱངས་ལ་འགུག་བཞིན་པ་སྨྱུག་ཐོགས་པས་དངོས་སུ་ཐོས་མྱོང་།
  [11]«མཁས་དབང་ནམ་མཁའི་ནོར་བུའི་གསུང་རྩོམ་ཕྱོགས་བསྒྲིགས»ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། P: 127 2009.1

 


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།