ནང་བསྟན་དཔལ་འབྱོར་རིག་པ་ལས་དཔལ་འབྱོར་དང་འགྲོ་བ་མིའི་བདེ་སྐྱིད། དཔལ་འབྱོར་དང་ཀུན་སྤྱོད།

རྩོམ་པ་པོ།:རྒྱ་གྲོལ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2014-03-24 09:37:00 ཀློག་གྲངས།:

དཔལ་འབྱོར་དང་འགྲོ་བ་མིའི་བདེ་སྐྱིད།

      རྒྱུ་ནོར་གསོག་པ་ནི་མི་ཚེ་བདེ་སྐྱིད་ཀྱི་ཆེད་དུ་ཡིན་པས་དཔལ་འབྱོར་རིག་པའི་རིན་ཐང་ཡང་འདིའི་ངོས་ན་ཡོད། གལ་ཏེ་མི་ཞིག་ལ་བདེ་བ་སྟེར་མི་ཐུབ་པའི་དཔལ་འབྱོར་ནམ་མཁའི་མཛོད་ལ་མངའ་བརྙེས་ཀྱང་དེ་ཡིས་འགྲོ་བ་མིའི་རིགས་ལ་ཅི་ཡང་མི་ཕན་པའི་ཁར་རང་གི་སྡུག་བསྔལ་གྱི་རྒྱུ་རུ་མི་འགྱུར་བའི་ངེས་པ་དེ་ལས་ཀྱང་མེད་པས་དཔལ་འབྱོར་གྱི་དགོས་པ་ཅི་ཡང་འགྲུབ་མི་ཐུབ་པ་རེད།
      དཔལ་འབྱོར་གསོག་པའི་དམིགས་བྱ་ནི་དཔལ་འབྱོར་བཀོལ་སྤྱོད་བྱེད་པ་དེ་ཡིན་ལ་དེ་ཡང་གནད་ལ་གཏུགས་ན་བཀོལ་སྤྱོད་དེ་རང་གཞན་བདེ་ཐབས་སུ་བཀོད་སྤྱོད་བྱེད་པ་དེ་ཡིན། རང་གི་བདེ་ཐབས་དང་གཞན་གྱི་བདེ་ཐབས་སུ་འགྱུར་བ་ནི་ནང་བའི་དཔལ་འབྱོར་རིག་པའི་གནད་ཀྱི་དོན་པོ་རེད་དེ་མི་ལ་ལས་དཔལ་འབྱོར་གྱི་ཆེད་དུ་རང་གི་བདེ་བ་དང་ལུས་ཕུང་བདེ་ཐང་སོགས་ཡོད་ཚད་རློག་པར་བྱེད་ཅིང་གཞན་གྱི་བདེ་ཐབས་ཀྱང་རློག་པར་བྱེད་པས་དེ་ལ་སྙིང་བོ་ཅི་ཞིག་ཡོད་དམ།
      དེ་ཡང་ཡིན་ཏེ་མིའི་བདེ་སྐྱིད་ནི་རང་གི་སེམས་ནང་ནས་ཐོན་དགོས་ལ་དཔལ་འབྱོར་དེ་འདོན་བྱེད་ཀྱི་ལྷན་ཅིག་བྱེད་རྐྱེན་ཡིན། ཡིན་ནའང་རང་གི་བཀོལ་མ་ཤེས་པ་དང་དཔལ་འབྱོར་ལ་ལྟ་ཚུལ་ཡང་དག་པ་མེད་པའི་དབང་གིས་རང་གིས་བདེ་བ་རློག་བྱེད་ཅིག་ཏུ་འགྱུར་བ་ཤིན་ཏུ་མང་ལ་སྤྱིར་ན་དཔལ་འབྱོར་མིའི་དབང་དུ་འགྲོ་དགོས་མོད་དེ་དག་ནི་རང་ཉིད་དཔལ་འབྱོར་གྱི་དབང་དུ་བུད་འགྲོ་བས་དེ་ལ་དཔལ་འབྱོར་ཡོད་པས་དོན་སྙིང་ཅི་ཡང་མེད་སོང་བ་ལས་གཞན་ལ་དཔལ་འབྱོར་མེད་པ་ལས་ཆེ་བའི་སྡུག་བསྔལ་ཅིག་འབྱུང་བ་ཡིན་ནོ། །
      དེ་བས་མིའི་བདེ་སྐྱིད་ཐོབ་པ་ལ་གསོག་པའི་ཐད་དུ་དཔལ་འབྱོར་དེ་རང་གི་བདེ་སྐྱིད་རློག་བྱེད་དུ་འགྱུར་མི་རུང་ལ་སྤྱོད་པའི་ཐད་དུ་དཔལ་འབྱོར་དེ་རང་གི་ལུས་སེམས་སྐོང་བྱེད་ཅིག་ལས་མནར་གཅོད་གཏོང་བྱེད་ཅིག་ཏུ་འཛིན་མི་རུང་། དམིགས་ཡུལ་ཐད་ནས་གནས་སྐབས་ཀྱི་བདེ་བ་བསམ་ནས་མི་ཚེའི་མཐར་ཐུག་གི་བདེ་བ་རློག་པར་བྱེད་པའི་འཕྲོག་བཅོམ་ནག་འཚོང་གི་རིགས་གཏན་ནས་བྱེད་མི་རུང་བ་ཡིན་ནོ། །

དཔལ་འབྱོར་དང་ཀུན་སྤྱོད།

      དཔལ་འབྱོར་དང་ཀུན་སྤྱོད་ཀྱི་བར་ན་འབྲེལ་བ་ཡོད་དེ་རྒྱ་ནག་གི་བཤད་ཚུལ་ལ་སྐྱེས་པ་ཕྱུག་པོར་གྱུར་རྗེས་ལད་པར་གྱུར་ལ་བུད་མེད་ལད་པར་གྱུར་རྗེས་ཕྱུག་པོར་འགྱུར་ཟེར་ཏེ་དེ་ནི་དཔལ་འབྱོར་རིག་པ་དང་ཀུན་སྤྱོད་བར་གྱི་འབྲེལ་བའི་ཐད་ན་འབྲེལ་བ་སྟེ་མང་བོ་ཞིག་གིས་དཔལ་འབྱོར་དེ་ཀུན་སྤྱོད་ཉམས་བྱེད་ཅིག་གམ་ཡང་ན་རང་ཉིད་ཀྱི་དགོས་མཁོ་ཉག་གཅིག་དང་ལོངས་སུ་སྤྱད་བྱ་གཅིག་བསམ་པ་ལས་དཔལ་འབྱོར་ལས་ཐོབ་པའི་དོན་སྒོ་དེ་མི་ཆོས་རིང་ལུགས་དང་འབྲེལ་ཡོད་ཅིང་ངེས་པར་དཔལ་ཡོན་ཞིག་ཡིན་དགོས་པའི་ཚུལ་དེ་གསལ་བོར་ཤེས་མེད་པ་དེ་མཚོན་པ་རེད། དེ་ནི་དཔལ་འབྱོར་རིག་པའི་ཐད་ཀྱི་ཆེས་ཆེ་བའི་གནད་དོན་ཞིག་རེད་དེ། གནད་དོན་དེ་ནི་དཔལ་འབྱོར་རིག་པས་ཐག་ཆོད་ཀྱིན་མེད་པའི་གནད་དོན་ཞིག་ཡིན། དེའི་གནད་ཀྱང་དཔལ་འབྱོར་ནི་ལོངས་སྤྱད་བྱ་ཁོ་ནར་བསམ་ཏེ་རང་ཉིད་དཔལ་འབྱོར་གྱི་བྲན་དུ་བྱེད་ཅིང་གཞན་དག་ཀྱང་དཔལ་འབྱོར་གྱི་བྲན་དུ་འཛིན་པ་ལས་མི་ནི་དཔལ་འབྱོར་གྱི་བདག་པོ་དང་དཔལ་འབྱོར་གྱི་བྱེད་པོ་ཡིན་པའི་གནད་དེ་མ་ཤེས་ལ་མིས་དཔལ་འབྱོར་ལ་ཚོད་འཛིན་བྱེད་ཅིང་དཔལ་འབྱོར་ནི་མིའི་དགོས་པ་སྒྲུབ་བྱེད་ཅིག་ཏུ་ངོས་འཛིན་མ་ཐུབ་པ་རེད། དེ་དག་ལ་ཞིབ་ལྟ་བྱས་ན་བདེ་བ་ཞིག་ཡིན་རུང་ངོ་བོ་སྡུག་བསྔལ་དུ་གྲུབ་ཡོད་པས་དེ་ལ་དགོས་པ་ལས་ཉེས་པ་ཆེ་ཞེས་བཤད་ན་འགྲིག དེ་ནི་དཔལ་འབྱོར་དེ་མིའི་བདེ་ཐབས་དང་ཀུན་སྤྱོད་བར་གྱི་འབྲེལ་བ་ལ་གནད་དེ་མ་བཟུང་བའི་ལན་པ་ཡིན་ལ་དཔལ་འབྱོར་ནི་རང་གི་རིན་ཐང་ལས་ཀྱང་གཙོ་བོར་བཟུང་བའི་ལན་པ་ཡིན།
      དེ་བས་དཔལ་འབྱོར་རིག་པའི་ནང་དུ་གནད་དུ་གཟུང་དགོས་པ་ནི་ཀུན་སྤྱོད་ཀྱི་གནད་དོན་ཡིན་ལ་ཀུན་སྤྱོད་ཀྱི་གནད་གཙོ་བོར་གཟུང་དགོས་པའི་རྒྱུ་མཚན་ཡང་དཔལ་འབྱོར་དང་མིའི་རིན་ཐང་གཉིས་ལས་མིའི་རིན་ཐང་གཙོ་བོར་གཟུང་དགོས་པ་ལས་དམན་པར་འཛིན་མི་རུང་བ་ཤེས་དགོས་པའི་རྐྱེན་གྱིས་རེད། དེ་མིན་ན་མི་དཔལ་འབྱོར་གྱི་བྲན་དུ་གྱུར་ནས་རང་དབང་མེད་པ་ཞིག་དང་བདེ་བ་མེད་པ་ཞིག སྤྲོ་སེམས་མེད་པ་ཞིག གཞན་དོན་མི་བསམ་པ་ཞིག་ཏུ་འགྱུར་ཞིང་དེ་ལས་རང་བདེ་ཁོ་ནའི་སླད་དུ་གཞན་པའི་ཡོད་ཚད་རྡོག་བརྫིས་གཏོང་ལ་མཐར་ཐུག་རང་ཉིད་ཀྱང་རློག་པའི་ཉེན་ཁ་ཆེ། ནང་བསྟན་དཔལ་འབྱོར་རིག་པའི་ནང་དུ་མི་ནི་དཔལ་འབྱོར་གྱི་བདག་པོ་ཡིན་ལ་དཔལ་འབྱོར་ནི་མིའི་ལག་ཆ་ཞིག་ལས་མི་དཔལ་འབྱོར་གྱི་ལག་ཆར་འཛིན་མི་རུང་བའི་གནད་དེ་གསལ་བོར་ཤེས་དགོས་ལ་གནད་དེ་ཤེས་ན་དཔལ་འབྱོར་ནི་ཀུན་སྤྱོད་ལ་སྲུང་སྐྱོབ་བྱེད་པའི་ལག་ཆ་ཞིག་ཏུ་འཛིན་དགོས་པ་རེད། ཀུན་སྤྱོད་ལེགས་པ་ནི་རང་ལ་བཀག་སྡོམ་བྱེད་པ་མིན་པར་རང་གཞན་གཉིས་ཀྱི་བདེ་བའི་ཆེད་དུ་རེད།
      ནང་བསྟན་ལས་སྤྱི་ཚོགས་བདེ་ཐབས་ཀྱི་ཀུན་སྤྱོད་ཀྱི་ཚད་གཞི་ནི་མི་དགེ་བཅུ་སྤོང་ཡིན་ལ་དེ་ལས་གལ་ཆེ་བ་ནི་རྩ་བ་བཞི་དང་མྱོས་འགྱུར་འཐུང་བ་དེ་ཡིན་ལ་ནང་བསྟན་དཔལ་འབྱོར་རིག་པའི་ངོས་ནས་ཀྱང་ཀུན་སྤྱོད་ཀྱི་ཚད་གཞི་དེ་དག་དམིགས་སུ་གཟུང་དགོས་པ་ནི་གནད་ཀྱི་དོན་པོ་ཡིན། དེ་བས་དཔལ་འབྱོར་ནི་དེ་དག་འགོག་བྱེད་ཅིག་སྟེ་མི་ཆོས་རིང་ལུགས་དང་ཀུན་སྤྱོད་ཇེ་ལེགས་སུ་གཏོང་བའི་ཡོ་བྱད་ཅིག་ལས་དེ་དག་གི་འགལ་རྐྱེན་ཞིག་ཏུ་གཏན་ནས་འཛིན་མི་རུང་བ་ཡིན། ནང་བསྟན་གྱི་ཀུན་སྤྱོད་ཀྱི་ཚད་གཞི་དེ་ནི་སྤྱི་ཚོགས་དང་གྲོགས་པོ། ཁྱིམ་ཚང་། ཐ་ན་མི་རང་ཉིད་ཀྱི་མདུན་ལམ་དང་སྤྲོ་སྐྱིད། མིང་གྲགས་བཅས་ཕྱོགས་གང་ཐད་ལ་འབྲེལ་བ་ཡོད་ལ་མཐར་གཏུགས་ན་མིའི་བདེ་སྐྱིད་ཀྱི་ཆེད་དུ་རེད།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།