པཱ་ཀི་སི་ཐན(Pakistan)གྱི་ཡུལ་ནས་རྙེད་པའི་རྡོ་རིང་ཡིག་བརྐོས་ངོ་སྤྲོད།
རྡོ་རིང་ཡིག་བརྐོས་འདི་ནི་ཕྱི་ལོ2010ལོའི་ཟླ5པར་རྒྱ་རིགས་མ་ལིའི་ཧྭ་ཡིས་གཙོས་པའི་ཀྲུང་གོའི་རིག་གཞུང་ཚོགས་པ་ཞིག“པཱ་ཀི་སི་ཐན”(Pakistan)རྒྱལ་ཁབ་ཀྱི་ཡུལ“པར་ཏི་སི་ཐན”ཞེས་པར་བསྐྱོད་སྐབས་སུ་རྙེད་པའི་རྡོ་བརྐོས་ཞིག་ཡིན་པར་བཤད[1]འདུག་པ་ལྟར་དང་། དེ་ཡང་རྡོ་རིང་འདི་བཞེངས་པའི་དུས་སུ“པཱ་ཀི་སི་ཐན”གྱི་ཡུལ་དེར“བྲུ་ཤ”ཟེར་བའི་རྒྱུ་མཚན་ལ་བརྟེན་ནས“བྲུ་ཤའི་རྡོ་བརྐོས་ཡི་གེ”ཞེས་མིང་དུ་བཏགས་པ་ཡིན་ཞེས[2]མཁས་དབང་པ་ཚབ་པས་གསུངས་ཡོད། དེ་མིན་ཆབ་འགག་རྟ་མགྲིན་ལགས་ནས“པ་ཅི་སི་ཐན་སི་ཁ་ཏུའུ་རྫོང་གི་བཙན་པོའི་དུས་ཀྱི་རྡོ་རིང་སིལ་མ”ཞེས[3]འཁོད་འདུག་མོད། དེ་ནི་ཁོང་གིས་རྒྱ་ཡིག་གི་སྒྲ་གདངས་ལས་བསྒྱུར་བཀོད་ཞུས་པ་ཙམ་རེད།
2010ལོར“ཀྲུང་གོའི་བོད་རིག་པའི་ཞིབ་འཇུག”ཅེས་པའི་རྒྱ་ཡིག་དུས་དེབ་དྲུག་པར་རྒྱ་རིགས་རྩོམ་པ་པོ་ཁྲན་ཆིན་ཡིང་དང་མ་ལིའི་ཧྭ་ཞེས་པ་གཉིས་ཀྱིས་རྡོ་ཡིག་དེའི་སྐོར་གྱི་དཔྱད་རྩོམ་ཞིག་སྤེལ། དེའི་རྗེས་ཕྱི་ལོ2011ལོར་བོད་ལྗོངས་སྤྱི་ཚོགས་ཚན་རིག་ཁང་གི་བོད་རིག་པའི་ཞིབ་འཇུག་པ་ཆེན་མོ་མཁས་དབང་པ་ཚབ་པ་སངས་དབང་འདུས་ལགས་ནས་སྤུ་རྒྱལ་བཙན་པོའི་དུས་ཀྱི་རྡོ་རིང་ཡི་གེ་ཉུ་ཤུ་རྩ་ལྔ་ཕྱོགས་བསྒྲིགས་གནང་ཡོད་པའི་མཚན་བྱང་ལ“སྤུ་རྒྱལ་བོད་ཀྱི་རྡོ་བརྐོས་ཡི་གེ་ཕྱོགས་བསྒྲིགས་ཀྱི་མ་ཡིག་དག་བཤེར་དང་དེའི་ཚིག་འགྲེལ་དྭངས་སང་གངས་ཆུ”ཞེས་པ་ཞིག་རྩོམ་སྒྲིག་གནང་ཞིང་བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གིས་དཔར་དུ་བསྐྲུན་ཡོད་པ་དེར“བྲུ་ཤའི་རྡོ་བརྐོས”ཞེས་པ་འདི་མཚམས་སྦྱོར་གནང་ཡོད།
དེ་ནས་ཕྱི་ལོ2012ལོར་མཚོ་སྔོན་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆབ་འགག་རྟ་མགྲིན་ལགས་ནས་བསྡོམས་རྡོ་རིང་ཡི་གེ་དང་བྲག་བརྐོས་ཡི་གེ་བརྒྱ་དང་གཉིས་ཕྱོགས་བསྒྲིགས་གནང་ཡོད་པའི་དཔེ་ཆའི་མཚན་བྱང་ལ“བོད་ཡིག་རྡོ་རིང་ཞིབ་འཇུག”ཅེས་པ་བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གིས་དཔར་དུ་བསྐྲུན་ཡོད་པ་དེར་ཡང“བྲུ་ཤའི་རྡོ་བརྐོས་ཡི་གེ”འདི་ངོ་སྤྲོད་ཙམ་གནང་ཡོད། ཡིན་ན་ཡང་ཁོང་རྣམ་གཉིས་ནས་རྡོ་བརྐོས་ཀྱི་ཡི་གེ་དེ་དམིགས་བསལ་གྱིས་དུས་རབས་ནམ་ཞིག་གི་ཡིན་པ་སོགས་གསལ་འཁོད་མི་འདུག་མོད། མཁས་དབང་པ་ཚབ་པས་དཔེ་སྐྲུན་གསལ་བཤད་དུ“རྡོ་བརྐོས་ཡི་གེ་ཉི་ཤུ་རྩ་ལྔ་དུས་གང་ཞིག་ལ་བཞེངས་ཟེར་ན། ཕལ་ཆེ་བ་ནི་བཙན་པོ་ཁྲི་སྲོང་ལྡེ་བཙན་གྱིས་རྒྱལ་སྲིད་བཞེས་རིང(755-797)ནས་ཁྲི་གཙུག་ལྡེ་བཙན་སྲིད་ཁྲིར་འཁོད་པའི(821-838/841)བར་དུ་བརྐོས་པ་ཡིན་འདུག་པས་ད་བར་མ་མཐར་ལོ་ཡི་བགྲང་བྱ1170ཡས་མས་སོང་ཞེས་ཁ་ཚོན་གཅོད་ཆོག”[4]ཅེས་འཁོད་ཡོད།
གལ་ཆེ་བ་ཞིག་ལ“རྡོ་རིང་དེ་ནི་རྡོ་རིང་ནར་མོ་ཞིག་གི་གྲུབ་ཆ་ཡིན་འདུག་པས་རིང་ཚད་ལིའི་རྨིད180དང་། ཞེང་ལ་ལིའི་རྨིད20ཙམ་མཆིས་པ་ལ་ཡིག་ཕྲེང་གཉིས་པ་དང་གསུམ་པའི་ཡི་གེ་ཆ་ཤས་གསལ་ཞེས་ཁྲན་ཆིན་ཡིང་དང་མ་ལིའི་ཧྭ་མཆོག་གཉིས་ཀྱི་རྩོམ་ཡིག་ལ་གསལ།”[5]བར་བཤད་ཡོད། རྡོ་ཡིག་དེ་རྙེད་སའི་ས་གནས་ནི“པཱ་ཏི་སི་ཐན”ཞེས་པ་དེ་ཡིན་ལ་དེ་ནི་གནའ་བོའི་ཞང་ཞུང་གི་མངའ་ཁོངས་སུ་ངོས་འཛིན་བྱས་པའི“པཱ་ཀི་སི་ཐན”(Pakistan)ཞེས་པའི་རྒྱལ་ཁབ་ཀྱི་བྱང་ངོས་སུ་ཡོད་པར་གསལ། ས་ཆ་དེར་གནས་སྡོད་ཀྱི་གཞིས་མིའི་སྐད་ལ་ད་ལྟ་ད་རུང་ཞང་སྐད་ཀྱི་བརྡ་ཚིག་མང་པོ་ཡོད་པ་ཡང་ཐོས།
སྤྱིར་བོན་གྱི་ཡིག་རྙིང་བོན་མ་ནུབ་པའི་གཏན་ཚིགས་སུ་གསལ་བའི་ཁྲི་སྲོང་དང༌། ཏུན་ཧོང་ཡིག་རྙིང་དུ་གསལ་བའི་སྲོང་བཙན་སྐབས་ཞང་ཞུང་དེ་བོད་ཀྱི་མངའ་རིས་སུ་བཅུག[6]པར་བཤད་པ་ལྟར། ཡུལ་འདི་ཡང་དུས་རབས་བདུན་པ་དང་བརྒྱད་པ་ཙམ་ལ་བོད་ཀྱི་མངའ་འབངས་སུ་བསྡུས་པའི་ཞང་ཞུང་གི་ཡུལ་གྲུ་ཞིག་ཡིན་པར་གསལ་ཡོད། དེ་ཡང་པཱ་ཀི་སི་ཐན(Pakistan)དང་ཨ་རབ(Afghanistan ཨཕྷགྷནིསེཊན།)པའི་ལུང་པ་བཅས་ནི་ཞང་ཞུང་སྒོ་ཕུགས་བར་གསུམ་ལས་ཞང་ཞུང་བར་པ་རྒྱལ་གཤེན་མི་ལུས་བསམ་ལེགས་ཀྱི་སྒྲུབ་གནས་ཡིན་པར་འབེལ་གཏམ་ལུང་སྙིང་སོགས་ན་གསུངས་ཡོད་པ་ལྟར་རོ། དེ་བཞིན་མཁས་དབང་པ་ཚབ་པས་ཀྱང་། “དུས་རབས8པའི་ནང་བོད་རྒྱལ་ཁྲི་ལྡེ་གཙུག་བཙན་དང་ཁྲི་སྲོང་ལྡེ་བཙན་སྐུ་དུས་སུ་ཡུལ་དེར་བོད་ཀྱི་དམག་དྲངས་ཏེ་སྤུར་རྒྱལ་བོད་ཀྱི་མངའ་འོག་ཏུ་བསྡུས། ལྷག་དོན་ཁྲི་སྲོང་ལྡེ་བཙན་སྐུ་དུས་སུ་ཡུལ་དེར་སངས་རྒྱས་དར་སོ་ཆེ་བའི་རྣམ་པ་མཁས་པའི་དགའ་སྟོན་ཞེས་པའི་ལོ་རྒྱུས་དེབ་ཐེར་དེར་འཁོད་པའི་ཁྲི་སྲོང་ལྡེ་བཙན་གྱི་བཀའ་གཙིགས་ཡི་གེར་གསལ།”ཞེས་གསུངས་ཡོད་པ་ཙམ་ལས་ཡུལ་དེ་ཞང་ཞུང་ཡིན་པ་དང་ཕྱིས་བོད་ཀྱི་མངའ་འོག་ཏུ་བསྡུས་ཞེས་གསུང་མེད་པ་ནི་ཧ་ལས་པ་ཞིག་རེད། འདིའི་སྐོར་ལ་ཁོ་བོས་བྲུ་ཤའི་རྡོ་རིང་ཡི་གེ་ལས་“ཅི་ཏེ་”ཞེས་པའི་གོ་དོན་ལ་གསར་དུ་དཔྱད་པ་ཞེས་པའི་དཔྱད་རྩོམ་ཞིག་བྲིས་ཡོད་རྒྱས་པར་དེ་ལ་བཀོད་ཡོད།
མཆན།
[1] 2010ལོའི་ཟླ5པའི་རྩོམ་རིག་པ་མ་ལིའི་ཧྭ་ཡིས་གཙོས་པའི་ཀྲུང་གོའི་རིག་གཞུང་ཚོགས་པ་ཞིག་པར་ཀི་སི་ཐན་རྒྱལ་ཁབ་ཀྱི་ཡུལ་པར་ཏི་སི་ཐན་ཕྱོགས་ལ་འཚམས་འདྲིར་སྐྱོད་སྐབས་ས་གནས་དེའི་རིག་གནས་པ་མ་ཧན་མ་ཏེ་ཡིའི་སུབ་ཧོ་སེང་པའཏི་ཡིས་རང་གི་ཉར་ཚགས་བྱས་པའི་བོད་ཡིག་བརྐོས་པའི་རྡོ་རིང་ཞིག་ཁོང་ཚོར་སྤྲོད་གནང་ཞེས་གསལ།
[2] སྤུ་རྒྱལ་བོད་ཀྱི་རྡོ་བརྐོས་ཡི་གེ་ཕྱོགས་བསྒྲིགས་ཀྱི་མ་ཡིག་དག་བཤེར་དང་དེའི་ཚིག་འགྲེལ་དྭངས་སང་གངས་ཆུ། 2011ལོར་བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། དཔར་སྐྲུན་གསལ་བཤད་ཀྱི་ཤོག་ངོས3ན་གསལ།
[3] བོད་ཡིག་རྡོ་རིང་ཞིབ་འཇུག ཆབ་འགག་རྟ་མགྲིན་གྱིས་བརྩམས། 2012ལོར་བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ཤོག་ངོས85ན་གསལ།
[4] གོང་མཚུངས། དཔར་སྐྲུན་གསལ་བཤད་ཀྱི་ཤོག་ངོས1ན་གསལ།
[5] གོང་མཚུངས་པ་ཚབ་པ་སངས་དབང་འདུས། སྤུ་རྒྱལ་བོད་ཀྱི་རྡོ་བརྐོས་ཡི་གེ་ཕྱོགས་བསྒྲིགས་ཀྱི་མ་ཡིག་དག་བཤེར་དང་དེའི་ཚིག་འགྲེལ་དྭངས་སང་གངས་ཆུ། ཤོག་ངོས221ན་གསལ།
[6] དགེ་འདུན་ཆོས་འཕེལ་གྱིས་ཏུན་ཧོང་གི་ཡིག་རྙིང་དུ་གསལ་བའི་ལིག་མི་རྐྱའི་ལོ་རྒྱུས་དུམ་བུ་དེ་གོ་རིམ་བསྒྲིགས་འདུག་ཅེས་མཁར་རྨེའུ་བསམ་གཏན་རྒྱལ་མཚན་གྱིས་གསུངས་ཀྱང༌། དགེ་འདུན་ཆོས་འཕེལ་གྱི་གསུང་རྩོམ་དེབ་གསུམ་པར་ཏུན་ཧོང་ཡིག་རྙིང་གོ་བདེར་མཛད་པ་དེའི་ནང་ལིག་མི་རྐྱའི་ལོ་རྒྱུས་རྣམས་ཁྲི་སྲོང་སྐབས་བཞག་འདུག་མོད། འོན་ཀྱང་དེབ་དཀར་དུ་སྲོང་བཙན་སྐབས་བཞག་འདུག་གོ།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com