བསོད་ནམས་ཚེ་བརྟན་གྱིས་རྡོ་བརྐོས་ཡི་གེ་བཞི་བཅུ་ལྷག་གསར་རྙེད་བྱུང་།
མོ་ཧོའི་ལུང་ཁོག་གི་རྡོ་བརྐོས་ཡི་གེ
དང་པོ། མཚམས་སྦྱོར་དང་བརྗོད་བྱ་རགས་བསྡུས།
རྗེ་བླ་མ་ཡོངས་འཛིན་རིན་པོ་ཆེའི་ཞལ་ནས་བྱ་གཞུང་ཞེས་པ་ནི་ཁྱུང་སྨོན་སོགས་རི་བོ་དྲུག་ལ་བྱའི་མིང་ཆགས་པས་ཐོགས་པར་གསུངས་ལ། ས་ཁུལ་འདིའི་རྒན་གཞོན་བར་མ་གསུམ་གྱི་ཁ་ནའང་དེ་ལྟར་རླུང་ལྟར་གྲགས་བཞིན་ཡོད། རི་བོ་དྲུག་སོ་སོ་ནས་ངོས་འཛིན་རྒྱུ་ཡོད་པར་མ་ཟད། མདོ་དབུས་མཐོ་སྒང་གི་ས་ཁུལ་གཞན་དག་དང་རི་བོ་དེ་དག་ལའང་གཞི་བདག་མཚན་འདོགས་བྱས་ཆོག་པ་དྲུག་ཡོད། ཡིན་ནའང་། རྒྱུ་མཚན་ཅིའི་ཕྱིར་བྱ་དྲུག་གི་མིང་ཟུར་ཆགས་དགོས་པའི་རྒྱུ་མཚན་ལོ་རྒྱུས་ཡིག་ཆ་དང་ངག་རྒྱུན་གང་ནའང་མེད་པས། ང་རང་ནས་དེ་ནི་རི་བོ་དྲུག་གི་དབྱིབས་བྱའི་གཤོག་པ་བརྐྱངས་པ་དང་འདྲ་བའི་ཆ་ནས་བཏགས་པ་མིན་ནམ་སྙམ་ཡོད། གནས་འདི་ནི་ལོ་རྒྱུས་ཡིག་ཚང་སོགས་ན་གསལ་ཁ་དོད་པ་མི་མཆིས་པས། ཕྱི་རབས་པས་ཀྱང་དེ་འདྲའི་དོ་སྣང་མི་བྱེད་ཀྱང་། འདིའང་སྔོན་མཁས་མང་ཚོགས་པའི་གནས་གལ་ཆེན་ཞིག་སྟེ་ཞབས་དམར་བསྟན་འཛིན་རྒྱ་མཚོས(1852ནས1912)མཛད་པའི(ཡོངས་རྫོགས་བསྟན་པའི་མངའ་བདག་བཀའ་དྲིན་མཉམ་མེད་རྗེ་བཙུན་ལུང་རིགས་རྒྱ་མཚོ་དཔལ་བཟང་བོའི་ཞལ་སྔ་ནས་ཀྱི་རྣམ་པར་ཐར་བ་མདོ་ཙམ་བརྗོད་པ་དད་ལྡན་རྣ་བའི་བཅུད་ལེན་ཞེས་བྱ་བ་བཞུགས་སོ།།)(བརྩམས་ལོ1891)ཞེས་པར་སྤྱི་ལོ1839ལོའི་དཔྱིད་ཟླར་རྗེ་གསེར་ཁང་བ་བློ་བཟང་བསྟན་འཛིན་རྒྱ་མཚོ(1780ནས1848)དང་སྐུ་མཆེད་བློ་བཟང་བསྟན་པའི་རྒྱལ་མཚན(1802ནས1857)དང་། རྗེ་བཙུན་ལུང་རིགས་རྒྱ་མཚོ(1805ནས1888)སོགས་མཁས་མང་སུམ་ཅུ་ལྷག་འདུ་འཛོམས་ནས་ཟླ་གཅིག་ལ་རིགས་པའི་བརྡར་ཤ་བཅད་པ་བཀོད་འདུག་ལ། དེ་མིན《རྣམ་ཐར་ཟླ་བའི་འོད་ཟེར》དང《རྣམ་ཐར་ཟླ་བའི་ཕྲེང་བ》《ཐམས་ཅད་མཁྱེན་པར་བགྲོད་པའི་ཐེམ་སྐས》སོགས་ནའང་བྱ་ཁོག་གི་ལོ་རྒྱུས་ཐར་ཐོར་རེ་བཀོད་འདུག་པས་ཡིག་ཚགས་གལ་ཆེན་གྱི་གྲས་སུ་འགྲོ་སྙམ།
རྒྱ་ནུར་གྱི་རྡོ་བརྐོས་ཡི་གེ
ས་གནས་མང་ཚོགས་ཀྱི་མཚམས་སྦྱོར་ལྟར་སྤྱི་ལོ2012ལོའི་ཟླ12པའི་ཚེས28ཉིན་ཁོ་བོ་བྱ་མདོའི་ལུང་ཁོག་ཁ་ཤས་ལ་གནས་མཇལ་ཏུ་ཕྱིན་པ་ཡིན། སྤྱིར་ན་བྱ་མདོར་ལོ་རྒྱུས་ཡིག་ཚངས་སུ་འཁོད་པའི་གནས་རྙིང་གྲགས་ཆེ་བ་མང་ཙམ་མི་འདུག་ཀྱང་། ས་ཆུའི་ཚོད་ཀྱི་རི་དྭགས་ཞེས་པ་བཞིན་གནས་འདིར་ཡང་ང་ཚོས་འཚོལ་ཞིབ་བྱེད་དགོས་པའི་ལུང་ཁོག་མི་སྣང་བ་ག་ལ་སྲིད་སྟེ། ཉིན་གང་བོར་རྐང་ཐང་དུ་མཁར་རྙིང་དང་མ་ནི་ཆུ་འཁོར་སོགས་ལ་མཇལ་མཇལ་མཐར་མོ་ཧོ་ཞེས་སོག་མིང་ཡིན་ཟེར་བའི་ལུང་ཁོག་དེར་སླེབས། གནས་འདིར་ང་རང་ཆུང་དུས་སུ་ཕྱུགས་རྫི་བྱས་ཡོད་མྱོང་བ་དང་། སྐབས་དེར་ལུང་ཁོག་ཧྲིལ་བོ་བྲ་མས་ཁེངས་ནས་ཡོད་པས། ངའི་རྨོ་བོ་འདས་མོས་རྒྱུན་ཏུ་ང་རང་བོར་གཏོར་ཏུ་འགྲོ་བར་སེམས་ཁུར་བྱེད་ཀྱི་ཡོད། ལུང་བ་ཁ་ལྷོ་བལྟ་ཞིག་གི་འགྲམ་ཏུ་སླེབས་མཚམས་ང་རང་ནས་ལུང་བའི་ནང་ལ་ཟུར་བལྟ་ཙམ་བྱས་པར། ལུང་ཁོག་དེར་རྡོའི་གཞོང་བ་ལྟ་བུ་ཞིག་འདུག་པས། ངས་ཐག་རིང་ནས་པར་ལེན་ཞོར་གམ་དུ་སོང་བ་ཡིན།བློ་ཡུལ་དུ་འདས་པ་ཞིག་ལ་དེ་ནི་ཡི་གེ་བརྐོས་ཡོད་པའི་རྡོ་བརྩིགས་ཏེ་གཞོང་བ་ཆགས་པ་ལྟ་བུ་ཞིག་ཏུ་འདུག ཕལ་ཆེར་གས་ཆག་ཏུ་སོང་བ་བསྡོམས་ན་སུམ་ཅུ་ནས་བཞི་བཅུ་ཙམ་དང་ཧྲིལ་བོར་ཡོད་པ་བཅུ་ནས་བཅོ་ལྔ་ཙམ་འདུག ཡི་གེ་འདི་དག་ང་རང་བྱིས་དུས་སུ་ཕྱུགས་རྫི་བྱེད་དུས་མཐོང་མ་མྱོང་བ་ཤ་སྟག་ཏུ་འདུག་ཅིང་། ས་གནས་མང་ཚོགས་ནས་ཀྱང་རྡོ་བརྐོས་ཡི་གེ་འདི་འདྲ་ཞིག་ཡོད་པའི་སྒྲོས་མི་འདུག ལོ་ཟླའི་ཆར་རླུང་གིས་བརྡུང་རྡེག་ཡང་ཡང་བཏང་བའི་རྐྱེན་ནམ་ཅི་ཆ། ཡིད་སྐྱོ་བ་ཞིག་ལ་ད་ལྟ་ཡི་གེ་ཕལ་ཆེར་ནོགས་ཏེ་བཀླག་ཏུ་མི་གཏུབ། ཡི་གེ་ཁ་ཤས་ལ་ཞིབ་ཏུ་མཇལ་ན་བྱ་མདོའི་ཡུལ་དང་འབྲེལ་བའི་ནང་དོན་འདུག་པ་འདྲ་བ(བྱ་ཡུལ་ནམ་ཡུལ)དང(ས་ལ་ལྷ་ཆ)(བཙན་གྱར་ཁ་ནོན་དོན)(གོ་མང)སོགས་ས་མིང་གཉིས་དང་དགོས་པ་དོན་ཞིག་ཀྱང་གསལ། དེ་མིན། གཡུང་དྲུང་བོན་དང་འབྲེལ་བ་ཞིག་མིན་ནམ་སྙམ་སྟེ།(བོན་པ)ཞེས་པ་དང་། (གཡུང་དྲུང་གི་བོན)(ཡེ་སྨོན་རྒྱ་ཡོ)བཅས་སྲིད་པ་ཡེ་ངམ་གཉིས་ཀྱི་ཡ་གྱལ་ཡེ་སྨོན་རྒྱལ་བོའི་མཚན་ཡང་གསལ་བ་སོགས་ཡི་གེ་ཁ་ཤས་སྔར་བཞིན་ལོ་ཟླའི་ཆར་རླུང་ལ་གདོང་གཏད་ནས་འདུག་པས་ཡིད་སེམས་མགུ་བ་ཞིག་རེད། མཐར་རང་ཉིད་ལ་རིག་གནས་ཆུ་ཚད་ཞན་པ་དང་། འདི་འདྲའི་ལས་ཀྱང་སྔར་བསྒྲུབས་མྱོང་མེད་པས་ཉམས་མྱོང་ཡང་ཅི་ཡང་མི་འདུག་པ་སོགས་ཀྱིས་ཡི་གེ་བཀླག་གཏུབ་པ་འགའ་རེ་བུ་ཡིག་ཏུ་གཅོད་རྒྱུ་ལས་ཐབས་གཞན་མ་བྱུང་།
ཡང2013ལོའི་ཟླ1པོའི་ཚེས3ཉིན་ངས་ས་གནས་མང་ཚོགས་ཀྱི་ངག་སྒྲོས་གཞིར་བཟུང་སྟེ་རྒྱ་ནར་ཞེས་རི་བོ་འཕྲེད་དུ་བཅད་པ་མགོ་མཇུག་བར་ལ་རྐང་ཐང་གིས་ཉིན་ཕྱེད་ཙམ་ལ་འགྲོ་དགོས་པའི་རི་རྒྱུད་དེར་འཚོལ་ཞིབ་ཏུ་ཕྱིན་པ་ཡིན། གནས་དེར་ཕྲན་ནས་རྡོ་བརྐོས་ཡི་གེ་ཐང་མར་བརྡལ་བ་མང་བོ་རྙེད། གས་ཆག་ཐེབས་ཡོད་པ་ལྟར་བརྩིས་ན་ལྔ་བཅུ་ལྷག་དང་ཧྲིལ་བོའི་རྣམ་པ་བཟུང་ཡོད་པ་སུམ་ཅུ་ལྷག་འདུག རྡོ་བརྐོས་ཡི་གེ་འདི་དག་ནི་ཡར་སྔོན་མོ་ཧོ་ལུང་བ་ནས་རྙེད་པ་དེ་དག་དང་མི་འདྲ་བར་ཡི་གེ་གསལ་ལ་དག་པ་དང་། ཐོག་མའི་རྡོའི་ཁ་གྲངས་ཀྱང་ངོས་ཟིན་སྙམ་པ། རྡོ་ལེབ་རེ་རེའི་ཐིག་ཕྲེང་གོང་མར་བོད་ལུགས་ཀྱི་རྡོའི་ཁ་གྲངས་བཀོད་ཡོད་པ། མདུན་རྒྱབ་གཉིས་ཀར་ཡི་གེ་ཡོད་པ། གས་ཆག་ཏུ་གྱུར་བའི་རྡོ་ལེབ་ཅིག་གི་སྟེང་ན་གཡུང་དྲུང་གི་ཞེས་འབུར་མར་བརྐོས་ཡོད་པ་སོགས་འདུག
གཉིས་པ། རྡོ་བརྐོས་ཡི་གེ་ངོ་བཤུས་འགའ།
ཚན་པ་དང་པོ། མོ་ཧོའི་རྡོ་བརྐོས་ཡི་གེ
ཚན་པ་གཉིས་པ། རྒྱ་ནུར་གྱི་རྡོ་བརྐོས་ཡི་གེ
གསུམ་པ། དཔྱད་ཞིབ་ཉུང་བསྡུས།
རྡོ་བརྐོས་ཡི་གེ་འདི་དག་གི་ཐོག་མའི་བྱུང་ཁུངས་ལ་རྩད་ཞིབ་བྱེད་དུས་རྒན་པོ་ལོ་བརྒྱད་ཅུར་སོན་པ་དག་གིས་ཆུང་དུས་སུ་མཐོང་མྱོང་བ་ཁ་ཤས་མ་གཏོགས། ཡི་གེ་རང་ནས་ཟླ་ཚེས་གང་ཡང་མེད་པས་གསལ་འབྱེད་བྱེད་དཀའ། དེར་མ་ཟད་ཐོག་མར་རྡོ་ལ་བརྐོ་མཁན་སུ་ཞིག་ཡིན་པའང་བཀོད་མེད་ཀྱང་། ཡར་སྔོན་བོན་སྐོར་སྡེ་བའི་ཁྲོད་དུ་བོན་པོ་མང་བོ་ཡོད་པས་དེ་མིན་ནམ་སྙམ་པ་དང་། ཡང་ད་ལྟ་བོན་པོ་མང་པོ་ཡོད་པའི་སྟོང་སྐོར་སྡེ་བ་དང་། དེ་མིན་སྔོན་ས་འདིར་བོན་སྔགས་མང་བོ་མཚམས་ལ་བསྡད་མྱོང་བའི་ཤུལ་ད་ལྟའང་ཡོད་པས་དོགས་གཞི་གསུམ་པོ་འདིའི་གཅིག་ཡིན་ངེས་སྙམ། ཡི་གེའི་ཁྱད་ཆོས་ཐད་རྡོ་བརྐོས་ཡི་གེ་ཚང་མར་ཚེག་མེད་པ་ཤ་སྟག་ཏུ་འདུག་ཅིང་། ཡིག་ནོར་ཉུང་བ། བརྡ་རྙིང་གིས་བཅིངས་མེད་པ། ཚིག་སྦྱོར་སྙན་པ་སོགས་ཀྱི་ཁྱད་ཆོས་དང་། ཁ་གྲངས་ཐད་མོ་ཧོའི་རྡོ་བརྐོས་ཡི་གེར་གསལ་ཁ་འབྱེད་མི་ཐུབ་ཀྱང་། རྒྱྣུ་ནུར་གྱི་རྡོ་བརྐོས་ཡི་གེ་བཅུ་བདུན་པ་དེར་བསྔོ་སྨོན་ལྟ་བུ་ཞིག་བྲིས་འདུག་པས། མ་མཐའ་ཡང་རྡོ་ལེབ་ཉི་ཤུ་ཡོད་སྙམ་ཡང་། བྱེ་རྡོས་དབང་གིས་ཡི་གེ་གསལ་བོར་མེད་པ་མ་ཟད། གས་ཆག་ཏུ་སོང་བའང་ཤིན་ཏུ་མང་། སྤྱིར་ན་རྡོ་བརྐོས་ཡི་གེ་འདིར་བོད་དང་ཡང་ན་ས་གནས་ལོ་རྒྱུས་ཀྱི་ཁྱད་ཆོས་མེད་ཀྱང་། ལུང་ཁོག་འདིའི་རིག་གནས་སེམས་ཁམས་ཤིག་དང་ཆོ་ག་ཕྱག་ལེན་སོགས་ཀྱི་ཐད་རིན་ཐང་ཅུང་ལྡན་ངེས་སྙམ་ཏེ་བཀོད་པ་ཡིན་ནོ།།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com