ཀྲུང་གོའི་བོད་ཀྱི་གསོ་རིག་རིག་གནས་རྟེན་མཛོད་ཁང་ངོ་སྤྲོད།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2013-01-28 11:49:00 ཀློག་གྲངས།:

ཀྲུང་གོའི་བོད་ཀྱི་གསོ་རིག་རིག་གནས་རྟེན་མཛོད་ཁང་ངོ་སྤྲོད།
ཀྲུང་གོའི་བོད་ཀྱི་གསོ་རིག་རིག་གནས་རྟེན་མཛོད་ཁང་།
  

        ཀྲུང་གོའི་བོད་ཀྱི་གསོ་རིག་རིག་གནས་རྟེན་མཛོད་ཁང་ནི་མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་དུ་གཞི་ཆགས་ཡོད་ཅིང་ཕྱིའི་འཛུགས་སྐྲུན་གྱི་བཀོད་པ་ཤིན་ཏུ་བརྗིད་ཆགས་པ་དང་ཐུན་མོང་མ་ཡིན་པར་སྣང་ལ། ཟི་ལིང་གྲོང་ཁྱེར་དུ་མཚོན་བྱེད་རང་བཞིན་གྱི་འཛུགས་སྐྲུན་ཞིག་ཏུ་ངེས། རྟེན་མཛོད་ཁང་འདིའི་འཛུགས་སྐྲུན་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ12000ཡོད་པ་དང2007ལོའི་ཟླ9བར་དངོས་སུ་སྒོ་ཕྱེས་ཤིང་། མིག་སྔའི་བར་འཛམ་གླིང་ཧྲིལ་བོར་བོད་ཀྱི་གསོ་རིག་རིག་གནས་ཚུར་སྣང་བྱེད་པའི་ཕྱོགས་བསྡུས་རང་བཞིན་གྱི་ཆེད་ལས་རྟེན་མཛོད་ཁང་ཞིག་ཡིན་པ་རེད།
        དེར་བོད་ཀྱི་གསོ་རིག་ལོ་རྒྱུས་གླིང་དང་།  སྨན་ཐང་ཡོ་ཆས་གླིང་།  གནའ་དཔེ་དཔྱད་ཡིག་གླིང་།  བོད་སྨན་སྨན་རྫས་གླིང་། གནམ་རིག་སྐར་རྩིས་གླིང་། བོད་ཀྱི་དམངས་སྲོལ་གླིང་། ཀུན་འདུས་ཞལ་ཐང་ཆེན་མོའི་གླིང་། བོད་ཡིག་ཡིག་གཟུགས་གླིང་བཅས་གླིང8དང་སྨན་ལྷ་སྟོང་སྐུའི་ཕོ་བྲང་སོགས་ཡོད་པ་དང་། རྟེན་མཛོད་ཁང་འདིས་བསྡུས་པའི་རིག་དངོས་ཁྲི་གཉིས་ཡན་ཟིན་པ་རེད།
        དེ་ཡང་བོད་ཀྱི་དམངས་སྲོལ་གླིང་དུ་བོད་ཀྱི་ལག་བཟོའི་ཐོན་རྫས་དང་།  རྒྱན་ཆས།  ཡིག་གཟུགས། གནའི་དམག་ཆས་སོགས་ཡོད་པ་དང་། དེ་ལས་ཀྱང་ཆེས་ཡིད་དབང་འགུག་པ་ནི་ཀུན་འདུས་ཞལ་ཐང་ཆེན་མོའི་གླིང་ཡིན་ཏེ། དེར་ལོ་ངོ27རིང་གི་བསམ་བློའི་སྟ་གོན་དང་ཇུས་འགོད་ལས་གྲུབ་པའི་རིང་ཚད་ལ་སྨི618དང་ཞེང་ཚད་ལ་སྨི200ཡོད་པ་དང་། དེའི་སྟེང་ཐང་ག་མི་འདྲ་བ700ལྷག་ཡོད་པའི་ཀྲུང་གོའི་བོད་ཀྱི་རིག་གནས་ཀུན་འདུས་ཞལ་ཐང་ཆེན་མོ་བཞུགས་ལ།  དེས་བོད་ཁམས་འདིར་མིའི་རིགས་བྱུང་བ་ནས་ད་ལྟའི་བར་གྱི་ལོ་རྒྱུས་ཀྱི་བྱུང་རིམ་དང་། ཆོས་ལུགས་གྲུབ་མཐའ་ཁག་གི་འཕེལ་རིམ། བོད་ཀྱི་སྲོལ་རྒྱུན་རིག་གནས་དང་འབྲེལ་བའི་ནང་དོན་རྣམས་རི་མོའི་ལམ་དུ་བཀོད་ནས་འབྲི་བཞེངས་བྱས་ཡོད་པ་དང་།  དེར་བོད་མི་རིགས་ཀྱིས་འཇིག་རྟེན་ཁམས་དང་། ལོ་རྒྱུས། ཆོས་ལུགས། གསོ་རིག རིག་གནས་འཚོ་བ་སོགས་ཀྱི་ཐད་ལ་བཟུང་བའི་ངོས་འཛིན་སྟངས་སོགས་བརྗོད་ཡོད་དེ་བོད་ཀྱི་རིག་གནས་ཀུན་འདུས་ཆེན་མོར་གྲགས་པ་རེད། རྒྱུས་ལོན་པ་ལྟར་ན། ཇུས་འགོད་དེར་ལྷ་རྗེ400བཞུགས་ཡོད་པ་དང་དེ་ལས་མང་ཆེ་བ་བླ་ཆེན་ཁག་ཡིན་པར་གྲགས།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།