ཉམས་པ་སོར་ཆུད་བྱུང་བའི་བོད་ཀྱི་ཤོག་བཟོའི་སྒྱུ་རྩལ།
བཟོ་རྩལ་ཁྱད་དུ་འཕགས་པའི་བོད་ཤོག་སྣ་ཚོགས།
ཟླ6པའི་ཚེས9ཉིན་བོད་ལྗོངས“སྐབས་དང་པོའི་གཟུགས་འདས་ཤུལ་བཞག་རིག་གནས་སྲུང་སྐྱོབ་གྲུབ་འབྲས་ཀྱི་འགྲེམ་སྟོན་ཆེན་མོར”ཞུགས་མཁན་གྱི་བོད་ཀྱི་ཤོག་བཟོའི་སྒྱུ་རྩལ་གྱི་རྒྱལ་ཁབ་རིམ་པའི་རྒྱུན་འཛིན་པ་ཚེ་རིང་རྡོ་རྗེ་ལགས་ཀྱིས་འདི་སྐད་གསུངས་པ་སྟེ། “བོད་ཀྱི་ཤོག་བཟོའི་སྒྱུ་རྩལ་ལ་ཉེ་སྔོན་གདེང་འཇོག་ཆེན་པོ་ཐོབ་དང་ཐོབ་བཞིན་ཡོད་ཅིང་། ཤོག་བུ་བཟོ་མཁན་གྱི་མི་གྲངས་མང་དུ་འཕེལ་པ་དང་བསྟུན་ནས་ཚོང་ཡང་ཉིན་རེ་བཞིན་བྲིན་སྐྱེན་པོ་ཆགས་ཀྱིན་ཡོད” ཅེས་བརྗོད་པ་རེད།
ཁོང་གིས“བོད་ཀྱི་ཤོག་བུའི་ཐུན་མོང་མ་ཡིན་པའི་ཆ་ནི་ར་དུག་རེ་ལྕག་གི་རྩ་བ་ལས་བཟོས་པ་དེ་ཡིན། ད་ལྟའི་ཆར་སྔོན་བུ་ལ་སོགས་པའི་རྩྭ་ལྡུམ་གཞན་ཁག་གཅིག་གིས་ཚབ་བྱེད་ཀྱིན་ཡོད་ནའང་། ར་དུག་རེ་ལྕག་གིས་བཟོས་པའི་བོད་ཤོག་ནི་མཉེན་ཆ་ཆེས་བཟང་བོ་ཡིན”ཞེས་ཟེར་ལ། ཚེ་རིང་རྡོ་རྗེ་ལགས་རྡོ་ལེབ་ཆེན་པོ་ཞིག་གི་སར་སྐྱིལ་མོ་དྲུང་ལ་བསྡད་དེ་ཤུན་པ་བཤུས་ཚར་བ་དང་ཆུ་ནང་དུ་སྦངས་ནས་བངས་འདུག་པའི་ར་དུག་རེ་ལྕག་གི་རྩ་བ་ཞིག་ལ་རྡོ་ཡིས་རྡེག་ཞོར“རྡོ་ཡིས་བརྡེགས་པའི་རྩ་བ་དེ་སྲུབ་དཀྲུག་བྱས་ཏེ་ཤོག་བུ་བཟོ་བྱེད་ཀྱི་ལྡེ་གུ་བཟོ་དགོས”ཞེས་བོད་ཀྱི་ཤོག་བུ་བཟོ་བའི་གོ་རིམ་ངོ་སྤྲོད་བྱས།
ཤོག་བུ་བཟོ་བྱེད་ཀྱི་ལྡེ་གུ་ཆུ་རྫིང་ནང་དུ་བླུགས་རྗེས། ཚེ་རིང་རྡོ་རྗེ་ལགས་ཀྱིས་ལྭ་བའི་ཕུ་ཐུང་ཡར་བརྫེས་ནས་སེང་རས་ཀྱི་ཤོག་སྒྲོམ་དེ་ཤོག་ཕྱེའི་ལྡེ་གུ་ལུགས་ཡོད་པའི་ཆུ་རྫིང་གི་ཞབས་ལ་བཏང་སྟེ་ག་ལེར་སིག་སིག་སྤྲུག་སྟེ་ཤོག་སྒྲོམ་ཡར་འདེགས་དུས་ཤོག་ཕྱེའི་ལྡེ་གུ་སྲབ་མོ་ཞིག་དེའི་ངོས་སུ་ཆགས། ཉི་མར་ཆུ་ཚོད་གཉིས་ལ་ལྡེ་ན་ཤོག་བུར་ཆགས་ཡོད་སྐད།
བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གནས་ཐོན་རྫས་ཏེ་བོད་ཤོག་གི་རྒྱུ་ཆ་གཙོ་བོ་ནི་ར་དུག་རེ་ལྕག་སོགས་རྩ་བ་དུག་ཅན་གྱི་རྩྭ་ལྡུམ་ཡིན་ལ། དེར་འབུ་དང་ཙི་གུ་སོགས་ཀྱིས་ཟ་མི་ཐུབ་པ་དང་རུལ་ཞིག་ཏུ་མི་འགྲོ་བ། མཉེན་ཆ་བཟང་བ་སོགས་ཀྱི་དགེ་མཚན་དང་ཁྱད་ཆོས་ཀྱིས་ཕྱུག་ཡོད། ཡུལ་དེའི་མི་རྣམས་ཀྱིས་ངོ་སྤྲོད་བྱས་པ་ལྟར་ན་བོད་ཀྱི་ཤོག་བུ་ནི་མི་ལོ་སྟོང་ཕྲག་ལྷག་ལ་ཉར་ཐུབ་ཅིང་། ཕོ་བྲང་པོ་ཏ་ལ་དང་ར་ས་འཕྲུལ་སྣང་གཙུག་ལག་ཁང་སོགས་དགོན་སྡེ་དང་ལྷ་ཁང་ཁག་གིས་གླེགས་བམ་དཔར་འདེབས་བྱེད་པའི་ཆེད་སྤྱོད་ཀྱི་ཤོག་བུ་ཡིན། 2006ལོར་བོད་ཀྱི་ཤོག་བཟོའི་སྒྱུ་རྩལ་ཀྲུང་གོའི་སྐོར་ཁག་དང་པོའི་རྒྱལ་ཁབ་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་དཀར་ཆག་ཏུ་བཀོད།
ལྷ་ས་ནས་ནུབ་ཕྱོགས་སུ་ཆུ་ཚོད2རིང་ལ་རླངས་འཁོར་ཏུ་བསྡད་དེ་ཕྱིན་ན་ཡར་ཀླུང་གཙང་པོའི་འགྲམ་ངོགས་ཀྱི་སྙེ་མོ་རྫོང་ལ་བསླེབས་ཐུབ། སྙེ་མོ་རྫོང་ནི་བོད་སྤོས་ལ་བརྟེན་ནས་སྐད་གྲགས་ཆགས་ཡོད་པར་མ་ཟད། བོད་ཀྱི་ཤོག་བུའི་ཐོན་ཁུངས་གཙོ་བོ་ཡང་ཡིན། ཚེ་རིང་རྡོ་རྗེ་ལགས་ཀྱིས་བཟོས་པའི་སྙེ་མོའི་བོད་ཤོག་ནི་བོད་ཀྱི་སྲོལ་རྒྱུན་ཤོག་བུ་རིགས་ཆེན་པོ་གསུམ་གྱི་ཡ་གྱལ་ཡིན་ཞིང་། ཁོང་ནི་ཡུལ་དེའི་བོད་ཀྱི་ཤོག་བཟོའི་ཁྱིམ་རྒྱུད་ཅིག་ནས་འཚར་ལོངས་བྱུང་བ་དང་། ད་ལོར་དགུང་ལོ62ལ་སོན་ཡོད་པའི་ཚེ་རིང་རྡོ་རྗེ་ལགས་ཀྱིས་མི་ལོ50རིང་དུ་བོད་ཀྱི་སྲོལ་རྒྱུན་གྱི་ཤོག་བཟོའི་ལས་ཀ་གཉེར་བ་རེད།
ཚེ་རིང་རྡོ་རྗེ་ལགས་ཀྱིས་བཤད་རྒྱུར“སྙེ་མོ་རྫོང་དུ་སྔ་མར་བོད་ཀྱི་ཤོག་བུ་བཟོ་མཁན་གྱི་དུད་ཁྱིམ16ཡོད་མོད། ཕྱིས་སུ་ཤོག་བཟོའི་རྒྱུ་ཆ་དཀོན་པ་དང་ཚོང་བྲིན་བདེ་པོ་མེད་པ་སོགས་ཀྱི་དབང་གིས་རིམ་གྱིས་ཤོག་བུ་བཟོ་མཁན་ངེད་ཚང་གཅིག་པུར་གྱུར” ཞེས་ཟེར། དུས་རབས་གོང་མའི་ལོ་རབས90པར་བསླེབས་དུས། རྒྱལ་ཁབ་ཀྱིས་ཉམས་ཆག་ལ་འགྲོ་བཞིན་པའི་མི་རིགས་ཀྱི་ལག་ཤེས་བཟོ་ལས་འདི་དག་མྱུར་སྐྱོབ་བྱས་ཏེ་མི་མང་པོ་ཞིག་མྱུར་སྐྱོབ་ཀྱི་ལས་ཀར་ཞུགས་ཐུབ་པ་རེད།
དུས་རབས་གོང་མའི་ལོ་རབས90དུས་འགོའི་ཉིན་ཞིག་ལ། ལྷ་ས་ནས་ཕེབས་པའི་ཁེ་ལས་པ་བྱམས་པ་བརྩོན་འགྲུས་ལགས་ཚེ་རིང་རྡོ་རྗེའི་ནང་ལ་བཅར་པ་དང་། ཁོང་ལ་བོད་ཤོག་བཟོ་རྩལ་དེ་མྱུར་སྐྱོབ་བྱེད་དགོས་པའི་གལ་ཆེན་རང་བཞིན་བཤད་པ་དང་འབྲེལ། ཁོ་རང་ལྷ་སར་གདན་འདྲེན་ཞུས་ཏེ་སྣང་རྫོང་དང་དིང་རི། དེ་མིན་ཆབ་མདོ་སོགས་ནས་ཡོང་བའི་དམངས་ཁྲོད་ཀྱི་བོད་ཀྱི་ཤོག་བཟོའི་ལག་ཤེས་པ་ཁག་ཅིག་དང་མཉམ་དུ་བཟོ་རྩལ་སྤེལ་རེས་དང་སློབ་ཁྲིད་སོགས་བྱས་ནས་བོད་ཀྱི་ཤོག་བཟོ་སྒྱུ་རྩལ་རྒྱུན་འཛིན་ལ་ནུས་པ་འདོན་རྒྱུ་སོགས་ཞུས་པ་རེད།
བྱམས་པ་བརྩོན་འགྲུས་ལགས་ཀྱིས “དམངས་ཁྲོད་ཤོག་བཟོ་པ་མང་པོ་ཞིག་གིས་བོད་ཀྱི་ཤོག་བུའི་བཟོ་རྩལ་ཤེས་མོད། ཡིན་ནའང་སླར་གསོའི་དོན་སྙིང་ཧ་ཞེ་དྲག་གོ་གི་མེད་པ་དང་། མཐོང་ཆེན་ཡང་དེ་འདྲ་བྱེད་ཀྱིན་མེད་ལ་ལག་རྩལ་ལ་བྱང་ཆ་ཡང་མི་འདུག” ཅེས་ཟེར། དེ་བས། ཤོག་བཟོ་པ་བར་གྱི་ལག་ཤེས་སྤེལ་རེས་དང་སློབ་ཁྲིད་སོགས་ཀྱི་ཐབས་ཤེས་བརྒྱུད་དེ་ལོ་འགའི་རྗེས་ལ་བོད་ཀྱི་ཤོག་བཟོའི་ལག་ཤེས་པ་མི30སྐྱེད་སྲིང་བྱུང་བ་དང་ཁོ་ཚོ་བོད་ལྗོངས་ཀྱི་ཡུལ་གང་སར་ཁྱབ་འདུག
ལག་ཤེས་སྤེལ་རེས་དེ་དམངས་ཁྲོད་ཀྱི་བཟོ་བོ་ཁོ་ན་མ་ཡིན་པར་བལ་བོ་དང་འཇར་མན། ཉི་ཧོང་ལ་སོགས་པའི་རྒྱལ་ཁབ་ཀྱི་ཆེད་མཁས་དང་ཁེ་ལས་པའང་མང་པོ་འདུག བྱམས་པ་བརྩོན་འགྲུས་ལགས་ཀྱིས་བཤད་རྒྱུར། ལག་ཤེས་སྤེལ་རེས་ཀྱིས་ཁོ་ཚོའི་བོད་ཀྱི་ཤོག་བཟོའི་ཐོན་སྐྱེད་ལག་རྩལ་མུ་མཐུད་དུ་གསར་བཏོད་བྱེད་ཐུབ་ལ།གསར་དུ་ཞིབ་འཇུག་བྱས་ནས་བཟོས་པའི་སྲོག་ཆགས་ཀྱི་ལྤགས་པར་ལད་ཟློས་ཀྱི་བོད་ཤོག་དེར་རྒྱལ་ཁབ་ཀྱི་ཆེད་ཁེ་ཐོབ་པ་དང་རྒྱལ་ཁབ་ཕྱི་ནང་ཀུན་ནས་བསྔགས་བརྗོད་ཐོབ་ཅེས་ཟེར།
བྱམས་པ་བརྩོན་འགྲུས་ལགས་ཀྱིས་གསུང་དོན། “གསར་དུ་བཟོས་པའི་བོད་ཤོག་དེ་སྔ་མའི་ཆོས་དཔེ་དཔར་བའི་ཚད་བཀག་ལས་བརྒལ་ཏེ་ཁྱབ་ཆེ་བའི་སྒོ་ནས་ཡུལ་བསྐོར་ཐོན་རྫས་ཀྱི་ཕྱི་ཐུམ་དང་བོད་ལུགས་གསོལ་ཁང་སོགས་ཀྱི་མཛེས་སྤྲོས་སོགས་སུ་སྤྱད་ཡོད” ཅེས་སྐད། ཚོང་བྲིན་ཆེ་བས་མི་མང་པོ་ཞིག་གིས་བོད་ཤོག་ཤེས་པ་དང་བསྟུན་ནས། ལག་ཤེས་འདིས་ཀྱང་ཉམས་མེད་གོང་སྤེལ་དང་རྒྱུན་འཛིན་བྱ་རྒྱའི་གོ་སྐབས་ཤིག་རེག་ཐུབ་བྱུང་།
བྱམས་པ་བརྩོན་འགྲུས་ལགས་ཀྱིས་ བཤད་རྒྱུར“རྒྱལ་ཁབ་གཞན་ལའང་འདི་དང་རིགས་མཚུངས་ཀྱི་ཤོག་བུ་ཡོད་ནའང་། བོད་ཀྱི་ར་དུག་རེ་ལྕག་གིས་བཟོས་པའི་བོད་ཀྱི་ཤོག་བུ་ལ་སྔར་བཞིན་རྒྱལ་སྤྱིའི་སྟེང་ནས་བསྔགས་བརྗོད་མང་པོ་ཐོབ་པས། འདི་ནི་ང་ཚོའི་གཟི་བརྗིད་ཅིག་ཡིན་ལ། ལག་ཤེས་འདི་སྔར་ལས་ཀྱང་རྒྱུན་འཛིན་ཡག་པོ་བྱེད་པའི་སྤོབས་པ་བསྐྱེད་བྱུང་།” ཞེས་སྐད། ཁོང་གིས་མི་འགྱངས་བར“སྐབས་དང་པོའི་གཟུགས་འདས་ཤུལ་བཞག་རིག་གནས་སྲུང་སྐྱོབ་གྲུབ་འབྲས”ལ་ཞུགས་བཞིན་པའི་འབྱུང་འགྱུར་གྱི་དོན་དག་ཁག་གླེང་དུས་ཀྱང་ཡིད་ཆེས་ཀྱིས་ཁེངས་འདུག
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com