ནོར་སྡེ་ལགས་ཀྱིས་རྒྱལ་ཁབ་རིམ་པའི《གེ་སར》རིག་གནས་སྐྱེ་ཁམས་སྲུང་སྐྱོབ་ཁུལ་བསྐྲུན་པའི་སྐོར་གླེང་བ།
《གེ་སར》ཞིབ་འཇུག་པ་སྐུ་ཞབས་ནོར་སྡེ་ལགས།
ཚོགས་ཆེན་གཉིས་ཀྱི་སྟེང་རྒྱལ་ཡོངས་དམངས་ཆེན་འཐུས་མིའམ་གེ་སར་ཞིབ་འཇུག་གི་ཆེད་མཁས་པ་ནོར་སྡེ་ལགས་ཀྱིས“མགོ་ལོག་ཁུལ་དུ་རྒྱལ་ཁབ་རིམ་པའི《གེ་སར》རིག་གནས་སྐྱེ་ཁམས་སྲུང་སྐྱོབ་ཁུལ་འཛུགས་སྐྲུན་དང་གཟུགས་འདས་ཤུལ་བཞག་རིག་གནས་ཏེ《གེ་སར》རིག་གནས་ལ་ཡུལ་ཁོངས་རང་བཞིན་གྱི་ཐུན་མོང་གིས་སྲུང་སྐྱོབ་བྱེད་དགོས་པའི”རེ་ཞུ་དང་གྲོས་གཞི་བཏོན་པ་རེད།
《གེ་སར》དང་འབྲེལ་བའི་རིག་གནས་གླེང་མ་ཐག་ནོར་སྡེ་ལགས་སྤྲོ་བས་བརྟས་ཤིང་། ཁོང་གིས《གེ་སར》གྱི་རིག་གཞུང་རིན་ཐང་དང་། སྒྱུ་རྩལ་རིན་ཐང་། མིག་སྔར་མྱུར་སྐྱོབ་དང་སྲུང་སྐྱོབ་བྱེད་དགོས་པའི་གལ་ཆེན་རང་བཞིན་སོགས་རེ་རེ་བཞིན་མཚམས་སྦྱོར་བྱས་པ་སྟེ། འཛམ་གླིང་སྟེང་ཆེས་རིང་བའི་ལོ་རྒྱུས་སྙན་རྩོམ《གེ་སར》ནི་བོད་མི་རིགས་ཀྱི་མི་རབས་དུ་མའི་རིང་དུ་ཐུན་མོང་གི་བློ་གྲོས་ཀྱི་རྩལ་ལས་ཐོན་པའི་དཔའ་བོའི་མཛད་འཕྲིན་བརྗོད་པའི་ལོ་རྒྱུས་སྙན་རྩོམ་ཞིག་ཡིན་ཞིང་། རིག་གཞུང་དང་སྒྱུ་རྩལ་གྱི་རིན་ཐང་གཞལ་ཡས་པ་ལྡན་པའི་བོད་ཀྱི་གནའ་བོའི་སྤྱི་ཚོགས་ལ་ཞིབ་འཇུག་བྱེད་པའི་ཤེས་བྱ་ཀུན་འདུས་ཀྱི་ཚིག་མཛོད་ཆེན་མོ་ཞིག་དང་གཉིས་སུ་མ་མཆིས་པས། རྒྱལ་སྤྱིའི་རིག་གཞུང་གི་ཁོངས་སུ“ཤར་ཕྱོགས་ཀྱི་ཧཱི་མའི་ལོ་རྒྱུས་སྙན་རྩོམ”ཞེས་པའི་མཚན་སྙན་གསོལ་ཡོད་པར་མ་ཟད། བོད་ཀྱི་རིག་གནས་ལ་རྒྱུས་ལོན་བྱེད་པའི་མེ་ལོང་ཞིག་ཏུ་ངོས་འཛིན་གྱིན་ཡོད།
མགོ་ལོག་བོད་རིགས་རང་སྐྱོང་ཁུལ་ནི་རྒྱལ་ཡོངས་ཀྱི《གེ་སར》རིག་གནས་ཐོན་ཁུངས་ཀྱི་རྫོངས་སྟུག་པ་དང་། མཚོན་བྱའི་རྣམ་པ་ཐུན་མོང་མ་ཡིན་པ། དངོས་གནས་རང་བཞིན་རྒྱུན་འཛིན་བྱས་པ་ཆ་ཚང་བ། སྒྲུང་པ་མང་བ། གེ་སར་རིག་གནས་ཀྱི་ཁེབས་རྒྱ་ཡངས་པའི་ཡུལ་གྲུ་ཞིག་ཡིན་ལ། “《གེ་སར》རིག་གནས་ཀྱི་ཕ་ས”ཞེས་པའི་མཚན་སྙན་གསོལ་ཡོད་པ་རེད། 2008ལོ་ནས་བཟུང་ཀྲུང་གོའི་དམངས་ཁྲོད་རིག་གནས་སྒྱུ་རྩལ་པའི་མཐུན་ཚོགས་ཀྱིས་མགོ་ལོག་ཁུལ་ལ“ཀྲུང་གོའི《གེ་སར》རིག་གནས་ཀྱི་ཕ་ས”ཞེས་པའི་མཚན་སྙན་གནང་བ་དང་། རིག་གནས་པུས་དགའ་སྡེ་རྫོང་ཁོ་ཆུ་གྲོང་རྡལ་ལ“ཀྲུང་གོའི་དམངས་ཁྲོད་རིག་གནས་སྒྱུ་རྩལ་གྱི་ཕ་ས(གེ་སར་སྒྲུང་བཤད)”ཞེས་པའི་མཚན་སྙན་གནང་། རྒྱལ་ཡོངས《གེ་སར》བྱ་བའི་འགོ་ཁྲིད་ཚན་ཆུང་གཞུང་ལས་ཁང་གིས་དགའ་སྡེ་དུར་བ་ཚོ་བར“《གེ་སར》རིག་གནས་ལོ་རྒྱུས་སྙན་རྩོམ་སྡེ་བ”ཞེས་པའི་མཚན་སྙན་གནང་བ་རེད། རགས་རྩིས་བྱས་པ་ལྟར་ན་ཁུལ་ཡོངས་སུ་རིགས་སོ་སོའི《གེ་སར》སྒྱུ་རྩལ་པ168ཡོད་པ་དང་། སྒྱུ་རྩལ་པ་འདི་དག་དང་ཚོགས་པ་རྣམས་ཀྱིས་མགོ་ལོག《གེ་སར》རིག་གནས་གསོན་ཉམས་ལྡན་པའི་ངང་རྒྱུན་འཛིན་བྱེད་པའི་སྣ་མང་རང་བཞིན་དང་བྱེ་བྲག་རང་རང་བཞིན་མངོན་མཚོན་བྱས་ཤིང་། ཁོང་ཚོའི་རང་སྟེང་གི་ཐུན་མིན་གྱི་རྣམ་པ་ལ་བརྟེན་ནས་གཏིང་ཟབ་ཅིང་འབྱམས་ཀླས་པའི《གེ་སར》རིག་གནས་མངོན་མཚོན་དང་འཛིན་སྤེལ་བྱས་པ་རེད།
《གེ་སར》རིག་གནས་ཀྱི་མྱུར་སྐྱོབ་དང་སྲུང་སྐྱོབ་ཐད་ནོར་སྡེ་ལགས་ཀྱིས་བཤད་རྒྱུར། དུས་རབས་སྔོན་མའི་ལོ་རབས་བརྒྱད་ཅུའི་དུས་འགོར་མགོ་ལོག་ཁུལ་གྱིས《གེ་སར》རིག་གནས་ཞིབ་འཇུག་བྱ་བ་འགོ་བརྩམས་ཤིང་། བགྲང་བྱ30ཡི་རིང་དུ་མགོ་ལོག་ཁུལ《གེ་སར》མྱུར་སྐྱོབ་གཞུང་ལས་ཁང་དང་། རྨ་ཡུལ་མགོ་ལོག《གེ་སར》ཞིབ་འཇུག་ལྟེ་གནས་ཀྱིས《གེ་སར》སྒྲུང་པས་བཤད་པའི་སྒྲུང་དཔེ་བརྒྱ་ལ་ཉེ་བ་མྱུར་སྐྱོབ་དང་། བསྡུ་ཉར། ལེགས་སྒྲིག པར་སྐྲུན་བཅས་བྱས་པ་རེད། 2010ལོའི་ཟླ12བར་རྒྱལ་ཡོངས《གེ་སར》བྱ་བའི་འགོ་ཁྲིད་ཚན་ཆུང་གཞུང་ལས་ཁང་གིས་མགོ་ལོག་ཁུལ་དཔེ་མཛོད་ཁང་དུ་རྒྱལ་ཡོངས་སུ“གེ་སར་སྒྱུ་རྩལ་པའི་གཞིས་ཁྱིམ”ཐོག་མ་བཙུགས། ཁུལ་ཡོངས་སུ་རྒྱལ་ཁབ་རིམ་པ་དང་། ཞིང་ཆེན་རིམ་པ། ཁུལ་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་རིགས55དང་། རྒྱལ་ཁབ་རིམ་པ་དང་ཞིང་ཆེན་རིམ་པའི་ཚབ་མཚོན་རང་བཞིན་གྱི་རྒྱུན་འཛིན་པ15། རྒྱལ་ཡོངས་ཀྱི་རིག་དངོས་སྲུང་སྐྱོབ་ལས་ཁུངས་གཙོ་ཤོས3། ཞིང་ཆེན་རིམ་པའི་རིག་དངོས་སྲུང་སྐྱོབ་ལས་ཁུངས14། 《གེ་སར》དམངས་ཁྲོད་འཁྲབ་སྟོན་ཚོགས་པ26། 《གེ་སར》རྒྱུན་འཛིན་དང་སློབ་སྦྱོང་བྱེད་གནས19བཅས་ཡོད་ཅེས་བརྗོད།
དེ་མུར་ཁོང་གིས་མུ་མཐུད་དུ་མགོ་ལོག་ཁུལ་དུ་རྒྱལ་ཁབ་རིམ་པའི《གེ་སར》རིག་གནས་སྐྱེ་ཁམས་སྲུང་སྐྱོབ་ཁུལ་འཛུགས་དགོས་པའི་ཚུལ་བརྗོད་པ་སྟེ། 《གེ་སར》རིག་གནས་ཞིབ་འཇུག་གི་ལས་ལ་ནུས་པ་ཅི་ལྕོགས་སྒོས་གཞོལ་བཞིན་པའི་ཞིབ་འཇུག་པ་ཞིག་དང་། རྒྱལ་ཡོངས་ཀྱི་དམངས་ཆེན་འཐུས་མི་ཞིག་ཡིན་པའི་ཆ་ནས། མགོ་ལོག་ཁུལ་དུ་རྒྱལ་ཁབ་རིམ་པའི《གེ་སར》རིག་གནས་སྐྱེ་ཁམས་སྲུང་སྐྱོབ་ཁུལ་འཛུགས་སྐྲུན་དང་གཟུགས་འདས་ཤུལ་བཞག་རིག་གནས་ཏེ《གེ་སར》རིག་གནས་ལ་ཡུལ་ཁོངས་རང་བཞིན་གྱི་ཐུན་མོང་གིས་སྲུང་སྐྱོབ་བྱེད་པར་ཤུགས་འདོན་རྒྱུ་ནི་ངའི་བཤོལ་དུ་མེད་པའི་འགན་འཁྲི་ཞིག་ཡིན། 《གེ་སར》རིག་གནས་སྐྱེ་ཁམས་སྲུང་སྐྱོབ་ཁུལ་འཛུགས་པའི་མཐར་ཐུག་གི་དམིགས་ཡུལ་ནི་《གེ་སར》རིག་གནས་ཀྱི་གཉུག་མའི་རང་བཞིན་དང་། དངོས་ཡོད་རང་བཞིན། ཆ་ཚང་རང་བཞིན་བཅས་མྱུར་སྐྱོབ་དང་སྲུང་སྐྱོབ་བྱེད་དགོས་ཤིང་། 《གེ་སར》རིག་གནས་ཀྱི་ཉམས་དམས་སུ་འགྲོ་བཞིན་པའི་ལས་གཞི་དང་རྒྱུན་འཛིན་པ། རིག་གནས་སྣ་ཁ་བཅས་སྔོན་མར་མྱུར་སྐྱོབ་དང་སྲུང་སྐྱོབ་བྱེད་དགོས། དེར་མ་ཟད《གེ་སར》རིག་གནས་སྲུང་སྐྱོབ་ཀྱི་མ་ལག་དང་། དྲིལ་སྒྲོག་ཁྱབ་བརྡལ་གྱི་མ་ལག ཐོན་ལས་འཁོར་སྐྱོད་ཀྱི་མ་ལག་བཅས་མྱུར་དུ་འགྲུབ་དགོས། སྲུང་སྐྱོབ་ཁུལ་ལ་དར་ལག་རྫོང་དང་དགའ་སྡེ་རྫོང་ལྟེ་བར་བྱས་ཐོག མགོ་ལོག་ཡུལ་ཁོངས་ཀྱི་རྫོང་གཞན་དང་། སི་ཁྲོན། ཀན་སུའུ་སོགས་མཐའ་འཁོར་གྱི་ཞིང་ཆེན་གཞན་དག་སྲུང་སྐྱོབ་ཁྱབ་ཁོངས་དང་ཡུལ་ཁོངས་གཙོ་བོར་བྱས་ཏེ། ལོ་རྒྱུས་སྙན་རྩོམ《གེ་སར》དང་དམངས་ཁྲོད་དད་མོས། 《གེ་སར》ཟློས་གར་སོགས་རིག་གནས་ཤུལ་བཞག་སྲུང་སྐྱོབ་བྱ་ཡུལ་དང་། ལོ་རྒྱུས་སྙན་རྩོམ《གེ་སར》རྒྱུན་འཛིན་པ་དང་རྒྱུན་འཛིན་ཚོགས་པ་གཉིས་སྲུང་སྐྱོབ་ཚོགས་པར་བྱེད་དགོས་ཞེས་བཤད།
སྲུང་སྐྱོབ་ཁྱབ་ཁོངས་ཀྱི་རང་བྱུང་ཁོར་ཡུག་དང་། ལོ་རྒྱུས་གནས་ཤུལ། བྱེ་བྲག་ཏུ་གསོན་ཉམས་ལྡན་པའི་ངང་གཟུགས་འདས་ཤུལ་བཞག་རིག་གནས་འཛིན་སྤེལ་བྱེད་པ་སྲུང་སྐྱོབ་བྱ་ཡུལ་དུ་འཛིན་དགོས་ཤིང་། 《གེ་སར》རིག་གནས་སྲུང་སྐྱོབ་ཁུལ་བཙུགས་རྗེས《གེ་སར》རིག་གནས་མཚོན་རྟགས་བསྐྲུན་པ་དང་། 《གེ་སར》རིག་གནས་གནས་སྐོར་དུས་ཆེན་སོགས་ཀྱི་བྱ་འགུལ་ཆེན་མོར་བརྟེན་ནས《གེ་སར》རིག་གནས་ཁྱམས་རིང་སྒྲོག་ཐག་ཏུ་བཟུང་བ་དང་ས་གནས་ཀྱི《གེ་སར》རིག་གནས་ཐོན་ཁུངས་དགེ་མཚན་སྔོག་འདོན་བྱས་ཏེ《གེ་སར》རིག་གནས་ཁུལ་འབྲེལ་ཡོད་ཀྱི་ཞིང་ཆེན་དང་ཁུལ་གྱི་རིག་གནས་གནས་སྐོར་བགྲོད་ལམ་ཞིག་བརྟོལ་བར་བརྒྱུད《གེ་སར》རིག་གནས་ཀྱི་མཚོན་རྟགས་བསྐྲུན་དགོས་སོ།།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com