མཚོ་ལྷོ་ཁུལ་བོད་སྨན་ཁང་གི་འཕེལ་འགྱུར།
བོད་སྨན་ཁང་གི་སྨན་པས་རྩ་བརྟག་བཞིན་པ།
མཚོ་ལྷོ་བོད་སྨན་ཁང་གི་དཔྱད་བཅོས་ཚན་ཁག་དང་། སྨན་ལུམས་ཚན་ཁག སྨན་སྦྱོར་ཚན་ཁག ཁོང་ནད་ཚན་ཁག སྒོ་བསྟེན་ཚན་ཁག་སོགས་ཀྱིས་རང་ཚན་ཁག་གི་ནད་གསོ་སྨན་བཅོས་ཀྱི་ཁྱབ་ཁོངས་འོག བོད་ལུགས་གསོ་རིག་དང་དེང་རབས་སྨན་དཔྱད་ལག་རྩལ་མཉམ་འབྲེལ་བྱས་ཏེ་ནད་པ་རྣམས་ལ་སྨན་བཅོས་ཀྱི་ཞབས་ཞུ་སྒྲུབ་བཞིན་མཆིས། ཚན་ཁག་སོ་སོའི་ཁྱད་ཆོས་གཤམ་གསལ་ལྟར།
གཏར་གའི་བཅོས་ཐབས།
དཔྱད་བཅོས་ཚན་ཁག
དཔྱད་བཅོས་ཚན་ཁག་གིས་བོད་ཀྱི་གསོ་བ་རིག་པའི་ལེགས་ཆ་སྔོག་འདོན་བྱས་ཏེ་ཉམས་པ་སོར་ཆུད་དང་མ་ཉམས་གོང་འཕེལ་དུ་གཏོང་བ་རྩ་དོན་དུ་བཟུང་ཞིང་། དེང་རབས་གསོ་རིག་གི་བརྟག་ཐབས་གསར་བ་བེད་སྤྱད་ནས་རྒྱུ་རྐྱེན་སྣ་ཚོགས་ཀྱིས་བསྐྱེད་པའི་པགས་ནད་དང་། རྩ་དཀར་ནག་གི་ནད། རུས་པའི་ནད། གཟའ་ནད། བརྒྱལ་འབོག་གི་ནད་སོགས་ལ་གཏར་ག་དང་མེ་བཙའ། ཏེལ་པ། དུགས། བཅིང་ལུམས། བྱུག་པ། མེ་བུམ། རྔབས་རྭ། ཧོར་མེ་སོགས་བོས་ལུགས་གསོ་རིག་གི་སྲོལ་རྒྱུན་བཅོས་ཐབས་ལྟར་གསོ་བཅོས་བྱེད་བཞིན་ཡོད་དོ། །
དྲོད་དུགས་ཀྱི་བཅོས་ཐབས།
སྨན་ལུམས་འདུག་བྱེད་ཀྱི་འཕྲུལ་ཆས།
སྨན་ལུམས་ཚན་ཁག
སྨན་ལུམས་ཚན་ཁག་ནི་མཚོ་ལྷོ་ཁུལ་གྱི་གཞི་ཁྱོན་ཆེ་ཞིང་ལག་རྩལ་སྔོན་ཐོན་དང་དམིགས་བསལ་གྱི་ཁྱད་ཆོས་ལྡན་པའི་ཞིང་ཆེན་རིམ་པའི་གཙོ་གནད་ཆེད་ལས་ཚན་ཁག་ཞིག་ཡིན་ལ། གསོ་བཅོས་ལ་དྲེག་གྲུམ་དང་། འཐེང་འབྲས། རྨ་གསར་རྙིང་། པགས་ནད་སྣ་ཚོགས། མོ་ནད་དུག་ཐབས། མཁལ་འགྲམས། རླུང་ནད་དཔུང་འཇའ། གྲུམ་བུ་དཀར་ནག རྩ་དཀར་སོགས་ལ་ཕན་འབྲས་དོད་པོ་ཡོད། དེ་མིན་ཚན་ཁག་འདི་ཡི་དུགས་དང་། གཏར་ག མེ་བཙའ། སྣུམ་བྱུགས། ཏེལ་པ། བསྐུ་མཉེ་སོགས་བོད་ལུགས་གསོ་རིག་གི་ཐུན་མོང་མ་ཡིན་པའི་གསོ་ཐབས་ཀྱིས་གཞོགས་འདེགས་བྱས་ཏེ་གསོ་བཅོས་བྱེད་བཞིན་ཡོད་པས། རྒྱ་ཆེ་ནད་པ་རྣམས་ཀྱིས་ཡི་རངས་དང་བསྟོད་བསྔགས་འབུལ་བཞིན་ཡོད། །
མེ་བུམ་གྱི་བཅོས་ཐབས།
སྨན་སྦྱོར་ཚན་ཁག
སྨན་སྦྱོར་ཚན་ཁག་ནི་སྨན་ཁང་བཙུགས་པ་དང་དུས་མཉམ་པའི་ཚན་ཁག་ཅིག་ཡིན་ལ། ལོ་ངོ་སུམ་ཅུའི་འཕེལ་རྒྱས་དང་འཛུགས་སྐྲུན་བྱས་པ་བརྒྱུད་ད་ལྟ་《རྒྱལ་ཁབ་རིམ་པའི་ཚད་གཞི》དང《སྨན་ཁང་གི་སྨན་བཟོ་དོ་དོམ་ཚད་གཞི》ལྟར་འཛུགས་སྐྲུན་བྱས་པའི་ཁུལ་ཡོངས་ཀྱི་གཞི་རྒྱ་ཆེ་ཞིང་ཚད་དང་ལྡན་པའི་སྨན་སྦྱོར་ལྟེ་གནས་སུ་གྱུར་ཡོད། སྨན་རྫས་ལས་སྣོན་གྱི་འཕྲུལ་ཆས་ཆ་ཚང་ཞིང་ཐོན་རྫས་སྣ་ཁ༣༢༠ལྷག་ཐོན་སྐྱེད་ལས་སྣོན་བྱེད་བཞིན་ཡོད། དེའི་ནང་མུ་ཏིག་བདུན་ཅུ་དང་། རིན་ཆེན་གྲང་སྦྱོར་ཆེན་མོ། གཡུ་རྙིང་ཉེར་ལྔ་སོགས་སྨན་སྣ༡༧༠ལ་མཆོག་མཆན་ཡི་གེ་བླངས་ཡོད་ལ། སྨན་སྣ་ཚང་ཞིང་སྦྱོར་བ་ཚད་དང་ལྡན་པ། སྤུས་ཀ་བཟང་ཞིང་རིན་གོང་བདེ་བ་སོགས་ཀྱི་ཁྱད་ཆོས་ལྡན་པས་རྒྱ་ཆེའི་མང་ཚོགས་ཀྱིས་བསྟོད་བསྔགས་དང་ཡིད་ཆེས་བྱེད་བཞིན་ཡོད། གཞན་ཐོན་སྐྱེད་བྱས་པའི་སྨན་རྫས་དེ་དག་གིས་མཚོ་ལྷོ་ཁུལ་བོད་སྨན་ཁང་གི་དགོས་མཁོ་ཡོངས་སུ་སྐོང་ཐུབ་པར་མ་ཟད། ད་དུང་ཁུལ་གཏོགས་ཀྱི་རྫོང་ཁག་ལྔའི་སྨན་ཁང་དག་གིས་ཀྱང་བེད་སྤྱོད་བྱེད་བཞིན་ཡོད་དོ། །
སྨན་སྒྲིག་སྦྱོར་བྱེད་བཞིན་པ།
མཚོ་ལྷོ་ཁུལ་བོད་སྨན་ཁང་གིས་སྒྲིག་སྦྱོར་བྱས་པའི་མུ་ཏིག་བདུན་ཅུ།
མཚོ་ལྷོ་ཁུལ་བོད་སྨན་ཁང་གིས་སྒྲིག་སྦྱོར་བྱས་པའི་བོད་སྨན་སྣ་ཚོགས།
ཁོང་ནད་ཚན་ཁག
ཁོང་ནད་ཚན་ཁག་ནི་མཚོ་ལྷོ་ཁུལ་བོད་སྨན་ཁང་གི་ཁྱད་ཆོས་ལྡན་པའི་ཚན་ཁག་ཅིག་ཡིན་ལ། ཁོང་ཚོས་བོད་ཀྱི་གསོ་བ་རིག་པའི་གཞུང་དང་ལག་ལེན་ཟུང་དུ་སྤེལ་ནས་རྒྱུན་མཐོང་གུ་ནད་རིགས་དང་། ས་གནས་རང་བཞིན་གྱི་ནད། ཐོར་བུའི་ནད་སོགས་གསོ་བཅོས་བྱེད་པར་གཞན་དྲིང་མི་འཇོག་ལ། མཆིན་མཁྲིས་ཀྱི་ནད་དང་། ཕོ་རྒྱུའི་ནད། རྩ་དཀར་གྱི་ནད་སོགས་གསོ་བཅོས་ཀྱི་ཐད་ཀྱང་ཞིང་ཆེན་ཡོངས་ཀྱི་ཚད་མཐོའི་སྨན་བཅོས་ཀྱི་ཆུ་ཚད་ལ་སླེབས་ཡོད། །
སྨན་པ་ཞིག་གིས་རྫས་འགྱུར་བརྟག་ཞིབ་བྱེད་བཞིན་པ།
སྒོ་བསྟེན་ཚན་ཁག
སྒོ་བསྟེན་ཚན་ཁག་ནི་ཕྱོགས་བསྡུས་རང་བཞིན་གྱི་ཚན་ཁག་ཞིག་ཡིན་ལ། འདི་ནི་ཁོང་ནད་གཙོ་བོར་བྱས་པའི་མཆིན་མཁྲིས་ཚན་ཁག་དང་། མོ་ནད་ཚན་ཁག དཔྱད་བཅོས་ཚན་ཁག གཞོགས་འདེགས་བརྟག་དཔྱད་སོགས་ཀྱིས་གྲུབ་ལ། རྒྱུན་མཐོང་གི་ནད་རིགས་ལས་གཞན་རྩ་དཀར་དང་ཆུ་སེར་གྱི་ནད་དང་། རུས་ལྷག་དང་དྲེག་གྲུམ་སོགས་ཐོར་བའི་ནད་སྣ་ཚོགས། སྙིང་དང་ཁྲག་རྩའི་ནད་སོགས་བཅོས་དཀའ་བའི་ནད་དང་། མོ་ནད་ཁྲག་ཚབས་དང་རླུང་ཚབས་སོགས་གསོ་བཅོས་བྱེད་པར་ཉམས་མྱོང་ཕུན་སུམ་ཚོགས་པ་ལྡན་ནོ། །
སྒོ་བསྟེན་ཁང་དུ་སྨན་བཅོས་བྱེད་པར་ཕེབས་པའི་མང་ཚོགས།
མཚོ་ལྷོ་ཁུལ་བོད་སྨན་ཁང་གི་ཁོར་ཡུག་གཙང་ཞིང་། ཞབས་ཞུའི་སྒྲིག་ཆས་ཆ་ཚང་བ་མ་ཟད། ལས་བཟོ་བ་ཡོངས་ཀྱིས་ནམ་ཡང་ནད་པ་དཀྱིལ་སྙིང་དུ་བཟུང་ནས་སྨན་བཅོས་ཀྱི་སྤུས་ཚད་གཙོ་གནད་དུ་བཞག་སྟེ། བོད་ཀྱི་གསོ་བ་རིག་པའི་ཐུན་མོང་མ་ཡིན་པའི་ནུས་སྟོབས་འདོན་སྤེལ་བྱས་ཏེ་སྨན་བཅོས་ཀྱི་ཞབས་ཞུ་བསྒྲུབས་དང་སྒྲུབ་བཞིན་ཡོད། ལོ་ངོ་སུམ་ཅུ་རིང་ལ་གྲུབ་འབྲས་གཡུར་དུ་ཟ་བ་བླངས་བ་འདི་ནི་མུ་མཐུད་དུ་མདུན་བསྐྱོད་བྱེད་པའི་སྒུལ་ཤུགས་ཡིན་ལ། གོང་རིམ་འགོ་ཁྲིད་ཀྱི་མཛུབ་སྟོན་དང་རྒྱབ་སྐྱོར་འོག་དང་། ལས་བཟོ་བ་ཡོངས་ཀྱི་འབད་བརྩོན་འོག་མཚོ་ལྷོ་ཁུལ་བོད་སྨན་ཁང་གི་མདུན་བསྐྱོད་ཀྱི་གོམས་སྟོབས་ཡར་ནས་ཡར་དུ་བསྐྱེད་དེ་མཚར་སྡུག་གི་མ་འོངས་ཞིག་བསྐྲུན་པར་སྨོན། །
མཚོ་ལྷོ་ཁུལ་བོད་སྨན་ཁང་གི་འཕེལ་རྒྱས་སྒྲིག་གཞིའི་པར་རིས།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com