༄༅ །།མཚོ་སྔོན་མི་རིགས་སྙིང་རྗེའི་རོགས་སྐྱོར་ཚོགས་པའི་མཚམས་སྦྱོར་མདོར་བསྡུས།
མཚོ་སྔོན་མི་རིགས་སྙིང་རྗེའི་རོགས་སྐྱོར་ཚོགས་པ་ཞེས་བྱ་བ་ནི་དམངས་ཁྲོད་ཀྱི་སྙིང་རྗེའི་རོགས་སྐྱོར་ཚོགས་པ་ཞིག་ཡིན་ཞིང༌།སྤྱི་ཚོགས་དང་སེམས་ཅན་གཞན།ཁྱད་པར་དུ་མི་རིགས་ནང་ཁུལ་གྱི་ཁ་ཚ་དགོས་གཏུགས་སུ་རོགས་སྐྱོར་བྱ་དགོས་པའི་དབུལ་ཕོངས་སློབ་མ་དང༌། སྙིང་རྗེའི་འཕྲིན་ལས་གཞན་པའི་ཐད་ལ་སྙིང་རྗེ་དང་སྟོབས་ཤུགས་འབུལ་རྒྱུ་ནི་ཚོགས་པ་འདིའི་དམིགས་དོན་ཡིན། དུས་མཚུངས་སུ་སྙིང་རྗེའི་སེམས་དང་ལྡན་ཞིང་གཞན་ཕན་གནང་སྦྱིན་གྱི་ཆ་རྐྱེན་ངེས་ཅན་འཛོམས་པའི་ཐོག་རང་མོས་ཀྱིས་སྙིང་རྗེའི་ལས་ལ་གཞོལ་བའི་གཏོང་ཕོད་ཅན་རྣམས་ལ་དགེ་སྒྲུབ་ཀྱི་ལམ་བཟང་བོ་ཞིག་བགོ་སྐལ་དུ་སྟོབ་རྒྱུ་ནི་ཚོགས་པ་འདིའི་དམིགས་འདུན་ཡིན། རིགས་སོ་སོའི་མི་དམངས་དང་སྤྱི་ཚོགས་ལས་རིགས་ཁག་གི་ཕུགས་བསམ་ལྡན་པ་རྣམ་པས་ཐུགས་ཁུར་དང་རྒྱབ་སྐྱོར་ཆེན་པོ་གནང་བ་དང། རྒྱལ་ཁབ་ཀྱི་དམངས་ཁྲོད་ཚོགས་པ་འཛུགས་པའི་འབྲེལ་ཡོད་གཏན་ཁེལ་ལྟར། ཞིང་ཆེན་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་དམངས་སྲིད་ཐིན་སོགས་འབྲེལ་ཡོད་ལས་ཁུངས་ཀྱིས་མོས་འཐད་ཆོག་མཆན་བཀོད་པ་བརྒྱུད།སྤྱི་ལོ༢༠༠༡ལོའི་ཟླ༡༢པའི་ཚེས༢༢ཉིན་ཚོགས་པ་འདི་དངོས་སུ་བཙུགས།
འདི་ནི་རང་རེའི་ཞིང་ཆེན་མི་རིགས་ས་ཁུལ་གྱི་དམངས་ཁྲོད་ངོ་མའི་སྙིང་རྗེའི་ཚོགས་པ་འབའ་ཞིག་ཡིན་ལ།ཚོགས་པ་འདི་བཙུགས་ནས་ལོ་ལྔ་ལྷག་ལས་མ་འགོར་ནའང༌། རང་མོས་ཀྱི་ཚོགས་པར་ཞུགས་ཤིང་རང་ནུས་ཅི་ལྕོགས་ཀྱིས་རོགས་དངུལ་བསྟབས་པའི་ཚོགས་མི༤༠༠༠ལྷག་ལ་བསླེབས་ཤིང༌། རོགས་དངུལ་བསྡོམས་པས་དམངས་སྒོར་དྲུག་འབུམ་ལྷག་ལ་བུད།སྙིང་རྗེའི་རོགས་སྐྱོར་ཚོགས་པར་གཞུང་ལས་ཁང་དང་བྱམས་བུད་མེད་ཚན་ཆུང༌།རོགས་སྐྱོར་ཚན་ཆུང༌། ཞལ་འདེབས་དང་རྣམ་གྲངས་ཚན་ཆུང་བཅས་སྒྲིག་འཛུགས་བྱས་ཡོད། སྔ་གཞུག་ཏུ་བོད་རྒྱ་དབྱིན་སོགས་ཡིག་རིགས་དུ་མས་མཚོ་སྔོན་མི་རིགས་སྙིང་རྗེ་ཞེས་པའི་དུས་དེབ་སུམ་ཁྲི་རྩོམ་སྒྲིག་པར་སྐྲུན་བྱས།ངེད་ཚོགས་པས་སྔ་གཞུག་ཏུ་གཅན་ཚ་རྫོང་དང་ཁྲི་ཀ་རྫོང༌། ཀོས་ནན་རྫོང༌།རྨ་སྟོད་རྫོང་གི་དྭ་ཕྲུག་དང་བདག་མེད་ལོ་ལོན།དཀའ་ངལ་ཅན་གྱི་ཁྱིམ་ཚང༨༠༠ལྷག་ལ་རོགས་དངུལ་དང་གོན་པ་སྤྲད།སློབ་གྲྭ་ཆེན་མོའི་སློབ་མ༡༨༠ལྷག་ལ་རོགས་སྐྱོར་བྱས།
༢༠༠༧ལོའི་ཟླ༧པ་ནས་བཟུང༌།རང་ཚོགས་པ་དང་ཀྲུང་གོའི་གྲངས་ཉུང་མི་རིགས་དཔལ་འབྱོར་ཞིབ་འཇུག་ཚོགས་པ་དང་མཉམ་པོར།ཡ་གླིང་དངུལ་ཁང་གིས་རྒྱབ་སྐྱོར་མཛད་པའི་ཨེ་ནད་འགོག་བཅོས་ཀྱི་རྣམ་གྲངས་སྒྲུབ་འགོ་བཟུང༌། གོང་རིམ་འགོ་ཁྲིད་ཀྱིས་ཐུགས་ཁུར་རྒྱབ་སྐྱོར་དང༌།རིགས་སོ་སོའི་མང་ཚོགས་ཀྱིས་གོང་བཀུར་དང་དེར་ཞུགས་པ།ཚོགས་མི་དང་དང་བླངས་པ་རྣམས་ཀྱིས་མཉམ་ལས་དང་འབད་བརྩོན་ཆེན་པོ་བཅས་བྱས་ཚེ། མཚོ་སྔོན་མི་རིགས་སྙིང་རྗེའི་རོགས་སྐྱོར་ལས་དོན་བདེ་ཐང་རྒྱུན་སྲིང་ངང་འཕེལ་བ་དང།དབུལ་སྐྱོར་གྱི་ལམ་བུ་རྒྱ་བསྐྱེད་པ།རིགས་སོ་སོའི་མང་ཚོགས་ཀྱི་སྙིང་རྗེའི་རོགས་སྐྱོར་མཉམ་ལས་ཀྱི་འདུ་ཤེས་ཇེ་དྲག་ཏུ་བཏང་ནས་ནུས་པ་རྒྱ་ཆེན་པོ་འདོན་ཐུབ་པར་ང་ཚོར་ཡིད་ཆེས་བརྟན་པོ་ཡོད།སྤྱི་ཚོགས་རིམ་པ་ཁག་གི་མི་སྣ་དང་རིགས་སོ་སོའི་མང་ཚོགས་ཀྱིས་མུ་མཐུད་དུ་རྒྱབ་སྐྱོར་ཆེན་པོ་གནང་བ་དང༌། ཕུགས་བསམ་ལྡན་པ་སྔར་ལས་མང་བ་ཞིག་རང་གཞན་སྤྱི་ཚོགས་ཀུན་ལ་ཕན་པའི་སྙིང་རྗེའི་གཞན་ཕན་གྱི་ལས་དོན་སྙིང་བོ་ཅན་འདིར་ཞུགས་པའི་རེ་འདུན་སྙིང་ཐག་པ་ནས་ཞུ། མཐར་རྣམ་པ་ལྷན་རྒྱས་ཀྱི་གང་བསམ་ཡིད་བཞིན་འགྲུབ་ཅིང་བཀྲ་ཤིས་བདེ་ལེགས་འབྱུང་བའི་སྨོན་འདུན་ཞུའོ། །
མཚོ་སྔོན་མི་རིགས་སྙིང་རྗེའི་རོགས་སྐྱོར་ཚོགས་པའི་གཞུང་ལས་ཁང་ནས།
༢༠༠༧ལོའི་ཟླ༡༠ཚེས༡༨ཉིན།སྡོད་གནས། མཚོ་སྔོན་ཞིང་ཆེན་གྲོང་ཁྱེར་ཟི་ལིང་གི་བྱང་སྲང་ཆེན་མོའི་སྒོ་རྟགས་ཨང༢༦པ།
འབྲེལ་གཏུག་བྱེད་ས།
རྡོ་ཚེ་བརྟན། སངས་རྒྱས་རྒྱལ། ཁ་པར། ༠༩༧༡—༤༩༡༠༢༦༢ ༤༩༡༠༢༦༥ ལག་པར། ༡༣༥༡༩༧༡༤༢༡༦
བརྙན་སྐྱེལ། ༠༩༧༡—༤༩༡༠༢༦༥ ༨༢༤༧༩༦༧ སྦྲག་ཨང༌། ༨༡༠༠༠༠
E_mail:qhmc0971@163.com duodoumai@gmail.com
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com