༄༅།།གེ་སར་སྒྲུང་བཤད།
རྩོམ་པ་པོ།:མི་གསལ།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2020-04-09 10:06:40
ཀློག་གྲངས།:

བོད་ཀྱི་གླིང་རྗེ་གེ་སར་རྒྱལ་པོའི་སྒྲུང་ནི་འཛམ་གླིང་སྟེང་གི་ལོ་རྒྱུས་སྙན་རྩོམ་རིང་མོ་ལས་འཁྲབ་གྱེར་ཆེས་རིང་བའི་སྒྲུང་རིང་ཞིག་ཡིན་པ་མ་ཟད། ས་ཁུལ་རིག་གནས་སྣ་ཚོགས་ཀྱི་འབྱུང་གནས་ལྟ་བུ་ཞིག་ཀྱང་ཡིན། མི་རིགས་མང་པོས་རྒྱུན་མཐུད་འཕེལ་རྒྱས་དང་མཉམ་་སྤྱོད་བྱེད་བཞིན་པའི་ལོ་རྒྱུས་སྙམ་རྩོམ་རིང་མོ་འདི་ནི་བོད་ཀྱི་དམངས་ཁྲོད་རིག་གནས་ཕུན་སུམ་ཚོགས་པ་ལས་འབྲོག་པའི་རིག་གནས་ཀྱི་ཉིང་བཅུད་ལྟ་བུ་ཡིན། ཡུན་རིང་གི་འཕེལ་རིམ་ཁྲོད་མི་རིགས་མང་པོ་ཞིག་ལ་དར་བ་དང་། ལྷག་དོན་དུ་བོད་སོག་མི་རིགས་ཀྱི་ཁྱད་དུ་འཕགས་པའི་དམངས་ཁྲོད་རིག་གནས་ཤིག་ཏུ་གྱུར་ཅིང་། དེའི་སྒྱུ་རྩལ་ཁྱད་དུ་འཕགས་ཤིང་བླ་ན་མཐོ་བ་ཞིག་ཡིན། གྲངས་ལས་འདས་པའི་འབྲོག་པའི་གླུ་བ་སྒྱུ་རྩལ་པ་རྣམས་ཀྱིས་ལོ་རྒྱུས་སྙན་རྩོམ་རིང་མོ་འདིའི་གཏམ་རྒྱུད་དང་འཆད་ཉན། འཁྲབ་ཆས། འཁྲབ་ཁྲིད་སྒྱུ་རྩལ་སོགས་རྒྱུད་འཛིན་བྱས་ཡོད། སྒྲུང་པ་ནི་ལོ་རྒྱུས་སྙན་རྩོམ་རིང་མོ་འདིའི་གསར་གཏོད་པ་དང་རྒྱུད་འཛིན་པ། བརྒྱུད་སྒྲོག་མཁན་བཅས་ཡིན། སྒྲུང་པ་འདི་དག་ཕལ་མོ་ཆེ་ཞིག་ཡིག་རྨོངས་པ་ཡིན་ཡང་། ཁོང་ཚོ་ལ་ཁྱད་དུ་འཕགས་པའི་ཡིད་འཛིན་གྱི་ནུས་པ་ལྡན་ཞིང། ཞིབ་བརྗོད་དང་གསར་གཏོད་ནུས་པ་དེ་བས་མཁས། དུས་རྒྱུན་སྒྲུང་བཤད་སྐབས་ཡིག་ཕྲེང་ཁྲི་ཚོ་འགའ་ནས་བཅུའི་བར་ཏུ་བཤད་ཐུབ་པ་ཡིན།
ཆེས་སྔ་བའི་ལག་བྲིས་ལོ་རྒྱུས་སྙན་རྩོམ་རིང་མོ་ནི་སྤྱི་ལོ་སྔོན་གྱི་དུས་རབས་བཅུ་བཞི་སྟེ་༡༧༢༦ལོ་ཡི་པེ་ཅིང་དཔར་ཤིང་ཕྱོགས་བཅུའི་སྐྱེ་ཆེན་གེ་སར་རྣམ་ཐར་ཡིན་པ་དང་། དེ་ནི་ཆེས་སྔ་བའི་དཔར་གཞི་ཡང་ཡིན། ད་ལྟའི་བར་ཏུ་སྒྲུང་དཔེ་སྣ་ཚོགས་༡༢༠ལྷག་ཡོད་པ་དང་། ཤོ་ལོ་ཀ་ཁྲི་༡༠༠ལྷག་ལ་ཟིན། གསར་གཏོད་ཀྱི་རྒྱུན་དེ་ད་ལྟ་ཡང་ཆད་མེད། གླིང་སྒྲུང་ནི་ས་ཁུལ་རང་གི་ཆོས་ལུགས་དད་མོས་དང་། རིག་གནས། བློ་གྲོས། ཤེས་རིག། ཕ་སྐད་བཤད་པའི་འབྱུང་གནས་ལྟ་བུར་གྱུར་ཡོད་པ་ཡིན་ལ། ཐང་ག་དང་ལྷ་མོ། འཆད་གྱེར།ཞབས་བྲོ་སོགས་སྲོལ་རྒྱུན་སྒྱུ་རྩལ་གྱི་འབྱུང་ཁུངས་ལྟ་བུ་ཡང་ཡིན། གཞན་ད་དུང་དེང་རབས་སྒྱུ་རྩལ་གྱི་མགོ་ཁུངས་ངོ་མ་ཡང་ཡིན།
རྒྱལ་ཁབ་རིམ་པས་མི་འགྱངས་པར་གླིང་རྗེ་གེ་སར་རྒྱལ་པོའི་སྒྲུང་དེ་རྩ་ཆེའི་ཚན་རིག་ཞིབ་འཇུག་གི་ལས་གཞིའི་རྣམ་གྲངས་གྲས་སུ་འཇོག་རྒྱུ་ཡིན་ལ། བོད་རང་སྐྱོང་ལྗོངས་ཀྱིས་ཆེད་གཉེར་མྱུར་སྐྱོབ་ཕྱོགས་བསྒྲིག་ཚན་ཁག་བཙུགས་ནས། སྔ་གཞུག་ཏུ་སྒྲུང་པ་༥༧ལ་བཅར་འདྲི་དང་། སྒྲུང་པ་༡༥ལ་སྒྲུང་བཤད་དུ་བཅུག་སྟེ ། དུས་ཚོད་༥༠༠༠ལྷག་བཀོད་དེ་སྒྲ་ཕབ་སྤྱིན་ཤོག་༣༠༠༠བཟོས། གཞན་ཡང་ལག་བྲིས་དང་དཔར་ཤིང་༣༠༠ལྷག་འཚོལ་སྡུད་བྱས་ཡོད ། སྒྲུང་ཁག་༦༢ལྷག་པར་སྐྲུན་བྱས་ཡོད། རྒྱ་འགྱུར་མ་སྒྲུང་ཁག་༢༠ལྷག་ཡོད། གཞན་ཡང་སྒྲུང་ཁག་མང་པོ་ཞིག་དབྱིན་ཡིག་དང་ཉི་ཧུང་གི་ཡི་གེ། འཇར་མན་ཡི་གེ་སོགས་སུ་པར་སྐྲུན་བྱས་ཡོད། ཉེ་སྔོན་དུས་རབས་དང་བསྟུན་ནས་མུ་མཐུད་དུ་ཞིབ་འཇུག་གི་ཁ་ཕྱོགས་གཏིང་ཇེ་ཟབ་ཏུ་གཏོང་བཞིན་ཡོད་ལ ། དགུང་ལོ་༨༤ལ་ཟོན་པའི་སྒྲུང་མཁན་བསམ་འགྲུབ་ལགས་ཀྱི་སྒྲུང་སྣ་༤༥མི་འགྱངས་བར་པར་སྐྲུན་བྱེད་རྩིས་ཡོད ། སྒྲུང་སྣ་༣༠ལྷག་པར་སྐྲུན་བྱས་ཚར་ཡོད །
གེ་སར་སྒྲུང་དེ་མི་རིགས་མང་པོའི་ཁྲོད་བརྒྱུད་སྒྲོག་བྱེད་པ་ནི་མི་རིགས་རིག་གནས་བརྒྱུད་འཛིན་དང་། མི་རིགས་གོང་བུ་གཅིག་གྱུར་བྱེད་པའི་བསམ་བློའི་རྒྱུན་ཐག་ལྟ་བུ་ཡིན་ལ། མི་རིགས་སོ་སོ་ཕན་ཚུན་འབྲེལ་འདྲིས་དང་རྒྱུས་ལོན་བྱེད་པའི་དངོས་ཡོད་བདེན་དཔང་ཡང་ཡིན། གཞན་ཡང་། གླིང་སྒྲུང་དེ་ཕྱི་སོག་དང་། ཨི་རི་སུ། ཁ་མེ་ཨར་ཁའི་རྒྱལ་ཁབ་དང་། ཧི་མ་ལ་ཡིའི་ལྷོ་རྒྱུད་ཀྱི་རྒྱ་གར་དང་པ་ཅི་སི་ཐན །བལ་བོ ། འབྲུག་ཡུལ་སོགས་སུ་ཁྱབ་ཡོད་པ་མ་ཟད། མཐའ་འཁོར་གྱི་ས་གནས་མང་པོ་ཞིག་ལའང་ཁྱབ་ཡོད་པ་རེད། འདི་ལྟ་བུའི་རྒྱལ་ཁོངས་ལས་བརྒལ་ཏེ་རིག་གནས་བརྒྱུད་སྒྲོག་བྱུང་བ་དང་ཤུགས་རྐྱེན་ཟབ་མོ་ཐོབ་ཐུབ་པ་ནི་ཡ་མཚན་ཞིང་མཐོང་དཀོན་པ་ཞིག་རེད།
གླིང་སྒྲུང་བྱུང་བའི་དུས་ཚོད་ལ་ད་ལྟའི་བར་ཏུ་གཅིག་མཐུན་གྱི་ལྟ་བ་ཞིག་བྱུང་མེད་ཅིང་། སྐོར་ཞིག་གིས་བཙན་པོའི་སྐབས་བྱུང་བ་ཡིན་ཟེར་བ་དང་། ཡང་ཁ་ཅིག་གིས་དུས་རབས་བཅོ་ལྔ་བར་བྱུང་ཟེར། ཡིན་ཡང་གེ་སར་སྒྲུང་ལས་འཕྲོས་པའི་ལོ་རབས་དང་། རྒྱུ་ཆ། མི་དམངས་ཀྱི་བསམ་པའི་རེ་བ་སོགས་ལ་གཞིགས་ན། གེ་སར་སྒྲུང་ནི་དུས་རབས་བཅུ་གཅིག་པའི་སྔ་གཞུག་ཏུ་བྱུང་བར་སྙམ་ལ། སྐབས་དེར་བོད་སྤྱི་ཚོགས་ཁ་འཐོར་དང་ཕྱོགས་ཁག་གི་འཚོ་བའི་རྣམ་པ་རུ་གནས་ཡོད་ལ། དབང་བསྒྱུར་བས་ཕན་ཚུན་དམག་འཁྲུག་བྱས་པས། མི་སེར་ལ་གཉའ་གནོན་གྱི་སྡུག་བསྔལ་ཚད་མེད་མྱངས་ཏེ། ངལ་རྩོལ་མི་དམངས་རྣམས་ནས་རང་ཉིད་སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་ལས་བྲལ་ནས་བདེ་སྐྱིད་ཀྱི་འཚོ་བ་གསར་པ་ཞིག་བསྐྱལ་རྒྱུ་བྱུང་ན་སྙམ་པའི་རེ་སྨོན་དང་བསམ་འདུན་མཚོན་པའི་སྤྱི་ཚོགས་ཁོར་ཡུག་ཅིག་ལས་བྱུང་བའི་འབྲས་བུ་ཞིག་ཡིན་པ་ཤེས་ཐུབ།
འདི་འདྲའི་ལོ་རྒྱུས་རྒྱབ་ལྗོངས་འོག་ནས་གླིང་རྗེ་གེ་སར་རྒྱལ་པོའི་སྒྲུང་ནི་རྒྱལ་ཕྲན་དུ་མ་དང་ཚོ་ཁག་དུ་མའི་འབྲེལ་བའི་བྱུང་འཕེལ་དེ་སྒྱུ་རྩལ་གྱི་ལམ་ནས་དུས་རབས་དྲུག་པ་ནས་དགུ་བའི་བར་གྱི་གནད་ཆེའི་ལོ་རྒྱུས་དོན་ཆེན་རྣམས་བརྗོད་ཡོད། དེ་དང་ཆབས་ཅིག་དུས་རབས་བཅུ་གཅིག་པའི་སྔ་གཞུག་གི་ལོ་རྒྱུས་དོན་ཆེན་རྣམས་ཀྱང་ཕྱིར་མངོན་ཡོད་པ་ཡིན །གེ་སར་སྒྲུང་གི་ནང་དུ་ཚོ་ཁག་དང་རྒྱལ་ཕྲན་སོ་སོས་རང་རང་གི་ས་གནས་བཟུང་སྟེ་གཅིག་གིས་གཅིག་ལ་མི་གནོད་པར་རང་རང་གི་ས་ནས་སྲིད་བསྐྱོང་བཞིན་པ་དེ་ཡུན་རིང་གི་དམག་འཁྲུག་དང་། རྒྱལ་ཕྲན་གཅིག་གྱུར་བྱེད་པའི་ལོ་རྒྱུས་ཀྱི་གོ་རིམ་ཞིག་ཡིན། དཔའ་བོའི་ལོ་རྒྱུས་སྙན་རྩོམ་”གྱིས་ དཔའ་བོའི་དུས་རབས་མཚོན་པ་དང་། དཔའ་བོའི་དུས་རབས་ཀྱིས་དཔའ་བོའི་ལོ་རྒྱུས་སྙན་རྩོམ་”གསར་གཏོད་བྱས་ཡོད་པ་ཡིན། ལོ་རྒྱུས་སྙན་རྩོམ་ལས་མངོན་པ་ནི་སྐབས་དེའི་སྤྱི་ཚོགས་ཀྱི་ལོ་རྒྱུས་རྒྱབ་ལྗོངས་ཡིན། འདི་ཡིས་སྐབས་དེའི་ལོ་རྒྱུས་ཀྱི་འཕེལ་རྒྱས་མངོན་སུམ་དུ་ཕྱིར་མངོན་ཐུབ་པ་བྱུང་ལ ། སྐབས་དེའི་ལོ་རྒྱུས་ཆ་རྐྱེན་འོག་ནས་ངལ་རྩོལ་མི་དམངས་རྣམས་ཀྱིས་དམག་འཁྲུག་ལ་ངོ་རྒོལ་དང་།གཅིག་གྱུར་ལ་རེ་སྨོན་བཅས་བྱས་ཏེ་བདེ་སྐྱིད་ཀྱི་འཚོ་བ་ཞིག་ལ་རེ་སྙེག་བྱེད་བཞིན་པ་མཚོན་ཐུབ། གླིང་སྒྲུང་ལ་སྒྲུང་སྣ་ག་ཚོད་ཡོད་པ། གླིང་སྒྲུང་གི་ནང་དོན་དང་ཁ་བྱང་རྣམས་ཡུལ་ཕྱོགས་སོ་སོའི་སྒྲུང་པ་རྣམས་ལ་གཅིག་གྱུར་ཅིག་ཡོང་ཐུབ་ཀྱི་མེད། བོད་བྱང་ཐང་དུ་ཕལ་ཆེར་གཅིག་མཐུན་དུ་གྱུར་བའི་སྒྲུང་དཔེ་ལ་འདི་དག་ཡོད། ༡《གནམ་གླིང་གཏེར་རྫོང》༢《འཁྲུངས་གླིང་མེ་ཏོག་ར་བ》༣《ས་དམ་ལྷ་རྫོང》༤《གཅན་གཟན་སྡེ་ལྔ》༥《རྟ་རྒྱུག་རྒྱལ་འཇོག》 ༦《བདུད་འདུལ》 ༧《ཧོར་གླིང་གཡུལ་འགྱེད》༨《འཇང་གླིང་གཡུལ་འགྱེད》༩《མོན་གླིང་གཡུལ་འགྱེད》༡༠《སྟག་གཟིག་ནོར་རྫོང》༡༡《ཁ་ཆེ་གཡུ་རྫོང》 ༡༢ 《ཞང་ཞུང་མུ་ཏིག་རྫོང》 ༡༣ 《སོག་སྟོད་ཅང་ཤེས་རྟ་རྫོང》 ༡༤ 《གྲུ་གུ་གོ་རྫོང》༡༥ 《སུམ་གླེང་གཡུལ་འགྱེད》༡༦ 《བྱེ་རི་བྱུར་རྫོང》༡༧ 《གངས་རི་ཤེལ་རྫོང》༡༨ 《འདན་མ་ནས་རྫོང》༡༩ 《བལ་པོ་ལི་རྫོང》 ༢༠ 《ཨ་བསེ་ཁྲབ་རྫོང》 ༢༡《མི་ནུབ་དར་རྫོང》 ༢༢《བྱང་ཕྱོགས་ཨ་གྲགས་གཟི་རྫོང》༢༣《སྨུག་གུ་དྲེལ་རྫོང》༢༤ 《སུམ་པ་མཛོ་རྫོང》 ༢༥ 《རྒྱ་གླིང་གཡུལ་འཁྲུག》༢༦《འཛམ་གླིང་སྤྱི་བསང》༢༧ 《མ་ལ་ཡའི་སྨན་རྫོང》༢༨ 《སྒ་བདེ་ཁྱུང་རྫོང》༢༩ 《ཕྱི་གླིང་ལྕགས་རྫོང》 ༣༠ 《དམྱལ་གླིང་རྫོགས་པ་ཆེན་མོ》༣༡《ཚ་བ་མདའ་རྫོང》༣༢《སྲིན་པོ་ཤ་རྫོང》༣༣《བྱང་ཀླུ་ཁྲི་རྟ་རྫོང》བཅས་ཡོད ། གླིང་གེ་སར་རྒྱལ་པོའི་སྒྲུང་ནི་འཛམ་གླིང་སྟེང་སྐད་གྲགས་ཆེ་བའི་དཔའ་བོའི་ལོ་རྒྱུས་སྙན་རྩོམ་རིང་མོ་ཞིག་ཡིན་ལ། ལོ་རྒྱུས་རིང་ཞིང་ཁྱབ་ཁོངས་ཆེ་ལ། ཤོག་ངོས་གྲངས་མང་བ། ཡིག་ཚོགས་ཆེ་བ། སྒྲིག་གཞི་རྒྱ་ཆེ་ཞིང་ནང་དོན་ཕུན་སུམ་ཚོགས་པས་དེང་དུས་འཛམ་གླིང་ཡང་རྩེ་རུ་གནས་པའི་བོད་མི་རིགས་ཀྱི་རིག་གནས་བང་མཛོད་ཅིག་ཡིན་པ་མ་ཟད། འཛམ་གླིང་རིག་གནས་ཁྲོད་གཟི་འོད་མ་ཉམས་པར་འཕྲོས་དང་འཕྲོ་བཞིན་པའི་རིག་གནས་ཀྱི་གྲས་ཤིག་ཀྱང་ཡིན།
གླིང་རྗེ་གེ་སར་རྒྱལ་པོའི་སྒྲུང་ནི་འཛམ་གླིང་སྟེང་སྐད་གྲགས་ཆེ་བའི་དཔའ་བོའི་ལོ་རྒྱུས་སྙན་རྩོམ་རིང་མོ་ཞིག་ཡིན་པས། འདི་ལ་སྔོག་འདོན་དང་སྲུང་སྐྱོབ། ལེགས་སྒྲིག་ངེས་པར་བྱེད་དགོས་ལ། དེའི་རིན་ཐང་གཙོ་བོ་ནི་གཤམ་གསལ་ལྟར། ༡ རིག་གཞུང་ཞིབ་འཇུག་གི་རིན་ཐང་ལྡན་པ། བོད་ཀྱི་དཔའ་བོའི་ལོ་རྒྱུས་སྙན་རྩོམ་རིང་མོ་འདི་ལ་མཚོན་ན་འཛམ་གླིང་སྟེང་སྐད་གྲགས་ཆེ་བའི་ལོ་རྒྱུས་སྙན་རྩོམ་རིང་མོ་རྣམས་ལས་ཡིག་ཚོགས་མང་ཤོས་དང་ནང་དོན་ཕུན་སུམ་ཚོགས་པ། སྒྲིག་གཞི་ཚགས་དམ་ཞིང་རྒྱ་ཆེ་ཤོས་སུ་མངོན་པས་དེང་དུས་འཛམ་གླིང་གི་ཡང་རྩེ་རུ་གནས་ཐུབ་ཡོད།གླིང་རྗེ་གེ་སར་རྒྱལ་པོའི་སྒྲུང་ལ་སྔོག་འདོན་དང་སྲུང་བ། ལེགས་བསྒྲིག་བྱེད་པ་ནི། ཀྲུང་གོའི་ལོ་རྒྱུས་ཆ་ཇེ་ཚང་དང་། ནང་དོན་ཕུན་སུམ་ཇེ་ཚོགས་སུ་གཏོང་ཐུབ་པ་མ་ཟད། ལོ་རྒྱུས་རྒྱུད་འཛིན་བྱེད་པར་ཆ་རྐྱེན་བཟང་བོ་ཞིག་བསྐྲུན་ཡོད་པ་ཡིན། གཞན་ད་དུང་བོད་ཀྱི་སྤྱི་ཚོགས་དང་ཆབ་སྲིད། དཔལ་འབྱོར། རིག་གནས། ཡུལ་སྲོལ་གོམས་གཤིས་བཅས་ལ་ཞིབ་འཇུག་བྱེད་པའི་རྒྱུ་ཆ་གལ་ཆེན་ཞིག་ཏུ་གྲུབ་ཡོད། ༢ བཀོལ་སྤྱོད་ཀྱི་རིན་ཐང་ལྡན་པ། གླིང་རྗེ་གེ་སར་རྒྱལ་པོའི་སྒྲུང་ལ་སྔོག་འདོན་དང་སྲུང་སྐྱོབ་བྱས་ན་ནག་ཆུ་ས་ཁུལ་མ་ཟད་པའི་ཀྲུང་གོ་སྤྱིའི་བསམ་པའི་དཔལ་ཡོན་གསོ་སྐྱོང་དང་། མི་དམངས་མང་ཚོགས་ཀྱི་རིག་གནས་འཚོ་བ་ཕུན་སུམ་ཇེ་ཚོགས། ཀུན་སྤྱོད་མཐོར་འདེགས། འཕེལ་རྒྱས་ལ་སྐུལ་འདེད། ཕན་བདེའམ་འཆམ་མཐུན་གྱི་སྤྱི་ཚོགས་འཛུགས་སྐྲུན་སོགས་ལ་ནུས་པ་ཆེན་པོ་ཐོན་ཐུབ།
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།