༄༅།།གྲོང་གསེབ་དར་སྤེལ་འཐབ་ཇུས་ཀྱི་སྲིད་ཇུས་བསྡུས་འགྲེལ།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:ཕུགས་སྟོན་བློ་འདྲི་སྤྱི་སྟེགས། དུས་ཚོད།:2021-03-12 08:55:05 ཀློག་གྲངས།:
      མང་ཚོགས་མང་པོས་ཁ་པར་དང་ཡི་གེ་བསྐུར་བའི་རེ་བ་ལྟར་ད་ཐེངས་མཚོ་སྔོན་བོད་སྐད་རླུང་འཕྲིན་ཁང་གི་༣༧༥ཐད་གཏོང་ཁང་གིས་མཚོ་སྔོན་ཏང་གི་སློབ་གྲྭའི་དགེ་རྒན་ཆེན་མོ་བསོད་ནམས་དབང་རྒྱལ་མཆོག་གདན་འདྲེན་ཞུས་ཏེ་གྲོང་གསེབ་དར་སྤེལ་འཐབ་ཇུས་ཀྱི་སྲིད་ཇུས་འགྲེལ་བཤད་བྱས་ཤིང་། ང་ཚོས་ཀྱང་དེའི་ནང་གི་ནང་དོན་གནད་བསྡུས་ཁ་ཤས་ཡི་གེར་བཀོད་ནས་སྤེལ་ཡོད།
གདན་ཞུའི་སྐུ་མགྲོན།  དགེ་རྒན་ཆེན་མོ་བསོད་ནམས་དབང་རྒྱལ།
བསོད་ནམས་དབང་རྒྱལ་ངོ་སྤྲོད།
      ལན་གྲུ་སློབ་གྲྭ་ཆེན་མོའི་འབུམ་རམས་པ། མཚོ་སྔོན་ཞིང་ཆེན་ཏང་གི་སློབ་གྲྭ་དང་ཞིང་ཆེན་སྲིད་འཛིན་སློབ་གླིང་། ཞིང་ཆེན་སྤྱི་ཚོགས་རིང་ལུགས་སློབ་གླིང་གི་དགེ་རྒན་ཆེན་མོ། མཚོ་སྔོན་ཞིང་ཆེན་ནང་བསྟན་སློབ་གླིང་གི་དགེ་རྒན་ཆེན་མོའི་ལས་འགན་གཅིག་ལྕོགས་སུ་བཞེས་ཡོད་ལ། ཞིང་ཆེན་སྲིད་གྲོས་ཀྱི་བློ་འདྲིའི་ཆེད་མཁས་དང་རེབ་གོང་རིག་གནས་བློ་འདྲིའི་ཆེད་མཁས་སོགས་ཡིན།

བཅར་འདྲིའི་ནང་དོན་ཚན་བཤུས།
སྤྱི་ཚོགས་མ་ལག་འཐུས་མི་ཚང་བའི་རྒྱུ་མཚན་ཅི།
△སྤྱིར་ང་ཚོ་མི་སྒེར་སོ་སོ་ལ་འཆར་གཞི་དགོས་པ་རེད། རྒྱལ་ཁབ་ཡིན་ན་ཡང་ལོ་བརྒྱ་དང་། ཡང་ན་ལོ་ལྔའི་འཆར་གཞི་བཅུ་གསུམ་པ་དང་། ལོ་ལྔའི་འཆར་གཞི་བཅུ་བཞི་བ་སོགས་ཀྱི་འཆར་འགོད་ཡོད་པ་རེད། ལྷག་པར་དུ་ད་ལྟ་མཚོན་ན་ལོ་རྒྱུས་ཀྱི་དཀྱོགས་མཚམས་རང་བཞིན་གྱི་ལོ་ཞིག་ལ་ཐོན་ཡོད་པ་རེད།
ཚང་མས་ཤེས་གསལ་ལྟར་ཀྲུང་དབྱང་གི་ཡིག་ཆ་ཨང་དང་པོས་གཙོ་བོ་རོང་འབྲོག་གི་ལས་དབང་དང་རོང་འབྲོག་གི་ཐོན་ལས་ཚང་མར་བཀོད་སྒྲིག་དང་འཆར་འགོད། གཏན་འཁེལ་བྱེད་པའི་རྣམ་པ་ཞིག་རེད། ད་ཐེངས་ཀྱི་གྲོང་གསེབ་དར་སྤེལ་ལ་མཚོན་ན་ཡང་མ་གཞི་ནས་འཆར་འགོད་ནང་ན་ཡོད་པའི་སྲིད་ཇུས་ཤིག་རེད།
དབུལ་ཐར་མཁྲེགས་གཏོར་ལོ་རྒྱུས་ཀྱི་འགན་འཁྲིར་སྤྱི་བསྡོམས་མཛད་པའི་སྲིད་ཇུས་ཀྱི་འབྲེལ་མཚམས་དེ་གྲོང་གསེབ་དར་སྤེལ་འཐབ་ཇུས་རེད་ལ། དབུལ་སྐྱོར་གྱི་སྲིད་ཇུས་རྒྱུན་མཐུད་ཡོང་བའི་ཆེད་དུ་བཏོན་པའི་སྲིད་ཇུས་ཀྱི་འཐབ་ཇུས་ཆེན་པོ་ཞིག་རེད། ད་ལོའི་ཟླ་གཉིས་པའི་ཟླ་མགོ་ཙམ་ལ་ཏང་ཀྲུང་དབྱང་གི་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུངས་བཤད་ཅིག་གི་ནང་དུ་གྲོང་གསེབ་དར་སྤེལ་ནི་མི་རིགས་ཉམས་ཐུབ་མིན་གྱི་རྩ་བའི་རྩ་བ་རེད་ཅེས་གསུངས། སྤྱི་ཚོགས་འཕེལ་རྒྱས་ཆོས་ཉིད་ལྟར་ནའང་གྲོང་གསེབ་ཉམས་དུས་སྤྱི་ཚོགས་འདིའི་མ་ལག་ཆ་མི་ཚང་བ་དང་ནད་པར་གྱུར་བའི་རྣམ་པ་ཉེན་ཁ་ཅན་ཞིག་རེད།
དཔེར་ན། ཁ་སང་དེ་རིང་རེབ་གོང་སྒྱུ་རྩལ་འདི་སྒྱུ་རྩལ་ཕྱོགས་དང་རིག་གནས་ཐོན་ལས་ཕྱོགས་ནས་འཕེལ་རྒྱས་ཆེན་པོ་ཡོད་མོད། གལ་སྲིད་གྲོང་གསེབ་ལ་སྲུང་སྐྱོབ་མ་ཐུབ་པར་གྲོང་གསེབ་ཉམས་རྒུད་དུ་གྱུར་ཚེ་རེབ་གོང་གི་རིག་གནས་ཀྱང་ཆ་མི་ཚང་བའི་ཉེན་ཁ་ཆེན་པོ་རེད་ཅེས་བགྲོ་གླེང་ཞིག་ཏུ་བཤད་མྱོང་།
སྲོལ་རྒྱུན་རིག་གནས་ཀྱི་རྩ་བ་གང་ན་ཡོད།
△ད་ཐེངས་ང་ཚོས་ཀྲུང་དབྱང་གི་ཡིག་ཆ་དང་སྲིད་ཇུས་གང་ལ་སློབ་སྦྱོང་བྱས་ཀྱང་། མཐའ་གཅིག་ཏུ་མི་རིགས་འདིའི་ལས་དབང་ལ་འབྲེལ་ཐག་ཟབ་མོ་ཡོད་པའི་མཚོན་དོན་ཞིག་རེད། སྤྱིར་ན་གྲོང་ཁྱེར་ཟེར་བ་འདི་ཕྱིའི་རྣམ་པ་ནས་རྫིགས་པོ་དང་བཀོད་སྒྲིག་ཡག་པོ། འགྲིམ་འགྲུལ་སྟབས་བདེ་ཡིན་ནའང་སྐྱེ་ཁམས་ལ་གནོད་པ་ཡོད་ནི་རེད། སྐྱེ་ཁམས་ལ་འཆམ་མཐུན་ཡོང་དགོས་ན་གྲོང་གསེབ་བཟང་བ་རེད། དྲང་མོར་བཤད་ན་རུ་སྡེ་གྲོང་གསེབ་མང་པོས་རང་གི་སྐྱེ་ཁམས་རང་གིས་སྲུང་སྐྱོབ་ཐུབ་པའི་འགན་ནུས་ཆེན་པོ་ཐོན་ཡོད་ཀི ཀྲུང་གོ་རྒྱལ་ཁབ་ཀྱི་རྩ་བའི་རྩ་བ་གྲོང་གསེབ་ན་ཡོད་ཅེས་རྒྱའི་མཁས་པ་ཧྥེ་ཞོ་ཐུང་གིས་གསུངས་མྱོང་། ཡང་ན་ད་ལྟའི་སྲིད་ཇུས་དང་ཡིག་ཆ་མང་པོའི་ནང་དུའང་མི་རིགས་དང་ལུང་པ་གང་ལ་མཚོན་ཡང་སྲོལ་རྒྱུན་རིག་གནས་ཀྱི་རྩ་བའི་རྩ་བ་གྲོང་གསེབ་ན་ཡོད་པ་བྲིས་འདུག
གྲོང་གསེབ་དར་སྤེལ་སྣང་མེད་དུ་བཞག་པའི་ཉེན་ཁ།
△གྲོང་གསེབ་དར་སྤེལ་འཐབ་ཇུས་ནང་ཕྱིར་དབུལ་བོར་མི་འགྱུར་དང་འབྲུ་རིགས་བདེ་འཇགས། དེང་རབས་ཅན་གྱི་ཞིང་ཕྱུགས་ལས་ཀྱི་ཕྱོགས་སུ་བསྐྱོད་རྒྱུ་སོགས་ནང་དོན་གཙོ་བོ་རེད། གྲོང་ཁྱེར་ནང་དུ་ཅི་འཛོམས་པ་གྲོང་གསེབ་ནང་དུའང་དེ་འཛོམས་སུ་འཇུག་རྒྱུ་རེད། ཐད་ཀར་ང་ཚོའི་འཚོ་བའི་སྤུས་ཀ་མཐོར་འདེགས་གཏོང་བའི་རྣམ་གྲངས་མང་ནའང་། ང་ཚོར་སེམས་རྒྱ་ཆེན་པོ་དགོས་ཀི སོ་སོར་སྤྱི་དམངས་ཀྱི་འདུ་ཤེས་དགོས་པ་རེད། སྡེ་བ་ཁ་ཤས་ནང་དུ་འགྲིག་མཐུན་མེད་པའང་གཙོ་བོ་སྒེར་སེམས་ཆེ་དྲག་པ་དང་སྤྱི་སེམས་མེད་སོང་བས་ལན། གྲོང་གསེབ་འདིའི་རྒན་དར་གཞོན་གསུམ་དང་ཕྱི་ནང་གི་མཐུན་སྒྲིལ་གང་ལའང་རེ་བ་ཡོད་ཅིང་། རྒྱལ་ཁབ་ཀྱི་འཆར་འགོད་ནང་དུ་བཞག་ནས། གྲོང་ཁྱེར་ནང་དུ་ཅི་འཛོམས་པ་གྲོང་གསེབ་ནང་དུའང་དེ་འཛོམས་སུ་འཇུག་རྒྱུ་ཡིན་ཟེར་དུས། ཁྱོད་ཚོར་ཕྱི་ནང་མཐུན་སྒྲིལ་མེད་ཚེ། ད་ཐེངས་ཀྱི་འཆར་འགོད་ནང་དུ་མ་གཞི་ནས་གྲོང་གསེབ་ཀྱི་རྨང་གཞི་མེད་པ་དང་རིག་གནས་མེད་པའི་གྲོང་གསེབ་དེ་དག་རྗེས་ནས་ཡུལ་གྲོང་གཅིག་བསྡུས་ནང་དུ་བཞག་ནའང་མི་ཆོག་རྒྱུ་མི་འདུག་ཅེས་བཀོད་ཡོད་པ་རེད། ངའི་རེ་བ་ཡིན་ན་ང་ཚོས་གོ་སྐབས་འདི་འཕྲོ་བརླག་བྱེད་མི་རུང་སྙམ། ལྷག་པར་དུ་སྡེ་བ་ཁ་ཤས་མཐུན་སྒྲིལ་ཡག་པོ་མེད་པ་དང་རྩ་འཛུགས་ལ་རྒྱབ་སྐྱོར་མི་བྱེད་པ། སྒེར་སེམས་ཆེ་བ་དེ་ཚོ་ཚང་མས་གོ་སྐབས་འདི་དམ་འཛིན་བྱེད་དགོས་རྒྱུ་རེད།  རང་ས་རང་ཡུལ་འདི་སྲུང་དགོས་ན་འདི་ནི་ལོ་རྒྱུས་ཀྱི་གོ་སྐབས་ཆེན་པོ་ཞིག་རེད། གྲོང་གསེབ་ལ་སྲུང་སྐྱོབ་བྱེད་རྒྱུ་ནི་དོན་དག་ཆེན་པོ་ཞིག་རེད། གྲོང་གསེབ་མེད་ན་འབྲུ་རིགས་ཀྱི་བདེ་འཇགས། སྐྱེ་ཁམས་ཀྱི་བདེ་འཇགས། ཐ་ན་རིག་གནས་ཀྱི་བདེ་འཇགས་ལའང་འབྲེལ་བ་དམ་པོ་ཡོད་རེད། གྲོང་གསེབ་དར་སྤེལ་འདི་མང་ཚོགས་ལ་ཤ་ཚ་བ་ཙམ་གྱི་ལས་གཞི་རྐྱང་རྐྱང་ཞིག་མིན་པར་འདི་ནི་ཆབ་སྲིད་ཀྱི་ལས་གཞི་ཆེན་པོ་ཞིག་རེད། བསམ་གཞིགས་མ་བཏང་བའི་སྐད་ཆ་དང་ཡི་གེ་སོགས་དྲྭ་སྟེང་དུ་སོང་དུས་མི་སྒེར་ཞིག་མ་རེད། དྲྭ་འབུ་མང་པོས་དོ་སྣང་བྱེད་ཀྱིན་པའི་དྲྭ་དཔོན་ཚོ་ཡིན་ནའང་ཁོ་ཚོ་རང་སྟེང་ནས་སྤྱི་ཚོགས་ཀྱི་འགན་འཁྲི་དགོས་རེད། དུས་རབས་ཀྱི་དཀྱོག་མཚམས་འདི་འདྲ་བ་ཞིག་ལ་རིན་ཐང་ལྟ་བ་འདི་ང་ཚོས་སྲུང་ཐུབ་དགོས་ཀི  ཅིའི་ཕྱིར་གྲོང་གསེབ་ལ་རིན་ཐང་མེད་སོང་བ་ངས་ཀྱང་ཧ་གོ་གི་མེད། ངས་ལོ་མང་པོ་ཞིག་ལ་རང་གི་གྲོང་གསེབ་ཀྱི་སློབ་གསོ་བཟུང་བ་ཡིན།  ནམ་རྒྱུན་གྲོང་གསེབ་ཀྱི་སློབ་ཆེན་པ་ཚོར་ཁ་བརྡ་བྱེད་དུས་སློབ་གྲྭར་རྒྱུགས་འཕྲོད་ནས་ལས་བྱེད་པར་གྱུར་ནས་རང་གི་གྲོང་གསེབ་དང་བར་ཐག་ཇེ་རིང་དུ་འགྲོ་དུས་འུ་ཚོའི་སློབ་གསོ་ལ་རིན་ཐང་མི་འདུག སྐྱིད་པའི་འཚོ་བ་དང་བསམ་བློའི་རིན་ཐང་ཟེར་བ་གང་ལ་གོ་བ་ཤེས་དགོས་ཀི གྲོང་ཁྱེར་གྱི་འཚོ་བས་ང་ཚོར་ཤན་ཤུགས་ཐེབས་རྒྱུ་མང་ཡོད་པས།  རང་ཉིད་ལའང་རང་ཚུགས་ཤིག་ཡོད་དགོས་ཀི སློབ་ཆུང་དང་དམའ་འབྲིང་། སློབ་ཆེན་གང་ནས་ཀྱང་ཡི་གེ་རྐྱང་བའི་སློབ་གསོ་དང་རྒྱུགས་སྤྲོད་སློབ་གསོ་རྐྱང་བ་འཛིན་མི་རུང། རང་བྱུང་སློབ་གསོ་དང་སྲོལ་རྒྱུན་རིག་གནས་ལ་ཤུགས་མ་རྒྱབ་ཚེ། རོང་ཕྲུག་དང་འབྲོག་ཕྲུག་སུ་ཞིག་ཡིན་རུང་ཕ་མ་གཉིས་ཀ་རོང་བ་ཡིན་ཡང་རུང་། ཕ་མ་གཉིས་ཀ་འབྲོག་པ་ཡིན་ཡང་རུང་། ཕྱིར་ཕ་ཡུལ་ལ་སོང་ན་རོང་བ་ཡག་པོ་དང་འབྲོག་པ་ཡག་པོ་ཞིག་ཆགས་ཐུབ་མེད་པས། དེ་ཡིན་ན་རོང་འབྲོག་ལས་དེང་རབས་ཅན་ཟེར་བ་ཇི་ལྟར་མངོན་འགྱུར་འབྱུང་ཨང་།
ཕ་ས་ཕ་ཡུལ་སྲུང་བའི་བྱེད་ཐབས་གང་།
△མ་འོངས་པའི་ལོ་ལྔའི་རིང་གྲོང་གསེབ་དར་སྤེལ་འཐབ་ཇུས་ཀྱི་བར་བརྒལ་གོ་རིམ་ཞིག་རེད། མི་རིགས་དང་རྒྱལ་ཁབ་གང་ཞིག་ལ་མཚོན་ཡང་མ་འོངས་དར་སྤེལ་འགྲོ་དགོས་ན་ལམ་བུ་ཉག་གཅིག་ནི་དེང་རབས་ཅན་ཏེ། བསམ་བློ་དེང་རབས་ཅན་དང་དོ་དམ་དེང་རབས་ཅན་སོགས་སྤྱི་ཚོགས་བཅོས་སྐྱོང་དང་། ཐོན་ལས་བཀོད་སྒྲིག་དང་། འཚོ་བ་རོལ་སྟངས་སོགས་དེང་རབས་ཅན་ལ་དམིགས་ནས་བསམ་བློ་གཏོང་དགོས་པ་རེད།  གོ་སྐབས་འདི་ནི་ང་ཚོས་ཕ་ས་ཕ་ཡུལ་སྲུང་བྱེད་ཀྱི་ཐབས་ལམ་ཆེན་པོ་ཞིག་སྟེ། ཐབས་ལམ་འདི་ལ་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱབ་སྐྱོར་དང་ཤུགས་རྒྱག་གིན་ཡོད་པ་རེད། དེང་རབས་ཅན་ཞེས་པ་ནི་སྲོལ་རྒྱུན་དོར་བ་དང་སྔོན་གྱི་འཚོ་བ་རོལ་སྟངས་སྐྱུར་བ་ཞིག་མ་ཡིན་པར། སྔར་ལས་བཟང་ཞིང་སྟབས་བདེ་བའི་ལམ་ཁ་ཞིག་ལ་བསྐྱོད་རྒྱུ་དེའོ།།
མཆན། 乡村振兴ལ་ཞིང་སྡེ་དར་སྤེལ་དང་གྲོང་གསེབ་དར་སྤེལ། ཞིང་གྲོང་དར་རྒྱས་དང་ཡུལ་གྲོང་དར་སྤེལ་སོགས་ཀྱི་བསྒྱུར་སྟངས་སྣ་མང་ཞིག་མཆིས་སོ།།
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།