བོད་སྐད་ཀྱི་གཏམ་བརྗོད་ཟློས་གར«ཧམ་ལེ་ཀྲི»ལ་རྒྱལ་སྤྱིའི་བྱ་དགའ་ཐོབ་འདུག

རྩོམ་པ་པོ།: ཡོང་ཁུངས།:ཀྲུང་དབྱང་རླུང་བརྙན་འཕྲིན་ལས་ཁུངས་བོད་སྐད་རླུང་འཕྲིན། དུས་ཚོད།:2025-11-27 08:45:20 ཀློག་གྲངས།:
       ཕུའུ་ཚུན་ཤིན་གྱིས་འཁྲབ་ཁྲིད་གནང་བ་དང་བོད་རང་སྐྱོང་ལྗོངས་གཏམ་བརྗོད་ཟློས་གར་ཚོགས་པས་འཁྲབ་སྟོན་བྱས་པའི་གཏམ་བརྗོད་ཟློས་གར«ཧམ་ལེ་ཀྲི»ལ་སྐབས་སོ་ལྔ་པའི་“པོ་ལོ་ཏི་རྒྱ་མཚོའི་གཞིས་ཁྱིམ་”ཞེས་པའི་རྒྱལ་སྤྱིའི་ཟློས་གར་དུས་ཆེན་ཐོག་འཁྲབ་ཚན་ཡག་ཤོས་ཀྱི་བྱ་དགའ་ཐོབ་འདུག
       བོད་སྐད་ཀྱི«ཧམ་ལེ་ཀྲི»ནི2021ལོར་གསར་རྩོམ་བྱས་པ་དང་། ལོ་དེའི་ཟླ5པར་འཁྲབ་ཁྲིད་པ་ཕུའུ་ཚུན་ཤིན་གྱི་མཛུབ་ཁྲིད་འོག ཧྲང་ཧའེ་ཟློས་གར་སློབ་གླིང་འཁྲབ་སྟོན་ཚན་ཁག་གི2017ལོའི་བོད་ལྗོངས་འཛིན་གྲྭའི་སློབ་མས་འཁྲབ་སྟོན་བྱས་ཤིང་། ཧྲང་ཧའེ་ཟློས་གར་སློབ་གླིང་ཚོད་ལྟའི་ཟློས་གར་ཁང་དུ་འཁྲབ་སྟོན་བྱེད་འགོ་བརྩམས་ཡོད།
       ཟློས་གར་དེ་ནི1990ལོར་སྐུ་ཞབས་ལིན་ཀྲའོ་ཧྭ་ཡིས་གསར་རྩོམ་དང་འཁྲབ་ཁྲིད་གནང་ཞིང་། ཕུའུ་ཚུན་ཤིན་ནས་སྐབས་དེར་མི་སྣ་གཙོ་བོ་ཧམ་ལེ་ཀྲི་འཁྲབ་པ་རེད། ད་ཆ། ཕུའུ་ཚུན་ཤིན་གྱིས་འཁྲབ་ཁྲིད་གནང་བའི་འཁྲབ་གཞུང་དེ་ནི་བོད་རྒྱ་སྐད་རིགས་གཉིས་ཀྱི་ལམ་ནས་འཁྲབ་སྟོན་བྱས་ཤིང་། ཤེག་སེ་པི་ཡར་གྱི་ཟློས་གར་བརྩམས་ཆོས་ཀྱི་བརྗོད་དོན་གཙོ་བོ་རང་སོར་བཞག་པའི་རྨང་གཞིའི་ཐོག བོད་ཀྱི་རིག་གནས་ཀྱི་གཞི་རྒྱུ་མཉམ་འདྲེས་བྱས་ཡོད། འཁྲབ་སྟོན་བྱས་རྗེས། ཟློས་གར་དེར་གཟིགས་མོ་བའི་བསྔགས་བརྗོད་ཆེན་པོ་ཐོབ་པ་དང་། གཟིགས་མོ་བས་འཁྲབ་གཞུང་འདི་ནི་ཤེག་སེ་པི་ཡར་གྱིས་སྐབས་དེར་བོད་ལྗོངས་ཀྱི་སློབ་མ་འདི་དག་ལ་དམིགས་སུ་བརྩམས་པ་དང་འདྲ་པོ་འདུག་ཅེས་གདེང་འཇོག་བྱས་ཡོད།བོད་རྒྱ་སྐད་རིགས་གཉིས་ཀྱི«ཧམ་ལེ་ཀྲི»རྒྱལ་ནང་དུ་སྐོར་སྐྱོད་འཁྲབ་སྟོན་བྱས་རྗེས། རྒྱལ་ཡོངས་ས་ཆ་ཁག་གི་ཟློས་གར་ཁང་དང་ཟློས་གར་དུས་ཆེན་མང་པོས་གདན་ཞུ་བྱས་ཤིང་། དེས་ད་ལོ་ཨུ་རུ་སུར་འཁྲབ་སྟོན་དུ་བསྐྱོད་རྒྱུར་རྨང་གཞི་བཏིང་ཡོད།
       བོད་སྐད་ཀྱི«ཧམ་ལེ་ཀྲི»ཡི་ཁྱད་ཆོས་གཙོ་བོ་ནི་བོད་ཀྱི་རིག་གནས་དང་སྲོལ་རྒྱུན་ཟློས་གར་གཉིས་དབར་གྱི་སྤེལ་རེས་དེ་ཡིན། བོད་རང་སྐྱོང་ལྗོངས་གཏམ་བརྗོད་ཟློས་གར་ཚོགས་པའི་གཞོན་སྐྱེས་འཁྲབ་སྟོན་པ་ཚོས་བོད་ཀྱི་གླུ་གཞས་དང་མི་རིགས་ཀྱི་གླུ་གར་དེ་ཤེག་སེ་པི་ཡར་གྱི་འཁྲབ་གཞུང་ནང་མཉམ་འདྲེས་བྱས་ཡོད་པས། ཤར་ཕྱོགས་ཀྱི་མཚན་ཉིད་རིག་པའི་བསམ་བློ་སྦྱིན་ཡོད། འཁྲབ་ཁྲིད་པ་ཕུའུ་ཚུན་ཤིན་གྱིས་ཤེག་སེ་པི་ཡར་གྱི་ཕུལ་བྱུང་ཟློས་གར་བརྩམས་ཆོས་ཐད་དམིགས་བསལ་གྱི་གོ་བ་ལེན་སྟངས་ཡོད་པ་དང་། ཁོང་གིས1994ལོའི«ཧམ་ལེ་ཀྲི»ཡི་ཟློས་གར་ནང་གི་ཧམ་ལེ་ཀྲི་འཁྲབ་མྱོང་བས། ད་རེས་བོད་སྐད་ཀྱི་ཟློས་གར་དེར་འཁྲབ་ཁྲིད་གནང་སྐབས་དེ་བས་ཀྱང་རིག་གནས་ཀྱི་མཐོང་ཟུར་ཐུན་མོང་མ་ཡིན་པ་ཞིག་བསྣམས་ཡོད།
       2025ལོའི་ཟླ10ཚེས11ཉིན་དང་ཚེས12ཉིན། ཀྲུང་གོ་ཟློས་གར་མཁས་པའི་མཐུན་ཚོགས་ཀྱི་ཀྲུའུ་ཞི། འཁྲབ་སྟོན་སྒྱུ་རྩལ་མཁས་ཅན་ཕུའུ་ཚུན་ཤིན་གྱིས་འཁྲབ་ཁྲིད་གནང་ཞིང་། བོད་རང་སྐྱོང་ལྗོངས་གཏམ་བརྗོད་ཟློས་གར་ཚོགས་པས་འཁྲབ་སྟོན་བྱས་པའི་བོད་སྐད་ཀྱི«ཧམ་ལེ་ཀྲི»ཡི་གཏམ་བརྗོད་ཟློས་གར་དེ་ཨུ་རུ་སུའི་ཧྲེང་པི་ཏེ་པའོ་ཡི་སྐབས35པའི་“པོ་ལོ་ཏི་རྒྱ་མཚོའི་གཞིས་ཁྱིམ་”ཞེས་པའི་རྒྱལ་སྤྱིའི་ཟློས་གར་དུས་ཆེན་ཐོག་འཁྲབ་སྟོན་བྱས་པ་རེད།
       བོད་སྐད་ཀྱི«ཧམ་ལེ་ཀྲི»ཨུ་རུ་སུར་འཁྲབ་སྟོན་བྱས་པ་དེའི་ཐོག་ནས་བོད་ལྗོངས་ཀྱི་རིག་གནས་བྱ་གཞག་དེ་བོད་ལྗོངས་སུ་རྩ་བ་ཚུགས་ཏེ་འཛམ་གླིང་ལ་རིམ་གྱིས་ཁ་ཕྱོགས་པ་མཚོན་ཞིང་། བོད་ལྗོངས་ཀྱི་རིག་གནས་“ཕྱིར་སྐྱོད་པའི་”ལོ་རྒྱུས་ཀྱི་ཨང་དང་པོ་མང་པོ་བཏོད་ཡོད།
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།