ཨ་མའི་མིག་ཟུང་། མདོ་སྨད་ཧེ་རུ་ཀ
རྩོམ་པ་པོ།:མདོ་སྨད་ཧེ་རུ་ཀ
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2025-10-29 09:03:20
ཀློག་གྲངས།:
ཨ་མའི་མིག་ཟུང་།
མདོ་སྨད་ཧེ་རུ་ཀ
ཨ་མའི་མིག་ཟུང་ནང་ལ་ཉི་མ་དང་ཟླ་བ་འཛོམས་ཟེར་བ་བདེན་ནམ།
ཨ་མའི་མིག་ཟུང་ནི་དཀར་ནག་ཁ་དོག་གིས་གྲུབ་པའི་གཟི་ཞིག་དང་འདྲ།
སྐེ་ལ་གཟི་བཏགས་ན་སྲོག་གི་བདེ་ཐང་བསྲུང་ཐུབ་པའི་སྟོབས་ཡོད།
ལུས་ལ་གཟི་བཅུག་ན་བགེགས་དང་བྱད་སྟེམས་བཟློག་པའི་མཐུ་ཡོད།
མཚན་ལ་མིག་ཟུང་གི་གཏིང་ལས་འོད་ཟེར་འཚེར་རྒྱུ་ཡོད་པ།
བྱམས་དང་སྙིང་རྗེ་ཡི་བརྩེ་བ་འདྲ་ནའང་།
བུ་ཕྲུག་གི་རྐང་རྗེས་ལེབ་མོ་མཐོང་བྱེད་ཀྱི་གྲིབ་མ་ནག་ཅིང་འཁྱུག
ཆུང་ངུའི་དུས་སུ།
ཨ་མའི་མིག་ཟུང་ནང་ལ་བ་མ་དང་ཐོམ་བུ་འགུལ་རྒྱུ་ཡོད།
སློབ་གྲྭ་གྲོལ་བ་དང་ཕྱུག་རྫི་ནས་རང་ཁྱིམ་ལ་ལོག་པའི་ཚེ།
ཨ་མའི་མིག་ཟུང་ནང་ལ་བལྟས་ན་བཟའ་རྒྱུ་དང་འཐུང་རྒྱུ་གཉིས་ཀ་འཛོམས།
ཀ་ར་དང་སིལ་ཏོག་གཉིས་ཀ་ལྡན།
གྲང་འཁྱག་དང་བཀྲེས་སྐོམས་ཀྱི་མུན་པ།
འཇའ་ལུས་སུ་བསྒྱུར་མཁན་ནི་ཁོ་མོའི་མིག་ཟུང་གི་དྲོད་ཡིན་འདྲ།
གཞོན་པའི་དུས་ལ།
ཨ་མའི་མིག་ཟུང་ནང་ལ་བུ་ཕྲུག་གི་འདས་སོང་དང་ད་ལྟས་ཁེངས་འདུག
བདེ་སྐྱིད་དང་རྨི་ལམ་གྱི་ནམ་མཁའ་སྤྲིན་དཀར་གྱིས་ཁེབས་ཡོད།
ཞེ་འཁྲེང་དང་རེ་སྒུག་གི་སྣེ་ལས་མྱུར་དུ་ནར་སོན་པར་རེ་བའི་མིག་ཟུང་།
སྒོ་ཁྱིམ་ཕྱི་ནང་གི་དཀར་ནག་མཐུད་མཚམས་སུ་བསླངས་པའི་དྲན་ཐོ་འདྲ།
ན་སོ་དར་ལ་བབས་དུས།
རང་ཁྱིམ་བསྐྱུར་ཏེ་གཞན་ཡུལ་བསྙེགས་ནས་ཐག་རིང་ལ་སོང་སྟེ།
ཁ་ཕྱིར་འཁོར་ནས་ཨ་མའི་མིག་ཟུང་ཁྲོད་ཀྱི་རི་ཆུ་སྟོང་ཕྲག་གི་མཁའ་དབྱིངས་སུ་བལྟས་ན།
ཨ་མའི་མིག་ཟུང་ནང་ལ་འཇའ་ཚོན་བཞིན་འཚེར་ཡོད་པ་ང་ཁེར་མོ་མ་རེད།
ང་ཡི་གམ་དུ་འཚོ་བའི་ཆུང་མ་དང་ཕྲུ་གུ་ཡང་འདུ།
ཕ་རྒན་ལོག་པའི་ལོ་དང་ཟླ་བ་དེ་ནས་བཟུང་།
ཨ་མའི་མིག་ཟུང་གི་འོད་སྣང་གཉོམ་དུ་ཟད་ཅིང་དཀར་ནག་གི་རི་མོ་མག་མོག་ཏུ་འགྱུར།
འཇིག་རྟེན་རབ་རིབ་ཀྱི་གྲུ་ཁ་ནས་ཁོ་མོས་རྒྱང་རིང་གི་མཚོ་མོའི་ཀློང་དུ་ཅེར་ནས།
ཁེར་རྐྱང་གི་གཡོར་གྲུ་དཀར་པོ་ཞིག་ལ་རེ་ཞིང་སྒུག
ངས་ཨ་མ་ལགས་ཀྱི་མིག་ཟུང་ནི་གཟི་ཞིག་ལ་དཔེ་བླངས་པ་བདེན་པ་ཡིན།
ལྷ་སའི་བར་སྐོར་གླིང་ནས་གཟི་མིག་ཁྲ་བོ་ཆ་ཞིག་ཉོས།
ཁོ་མོའི་མགུལ་དུ་བསྒྲོན་པར་དགེ་སྡིག་གི་ཁ་དོག་ཡག་ཅེས།
མཚམས་ལ་རེར་བརྩེ་དུངས་ཀྱིས་བསྟོད་པ་བྱ་ཞིང་།
སྐབས་ལ་རེར་གཟི་ཁྲ་དད་མོས་ཀྱིས་སྙིང་ཁའང་སྦྱོར།
དོན་ངོ་མར་ཨ་མའི་མིག་ཟུང་ནང་ན།
ཁོ་མོས་མི་ཚེ་ཧྲིལ་བོར་འདོར་མ་མྱོང་ཞིང་འབོར་དུ་མི་འདོད་པའི།
ཁྲེལ་གཞུང་གིས་འཚོས་ནས་ཡོང་བའི་ནོར་ཁྱུ་དང་ལུག་ཁྱུ་གཉིས་རྒྱུ།
མཚན་ལ་སྦྲ་ནག་གི་ཁ་ཚུབ་ལས་འཚེར་བའི་ཟླ་ཐིགས་དཀར་པོ་ཞིག་འཕྲོ།
ཉིན་ལ་རྒྱང་རིང་གི་སྐྱས་ལམ་ནས་འཚོས་པའི་སྐྱ་མི་སྨུག་པོ་ཞིག་བགྲོད།
ཨ་མའི་མིག་ཟུང་ནང་ལ་ཉི་མ་དང་ཟླ་བ་འཛོམས་ཟེར་བ་བདེན་ནམ།
ཨ་མའི་མིག་ཟུང་ནི་དཀར་ནག་ཁ་དོག་གིས་གྲུབ་པའི་གཟི་མིག་ཆ་ཞིག་དང་འདྲ་ཨང་།
༢༠༢༥.༡༠.༢༠མཚན་མོར།
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
-
བོད་ལ་ཡོད་པའི་ཕྱེ་མ་ལེབ་འདི་འདྲ་ཁྱེད་ཀྱིས་མཐོང་མྱོང་ངམ།
-
མཚོ་སྔོན་དུ་ཡང་བསྐྱར་གནའ་ཤུལ་གསར་པ་ཞིག་རྙེད།
-
འབར་ཁམས་གྲོང་ཁྱེར་ཁོ་ནོའི་གནའ་ཤུལ་ནི2024ལོའི་ཀྲུང་གོའི་གནའ་རྫས་རྟོག་ཞིབ་གསར་རྙེད་ཀྱི་མིང་ཐོའི་ནང་དུ་ཚུད་ཡོད།
-
བོད་ལྗོངས་ཆབ་མདོ་ནས་འཛམ་གླིང་གི་ཆེས་ཆུང་བའི་རྩངས་པའི་རྐང་པའི་རིགས་ཀྱི་ཁུང་འབྲུག་གི་རྐང་རྗེས་འགྱུར་རྡོ་རྙེད་པ།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།








青公网安备63252102000006号