གངས་ཆབ་ཟེགས་མ་རྟགས་མའི་མཚོ་སྔོན་བོད་སྐད་རླུང་འཕྲིན་གྱི་མདོ་ཁམས་རྡུང་ལེན་འགྲན་ཚོགས་བསྡུས་པ།

རྩོམ་པ་པོ།:སྟག་རིག་འབྲུག་ཐར། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2011-10-09 08:43:00 ཀློག་གྲངས།:


ཇུས་འགོད་ཕུན་སུམ་ཚོགས་པའི་ཡིད་འོང་གི་གར་སྟེགས།

        བོད་ཀྱི་སྲོལ་རྒྱུན་རིག་གནས་མ་ཉམས་སྔོག་འདོན་དང་དར་སྤེལ། བོད་ཀྱི་རྡུང་ལེན་རིག་གནས་ཕུན་སུམ་ཇེ་ཚོགས་སུ་གཏོང་ཆེད། མཚོ་སྔོན་མི་དམངས་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས་ཀྱིས་རྨ་ཆུའི་སྦྲ་ནག་ཚང་དང་བླ་བྲང་གི་གངས་ཆབ་ཟེགས་མའི་འགྱུར་ཁུགས་གླིང་དང་མཉམ་འབྲེལ་སྒོས་མདོ་ཁམས་ཡུལ་གྱི་རྡུང་ལེན་འགྲན་བསྡུར་སྐབས་བཞི་བ་སྟེ་གངས་ཆབ་ཟེགས་མ་རྟགས་མའི་རྡུང་ལེན་འགྲན་ཚོགས་དེ་ཉེ་ལམ་མཚོ་ལྷོ་ཁུལ་ཁྲི་ཀའི་སྲིན་པོ་གླིང་ག་ནས་གཟབ་རྒྱས་ངང་ཚོགས་པ་རེད།


བོད་པའི་རང་མདངས་མ་ཉམས་པའི་ཨང་གཉིས་པ་ཐོབ་མཁན་རྡུང་ལེན་པ་ཚེ་རིང་དབང་ལྡན།

        རེབ་འདིའི་འགྲན་བསྡུར་གྱི་ཁྱབ་ཁོངས་ནི་མཚོ་སྔོན་དང་ཀན་སུའུ། སི་ཁྲོན་བཅས་ཀྱི་བོད་རིགས་རང་སྐྱོང་ཁུལ་དག་ཡིན་ལ། བོད་རིགས་རང་སྐྱོང་ཁུལ་སོ་སོ་ནས་འདྲ་མཉམ་དང་དྲང་བདེན།  གཟབ་ནན་གྱི་སྒོ་ནས་ཐོག་མའི་འགྲན་བསྡུར་གྱི་གོ་རིམ་དེ་དཀའ་ཚེགས་མང་པོ་བརྒྱུད་མཐར་རྟིང་རྩོད་འགྲན་སྡུར་ལ་ཞུགས་ཆོག་པའི་རྡུང་ལེན་པ་སུམ་ཅུ་བདམས་ཐོན་བྱུང༌། 


ལང་ཚོའི་མཛེས་པས་སྤུད་པའི་སྐྱེས་མ་རྡུང་ལེན་པ།

རྒྱུད་སྐུད་རེ་རེའི་རོལ་དབྱངས་ལས་སེམས་པའི་བརྩེ་བ་དྲག་ཏུ་གཡོས།

        ཐེངས་འདིའི་རྡུང་ལེན་འགྲན་སྡུར་གྱི་མགོ་མཇུག་བར་གསུམ་ལ་མཚོ་སྔོན་རླུང་འཕྲིན་ཁང་གི་མདོ་འཛིན་པ་གྲགས་ཅན་ཚེ་མགོན་དང་མདོ་འཛིན་པ་གུ་རུ་མཚོ་མོ་གཉིས་ཀྱིས་མགོ་འཛིན་མཛད་ཅིང་། སྐར་གྲངས་དཔྱད་འདེམ་པར་བོད་རང་སྐྱོང་ལྗོངས་ལྷ་ས་ས་ཁུལ་ནས་སྒྱུ་རྩལ་ལ་ཉམས་མྱོང་ཅན་མགྲོན་པོ་གཉིས་དང་སྒྱུ་རྩལ་པ་སྨན་བླ་སྐྱབས། རྡུང་ལེན་མཁན་པོ་དཔལ་མགོན། རྡུང་ལེན་པ་རྡོ་རེ། དབྱངས་རྩོམ་མཁན་གྲགས་ཅན་སྐུ་ཞབས་འཇམ་པེ། གླུ་ཚིག་རྩོམ་པ་པོ་གྲགས་ཅན་སྐུ་ཞབས་རྨ་འོད་བཅས་གདན་འདྲེན་བྱས་ཡོད།


རྡུང་ལེན་གྲགས་ཅན་སྐལ་བཟང་ཚེ་རིང་གིས་རང་སེམས་མཚོན་པའི་གླུ་སྐད་དབྱངས་སུ་འདྲེན།

ལྷ་ས་ནས་ཆེད་དུ་ཕེབས་པའི་དཀྲོལ་རྡུང་མཁན་བུ་མོ་ཚེ་རིང་མཚོ།

        ཐེངས་འདིའི་འགྲན་སྡུར་སྔོན་མའི་སྐབས་གསུམ་རིང་གི་རྡུང་ལེན་འགྲན་ཚོགས་དང་བསྡུར་ན་མི་འདྲ་བའི་ཁྱད་ཆོས་བཞི་ཡོད་དེ། གཅིག་ཏུ་ན་རྡུང་ལེན་པ་རྣམ་པས་སྐབས་ཐོག་དེར་གར་སྟེགས་ནས་དངོས་ལེན་བྱེད་དགོས་པ་ལས་སྒྲ་ཕབ་རྗེས་བླངས་ཆོག་གིན་མེད་པ་དང༌། གཉིས་སུ་ན་ད་ལྟའི་ན་གཞོན་རྡུང་ལེན་པ་ཕལ་མོ་ཆེའི་རིག་གནས་ཀྱི་རྨང་གཞི་ཞན་པའི་སྟོང་ཆ་དེ་བསྐང་ཆེད་རྡུང་ལེན་བླངས་ཚར་རྗེས་རྡུང་ལེན་པ་རེ་རེ་ལ་ཕྱོགས་བསྡུས་ཚད་འཇལ་རྒྱུགས་གཞི་རེ་བཏོན་ནས་སྤྱི་སྐར་ལ་སྣོན་བཞིན་ཡོད། གསུམ་དུ་ན་སྐར་འགོད་པ་རྣམ་པས་རྡུང་ལེན་པ་རེ་རེས་རྡུང་ལེན་བླངས་ཚར་རྗེས་སྐབས་ཐོག་དེར་རྡུང་ལེན་བླངས་པའི་ཐད་ལ་དཔྱད་འཇོག་ཐུང་ངུ་རེ་བྱེད་པ་དང༌། བཞི་བ་སྒྲ་སྙན་འབྲུག་མགོ་མ་རྡུང་མཁན་ལ་དམིགས་བསལ་གྱི་སྐར་གྲངས་སྣོན་པ་བཅས་ཐུན་མིན་གསར་གཏོད་ཀྱི་ཆ་འདུས་ཡོད།

 
སྙིང་དུ་སྡུག་པའི་ན་སོ་ཆེས་གཞོན་པའི་རྡུང་ལེན་པ།


བོད་ལྭ་གྲ་དག་གྱོན་པའི་ལྟད་མོ་བའི་ཚོགས་རའི་ཟུར་ངོས་ཤིག

        རེབ་འདིའི་རྡུང་ལེན་པ་མང་ཆེ་བ་གཞོན་སྐྱེས་རྡུང་ལེན་པ་ཏག་ཏག་ཡིན་པ་དང་སྐྱེས་མ་རྡུང་ལེན་པ་ཡང་རེ་འགའ་ཡོད་མོད། དེའི་ཁྲོད་ལོ་ན་ཆེས་ཆེ་བ་ལོ39དང་ལོ་ན་ཆེས་ཆུང་བ་ལོ12ཅན་ཡང་འགྲན་སྡུར་ལ་ཞུགས་ཡོད། སྤྱི་ཡོངས་ནས་བལྟས་ན་རྟིང་རྩོད་ལ་ཞུགས་པའི་རྡུང་ལེན་པ་ཡོད་དོ་ཅོག་གི་སྐད་ངག་ལ་འགྱུར་ཁུགས་ལྡན་ཞིང་གཞས་ཚིག་ལ་དུས་རབས་དང་མཐུན་པའི་ཡར་སྐུལ་གྱི་དགེ་མཚན་ཡོད་པ། ད་དུང་དཀྲོལ་རྡུང་གི་ལག་རྩལ་ཡང་ཅུང་འབུར་ཐོན་ཡིན་མོད། འོན་ཏེ་རྡུང་ལེན་པ་ལ་ལ་སྔོན་མའི་བསྐྱར་འགྲན་དང་བསྡུར་ན་གར་སྟེགས་སྟེང་ནས་སྤོབས་པ་ཞན་པས་སྐད་ངག་ལ་ལྷོད་ཤ་མེད་ཅིང༌། ཅུང་འཚབ་སྣང་སྐྱེས་ནས་རང་གི་ནུས་ཤུགས་ཡོད་ཚད་ཕུད་ཐུབ་མེད་པའི་རྡུང་ལེན་པའང་རེ་གཉིས་ཡོད། གང་ལྟར་གཅིག་ལས་གཅིག་ལྷག་གི་ཉམས་འགྱུར་དོད་པོ་དང་འགུག་ཤུགས་ཆེས་ཆེར་སྟེར་བའི་ལྟད་མོ་རེ་རེ་ཡིས་ལྟ་མཁན་རྣམ་པའི་མིག་དབང་ཅིག་ཅར་འཕྲོག་ཅིང་ལྷག་པར་ད་ཐེངས་ཕ་ཡུལ་ལྷ་ས་ནས་ཆེད་དུ་དམིགས་བསལ་རང་བཞིན་གྱིས་ཚེ་རིང་མཚོ་ཞེས་པའི་རྡུང་ལེན་པ་སྨན་ཤར་ཞིག་སླེབས་ཡོད་པ་དེས་སོར་མོའི་ལྡེམ་མྱུར་བར་ནས་དཀྲོལ་རྡུང་བྱས་པ་ཧ་ཅང་སྙན་ཆ་དོད་པ་མ་ཟད་ཁོ་མོས་སྒལ་སྟེང་ནས་རྒྱུད་མང་དཀྲོལ་བས་མང་ཚོགས་ཀུན་ཧ་ལས་སུ་བཅུག་པ་མི་ཚད་རྡུང་ལེན་པ་གཞན་དག་ཀྱང་ཡ་མཚར་བའི་མྱོང་སྣང་དངོས་མ་ཞིག་བྱིན།


གཡུར་དུ་ཟ་བའི་རྒྱལ་ཁའི་འབྲས་བཟང་རྡུང་ལེན་པ་རེ་རེའི་ཕྱག་ཟུང་བར་ན་ལྗིད་ཏིག་ཏིག
 
གཞས་ར་ཕྲ་མོའི་དབྱངས་རྟའི་ཁྲོད་ནས་བཀྲ་ཤིས་སྨོན་འདུན་ཞུ་བ།

ཁྲི་ཀ་མི་རིགས་སློབ་གྲྭའི་སློབ་གྲོགས་ཚོ་ཐེངས་འདིའི་དཔྱད་འདེམ་པ་རྣམས་དང་མཉམ་དུ་བསྐྱོན་པའི་འདྲ་པར།

        དུས་ཚོད་གསུམ་ལྷག་གི་ཛ་དྲག་འགྲན་སྡུར་བརྒྱུད་དེ་སྐར་འགོད་པའི་དྲང་བཞག་དང་གཟུར་མེད་ཀྱི་བློ་མིག་ལས་རྨ་ལྷོ་འགྲན་ཁུལ་ནས་ཐོན་པའི་རྡུང་ལེན་པ་པཎ་ཆེན་སྐྱབས་ཀྱིས་བྱ་དགའ་ཨང་དང་པོ་བླངས་ཤིང༌། བྱ་དགའ་ལ་དམངས་སྒོར་ཁྲི་གཅིག་དང་སྒྲ་སྙན་འབྲུག་མགོ་མ་གཅིག  བྱ་དགའི་དཔང་ཡིག་བཅས་ཀྱི་ལེགས་སྐྱེས་གནངས་པ་དང༌། ཨང་གཉིས་པ་ཀན་ལྷོ་རྨ་ཆུ་འགྲན་ཁུལ་ནས་ཐོན་པའི་རྡུང་ལེན་པ་ཚེ་རིང་དབང་ལྡན་དང་རྡུང་ལེན་པ་ཚེ་རིང་མཚོ་གཉིས་རེད་ལ། རེ་རེ་ལ་དམངས་སྒོར་སྟོང་ལྔ་དང་སྒྲ་སྙན་འབྲུག་མགོ་མ་གཅིག  བྱ་དགའི་དཔང་ཡིག་བཅས་ཀྱི་རྟགས་མ་གནང་ཞིང༌། ཨང་གསུམ་པ་ཐོབ་མཁན་རྡུང་ལེན་པ་སྐལ་བཟང་ཚེ་རིང་སོགས་མི་གསུམ་ལ་དམངས་སྒོར་སྟོང་གཉིས་དང་སྒྲ་སྙན་འབྲུག་མགོ་མ་གཅིག  བྱ་དགའི་དཔང་ཡིག་བཅས་ཀྱི་ལེགས་སྐྱེས་གནང་། དེ་ལས་གཞན་ཕུལ་བྱུང་བྱ་དགའ་ཐོབ་མཁན་མི་བཅུ་དང་རྟིང་སྐུལ་བྱ་དགའ་ཐོབ་མཁན་བཅུ་ལྷག་ལའང་རིམ་བཞིན་བྱ་དགའི་ལེགས་སྐྱེས་གྱ་ནོམ་པ་གནང་། མཇུག་མཐར་རྡུང་ལེན་འགྲན་ཚོགས་ཀྱི་བརྗོད་དོན་རྡུང་ལེན་གཞས་ར་ཕྲ་མོའི་སྙན་འཇེབས་ཀྱི་དབྱངས་འགྲོས་ཁྲོད་ནས་སྐབས་བཞི་བའི་རྡུང་ལེན་འགྲན་ཚོགས་རྒྱལ་ཁ་དང་བདེ་ལེགས་ངང་མཇུག་བསྒྲིལ།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།