༄༅།།གམ་པ་རྫོང་གྲང་ལུང་ཤང(གནས)གྲོང་ཚོའི་གཞས་ཆེན་ངོ་སྤྲོད་མདོར་གླེང་།

རྩོམ་པ་པོ།:ཚེ་དབང་དཔལ་འབྱོར་གྱིས་བསྒྲིགས། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2020-04-15 08:52:28 ཀློག་གྲངས།:
གམ་པ་རྫོང་ནི་བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་ལྷོ་རྒྱུད་ཀྱི་མཐའ་མཚམས་རྫོང་ཞིག་ཡིན་ཞིང་ཆ་སྙོམས་རྒྱ་མཚོའི་ངོས་ལས་མཐོ་ཚད་རྨིད་༤༧༠༠ཙམ་ཡོད། དེ་ཡང་གམ་པ་ཞེས་པ་ནི་སྔར་མིང་རང་གནས་སུ་བཞག་པ་ཞིག་ཡིན་པ་དང་རྫོང་དེའི་མིང་གཞན་ལ་ལྷུན་གྲུབ་སྟག་རྩེ་རྫོང་ཡང་ཟེར། རྫོང་དེའི་ཤར་ངོས་སུ་གཞི་བདག་གངས་ཅན་རྒྱ་བོ་ཟེར་བའི་གངས་རི་དང་། ནུབ་ངོས་སུ་ཇོ་མོ་གངས་རི་ཞེས་པའི་མདུན་ནམ་གམ་དུ་ཆགས་པས་གམ་པ་ཞེས་མིང་ཡང་དེ་ལྟར་བྱུང་། སྤྱི་ལོ་༡༣༥༡ལོར་རྒྱལ་རྩེ་ནང་ཆེན་འཕགས་པ་དཔལ་བཟང་པོས་དགུང་ལོ་སུམ་ཅུ་སོ་བཞིའི་ཐོག་རྫོང་འདི་བརྩིགས་པ་ཡིན། ཕག་གྲུའི་སྐབས་རྒྱལ་རྩེའི་མངའ་ཁོངས་ཡིན་ལ་ཆོས་རྒྱལ་རབ་བརྟན་ཀུན་བཟང་འཕགས་གི་དབྱར་ཁ་བཞུགས་ས་ཡིན་ཟེར། བོད་ལ་ཞི་བའི་བཅིངས་འགྲོལ་ཐོབ་རྗེས་ཀྱི་སྤྱི་ལོ་༡༩༦༥ལོར་གམ་པ་རྫོང་མི་དམངས་སྲིད་གཞུང་དངོས་སུ་དབུ་བརྙེས་ཡོད།
ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་མོའི་ཁྲོད་བོད་རིགས་མི་དམངས་རྣམས་ཀྱིས་རང་གི་བློ་གྲོས་ལ་བརྟེན་ནས་འཛམ་གླིང་ཡོངས་ལ་ངོམས་སུ་ཆོག་པའི་ངོ་མཚར་གྱི་རིག་གནས་མང་པོ་གཏོད་ཡོད། རང་རེའི་ཁ་བའི་ལྗོངས་ལ་གླུ་གར་གྱི་རྒྱ་མཚོ་ཞེས་སྙན་པའི་གྲགས་པ་གང་སར་འབར་ཞིང་གཞས་ཆེན་འདི་ནི་གནའ་བོའི་དུས་ནས་དར་བའི་སྒྱུ་རྩལ་གྱི་རྣམ་པ་ཞིག་ཡིན་ཞིང་། ཐོག་མའི་འབྱུང་ཁུངས་ནི་བོན་པོ་རྣམས་ཀྱིས་མཆོད་འབུལ་དང་འཇིག་རྟེན་བྱ་དངོས་ལ་མཆོད་བསྟོད་བྱེད་པ་ལས་བྱུང་བར་གཞིགས་ཚེ། བོད་དུ་གཞས་ཆེན་བྱུང་ནས་ད་ཕན་མི་ལོ་སྟོང་ཕྲག་ཁ་ཤས་ཕྱིན་ཡོད་པ་གོར་མ་ཆག སྔོན་ཆད་དཔོན་ཆེན་ཁྲི་འདོན་དང་སྤྲུལ་སྐུ་གསེར་ཁྲིར་མངའ་གསོལ། ཁང་གསོལ། མནའ་མ་སྟེར་ལེན། ལྷ་འབབ་པ་སོགས་ཀྱི་རྟེན་འབྲེལ་གྱི་མཛད་སྒོ་ཆེན་པོའི་ཐོག་ཏུ་རྟག་དུ་མཐོང་རྒྱུ་ཡོད་ལ་མི་རྣམས་ཀྱིས་བཀྲ་ཤིས་གླུ་གར་ཞེས་འབོད་གྱི་ཡོད། སྤྱིར་ན་གཙང་ཁུལ་དུ་གྲགས་ཆེ་བའི་གཞས་ཆེན་རིགས་མང་པོ་ཡོད་པ་དཔེར་ན། རྣམ་གླིང་ཐོབ་རྒྱལ་གཞས་ཆེན། ཁང་དམར་ཀ་ལའི་གཞས་ཆེན་སོགས་མང་དུ་འཆིས་མོས། འོ་ན། གམ་པ་རྫོང་གྲང་ལུང་ཤང་གནས་གྲོང་ཚོའི་གཞས་ཆེན་འདི་ཇི་ལྟར་དར་ཚུལ་དང་དེར་ཐུན་མིན་ཁྱད་ཆོས་གང་ཡོད་པ་དག་རང་བློས་དཔག་པས་རགས་ཙམ་གླེང་བར་བྱའོ།
དང་པོ། གྲང་ལུང་གཞས་ཆེན་གྱི་ལོ་རྒྱུས་རགས་བསྡུས།
གཞིས་རྩེ་གྲོང་ཁྱེར་གམ་པ་རྫོང་གྲང་ལུང་ཤང་གནས་གྲོང་ཚོའི་གཞས་ཆེན་འདི་ནི་སྔར་གཙང་ཁུལ་དུ་ཅུང་སྐད་གྲགས་ཆེ་བའི་གཞས་ཆེན་གྱི་གྲས་ཤིག་དང་གམ་པ་རྫོང་ཁུལ་དུ་ཆེས་དམིགས་བསལ་གྱི་ཁྱད་ཆོས་ལྡན་པའི་དམངས་ཁྲོད་གླུ་གར་རྣམ་གྲངས་ཞིག་ཡིན། གཞས་ཆེན་འདི་ཉིད་གྲང་ལུང་ས་ཆར་དུས་ནམ་ཞིག་ལ་དར་ཁྱབ་བྱུང་ཚུལ་ཡིག་ཐོག་ཏུ་འཁོད་པ་ཞིག་མིག་སྔར་མཐོང་ཆོས་མ་གྱུར་ཡང་བཤད་རྒྱུན་ཞིག་ལ་གྲང་ལུང་ཁུལ་ནི་གམ་པ་རྫོང་གི་ས་ཆ་གཞན་དང་མི་འདྲ་བར་རང་བྱུང་ས་འབབ་ཆེས་མཐོ་ལ་གནམ་གཤིས་གྲང་ངར་ཧ་ཅང་ཆེ་བས། གཅིག་ནས་སྔར་དེ་ཁུལ་མི་རྣམས་ཀྱིས་རང་བྱུང་ཁམས་དང་འཐབ་རྩོད་བྱེད་པའི་བརྒྱུད་རིམ་ཁྲོད་གཞས་དང་ཞབས་བྲོར་བརྟེན་ནས་གྲང་ངར་ཆེ་བའི་རང་བྱུང་གནམ་གཤིས་ལས་རྣམ་པར་རྒྱལ་བའི་བརྩོན་སེམས་མཚོན་པར་བྱེད། གཉིས་ནས་གཞས་དང་ཞབས་བྲོར་བརྟེན་ནས་རང་ཉིད་ཀྱི་འཚོ་བར་སྤྲོ་སྣང་གིས་ཁེངས་པར་བྱེད། དེ་རྗེས་སྔར་གྱི་གཞས་དང་ཞབས་བྲོའི་རྣམ་པ་དེ་དུས་ཀྱི་གོམ་འགྲོས་དང་བསྟུན་ནས་དེང་གི་གྲང་ལུང་གཞས་ཆེན་དུ་འཕོ་འགྱུར་བྱུང་བར་གྲགས། གོང་གི་བཤད་རྒྱུན་འདི་ཁུངས་བཙན་ཞིག་ཡིན་མིན་ཁ་ཚོན་གཅོད་དཀའ་ཡང་གང་ལྟར་ན་གྲང་ལུང་ཞེས་པའི་ས་མིང་དེ་དང་འགྲོགས་ནས་ཁུལ་དེར་གནའ་བོའི་གླུ་གར་ཞིག་དར་ཁྱབ་བྱུང་ཡོད་པ་དེ་ལ་གྲང་ལུང་གཞས་ཆེན་ཞེས་མིང་དུ་གྲགས། 
གྲང་ལུང་གཞས་ཆེན་ལ་ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་ཞིང་ད་བར་མི་རབས་ལྔ་ལྷག་ཙམ་བརྒྱུད་ནས་སྔར་སྲོལ་རྒྱུན་འཛིན་ལེགས་པར་བྱས་ཡོད། འཁྲབ་སྟོན་བྱེད་མཁན་ཡང་གྲང་ལུང་ཤང་གནས་གྲོང་ཚོའི་ཡུལ་མི་ལས་ཉེ་འཁོར་གྱི་གྲོང་ཚོའི་ཡུལ་མི་རྩ་བའི་ཆ་ནས་མེད། སྔར་གཞས་ཆེན་འདི་འཁྲབ་སྟོན་བྱེད་པའི་གཏན་འཁེལ་གྱི་དུས་ཚོད་དང་ས་གནས་ཡོད་ལ་འཁྲབ་སྟོན་ཉིན་བདུན་ཙམ་བསྟུད་མར་བྱེད་སྲོལ་འདུག  ད་དུང་དམིགས་གསལ་གྱི་དུས་ཆེན་ཁག་ལ་གཙང་གི་གདན་ས་ཆེན་མོ་བཀྲ་ཤིས་ལྷུན་པོ་དགོན་དུ་འཁྲབ་སྟོན་བྱེད་པར་འགྲོ་སྲོལ་ཡང་ཡོད། ལྷག་པར་དུ་སྔར་ལོ་གཉིས་ནས་ཐེངས་རེར་གཏོང་སྲོལ་ཡོད་པའི་ས་གཡང་དུས་ཆེན་དང་བོད་ཀྱི་ལོ་གསར་སོགས་དུས་ཆེན་ཆེ་གྲས་ཁག་ལ་གཞས་ཆེན་འདི་འཁྲབ་ནས་བཀྲ་ཤིས་རྟེན་འབྲེལ་མཚོན་པར་བྱེད། ས་གཡང་དུས་ཆེན་ཞེས་པ་འདི་ནི་སྔར་གྲང་ལུང་ཁུལ་དུ་དཔྱིད་དུས་ཞིང་ལས་མ་འདེབས་གོང་དང་གཡང་མོ་ལུག་ལ་ལུག་ཕྲུག་མ་སྐྱེས་གོང་དུས་ཆེན་འདི་བཏང་ནས་ལོ་འདིའི་ཞིང་འབྲོག་ཐོན་ལས་ཕུན་སུམ་ཚོགས་པོ་ཡོང་བའི་རྟེན་འབྲེལ་མཚོན་པར་བྱེད། 
གཉིས་པ། གཞས་ཆེན་གྱི་ཐུན་མིན་གྱི་ཁྱད་ཆོས་གླེང་བ།
གཞས་ཆེན་འདི་ནི་གྲང་ལུང་ས་ཆར་དར་བས་ནས་བཟུང་དེར་སྲོལ་རྒྱུན་བཞིན་འཁྲབ་སྟངས་བཞིན་སྔོན་ལ་གཞས་འགོ་དང་། དེ་ནས་གཞུང་། མཇུག་ཏུ་བཀྲ་ཤིས་འཇོག་པ་བཅས་གོ་རིམ་ཡོད་ལ་སྲོལ་རྒྱུན་ལྟར་ན་མི་གྲངས་ཁྱོན་བསྡོམས་པས་ཉི་ཤུ་ལྷག་ཙམ་ཡོད་པ་དང་གཞས་པ་མི་གྲངས་བཅུ་དང་གཞས་མ་མི་གྲངས་བཅུ་ལས་གྲུབ་ཡོད། དགུང་ལོ་༦༠ལྷག་ཙམ་ལ་ཕེབས་པའི་གཞས་མ་བཟང་མོ་ལགས་དང་དགུང་ལོ་༥༠ལྷག་ཙམ་ལ་ཕེབས་པའི་གཞས་དཔོན་སྐལ་བཟང་ལགས་རྣམ་གཉིས་ནི་ད་ལྟའི་མི་རབས་ལྔ་པའི་གཞས་ཆེན་རྒྱུད་འཛིན་པ་ཡིན། ཞབས་བྲོའི་སྤྱི་ཡོངས་ཀྱི་གཞི་རྩའི་ཁྱད་ཆོས་ནི་འཁྲབ་སྟོན་སྐབས་གཞས་དཔོན་ཚོས་སྔོན་ལ་སྣེ་ཁྲིད་ནས་གླུ་ལེན་པའི་རྗེས་གཞས་པ་གཞས་མ་ཡོངས་ཀྱི་མཉམ་དུ་གླུ་ལེན་པ། དེ་ནས་གཞས་ཀྱི་དབྱངས་རྟ་འཕེལ་བ་དང་མཉམ་དུ་བྲོ་འཁྲབ་པ། གཞས་ཀྱི་འགྱུར་ཁུག་ལྷོད་ཅིང་རིང་བ། ཞབས་བྲོའི་སྟང་སྟབས་ཅུང་ལྷོད་པ་ནས་མགྱོགས་སུ་ཕྱིན་པ། གོམ་པ་གཅིག་གི་རྗེས་ལ་གཉིས་སྤོ་བོ། ལག་གཡུག་རེ་གཉིས་བྱེད་པ། མང་ཆེ་བ་སྐོར་བ་གཡས་སྐོར་དུ་འགྲོ་བ། གཞས་ཚིག་ནང་དོན་ཕུན་སུམ་ཚོགས་པ། གཞས་གདངས་སྙན་པ། ཞབས་བྲོ་སྒམ་བརླིང་ཆེ་ཞིང་གནའ་ཉམས་ལྡན། རོལ་ཆའི་རམ་འདེགས་མི་དགོས་པར་འཁྲབ་སྟོན་པ་རང་ཉིད་ནས་གླུ་ལེན་གར་འཁྲབ་བྱེད། གྲང་ལུང་གཞས་ཆེན་གྱི་གཞས་ཚིག་ནི་མི་རབས་གཅིག་གི་གཅིག་ལ་ངག་རྒྱུད་བཏང་ནས་བྱུང་བ་དང་དེའི་ནང་དོན་ཕུན་སུམ་ཚོགས་ལ་ཚིག་སྦྱོར་རྣ་བར་སྙན། ཤོད་རྒྱུན་ལ་གཞས་ཆེན་དེར་གཞས་རབས་མི་གཅིག་པ་བརྒྱ་ལྷག་ཡོད་ལ་འཁྲབ་ལུགས་ཐད་རྩ་བའི་ཆ་ནས་གཅིག་མཚུངས་ཡིན། གཞས་ཚིག་ནང་དོན་མདོར་བསྡུས་ཞིག་བཀོད་ན་འདི་ལྟར་ཏེ། "འོ་ལགས་སོའོ་གསན་པར་ཞུ། ཤར་གྱི་དྲོད་འཇམ་ཉི་མ་ནི། མར་མེའི་ཚུལ་དུ་མཆོད་པ་འབུལ། ལྷོ་ཡི་ཤིང་རྗེ་སྟག་པ་ནི། དྲི་ཞིམ་ཚུལ་དུ་མཆོད་པ་འབུལ། ནུབ་ཀྱི་ཆུ་ཆེན་ཁམ་པ་ནི། ཡོན་ཆབ་ཚུལ་དུ་མཆོད་པ་འབུལ། བྱང་གི་ཤེལ་ཚ་དཀར་ཆུང་ནི། བྲོ་མཆོག་བཞིན་དུ་མཆོད་པ་འབུལ། གཞས་ཆེན་གྲང་ལུང་གི་སྒོ་མོ། ཤར་ལ་བལྟས་པས་སྒོ་གསུམ་གྱི་སྒོ་མོ་ཆགས། གཡས་པ་རུ་ཞབས་བྲོ། གཡོན་པ་རུ་གླུ་གཞས། གླུ་གཞས་མཁའ་འགྲོའི་སྒོ་མོ་ཕྱེ། སྐྱིད་པའི་འཇོག་གསུམ། བཀྲ་ཤིས། དོན་གྲུབ། གཡང་ཆགས་"སོགས་ལྟ་བུ་གཞས་ཚིག་ལྷག་ཏུ་མང་ཞིང་ནང་དོན་ཆ་ནས་གཙོ་བོ་གནའ་བོའི་སྤྱི་ཚོགས་ཀྱི་འཚོ་བ་དང་བྱས་རྗེས་མི་སྣར་བསྟོད་པ། དེ་བཞིན་རང་བྱུང་ཁོར་ཡུག་གི་བཀོད་པ་སོགས་ཀྱི་རྣམ་པ་མང་པོ་ཚུད་ཡོད། འཁྲབ་སྟོན་པ་ཚོའི་འཁྲབ་ཆས་ནི་བབ་ཆགས་ལ་གནའ་ཉམས་དོད་པ། གམ་པ་ཁུལ་གྱི་དམིགས་གསལ་ཁྱད་ཆོས་ལྷག་པར་མངོན་བཞིན་སྐྱེས་པས་གོས་སློག་དང་འབུ་རས་སེར་ཆེན། ཞྭ་མོ་འབོག་ཏོ། རྣ་ལ་སོག་བྱིལ་དང་ཨ་ལོང་སོགས་གཙོ་བོར་བྱེད་པ་དང་བུད་མེད་ཚོས་སྟེང་བརྩེགས་དང་ཟོམ་པ་ལྷམ། རིན་ཆེན་སྣ་ལྔའི་སྐེད་གདན། སྤ་སྒོར། གའུ། སྐྱེ་ཐག་སོགས་ཀྱི་གནའ་བོའི་གྱོན་ཆས་བཀླུབས་ཏེ་ཉམས་འགྱུར་ལྡན་པའི་སྒོ་ནས་གཞས་ཆེན་འདི་འཁྲབ་དུས་དེང་གི་སྐྱེ་བོ་རྣམས་ལ་ཐོབ་པའི་བྱིན་ཆགས་ཡིད་འོང་གི་གླུ་གར་གྱི་སྟོན་མོ་ཞིག་ཀྱང་ཡིན།
གསུམ་པ། གྲང་ལུང་གཞས་ཆེན་གྱི་རིན་ཐང་དང་སྲུང་སྐྱོབ་སྐོར།
གཞས་ཆེན་འདི་ནི་གམ་པ་རྫོང་གྲང་ལུང་ཤང་གནས་གྲོང་ཚོ་ནས་དར་ཁྱབ་བྱུང་བའི་དམངས་ཁྲོད་གླུ་གར་རྣམ་གྲངས་ཞིག་ཡིན་ལ་དེ་ཡི་ནང་དུ་གནས་གྲོང་ཚོའི་གཞས་པ་གཞས་མ་ཚོའི་ཐུན་མོང་གི་བློ་གྲོས་དང་ཐུན་མོང་གི་དགའ་མོས། ཐུན་མོང་གི་བསམ་འདུན་བཅས་གཅིག་ཏུ་འདུས་ཡོད། ལྷག་པར་དུ་མེས་པོའི་གོང་མ་ཚོའི་བློ་རིག་ལ་རྒྱང་མཇལ་ཞུ་བའི་རོལ་མྱོང་གི་རིན་ཐང་ཡང་ཆེན་པོ་ལྡན་ཡོད། ཡིན་ཡང་སྐབས་ཅིག་རིང་ལ་གྲང་ལུང་གཞས་ཆེན་འདི་སྟོང་ལ་ཉེ་བའི་ཉེན་ཁའི་གནས་སུ་གནས་སུ་གྱུར་ཡོད། སྲོལ་རྒྱུན་གྱི་གཞས་ཆེན་འདི་ལྟ་བུ་ཞིག་ཉམས་དམས་སུ་གྱུར་བ་ནི་མི་རིགས་དང་རྒྱལ་ཁབ་རིག་གནས་སྐྱེས་ཚལ་ནང་གི་གྱོང་གུན་ཚབ་ཆེན་ཞིག་ཡིན་པ་བསྙོན་དུ་མེད། ཉེ་བའི་ལོའི་ནང་ཏང་གི་མཛད་ཕྱོགས་བཟང་པོ་སྲིད་ཇུས་དྲིན་ལས་གངས་ལྗོངས་ས་མཐོར་རིག་གནས་ཀྱི་དཔྱིད་དཔལ་གང་སར་བཞད་པ་བཞིན་སྔར་གྱི་གྲང་ལུང་གཞས་ཆེན་གྱི་འཕེལ་རྒྱས་དང་། སྲུང་སྐྱོབ། རྒྱུན་འཛིན་སོགས་གང་གི་ཆ་ནས་ཀྱང་མི་འདང་བའི་ཆ་མང་པོ་ཡོད་ཀྱང་རྗེས་སུ་གོང་རིམ་འབྲེལ་ཡོད་ཚན་པའི་ཐུགས་ཁུར་དང་ཤུགས་ཆེའི་རྒྱབ་སྐྱོར་འོག་ད་ཆ་འཁྲབ་སྟོན་དངོས་སུ་བྱེད་མཁན་མི་གྲངས་ཉི་ཤུ་ལྷག་ཙམ་དུ་འཕེལ་རྒྱས་བྱུང་ཡོད། དེང་གི་ཆར་ཁུལ་དེའི་ན་གཞོན་མང་པོ་ཞིག་སྒྱུ་རྩལ་པ་རྒན་གྲས་ཚོའི་སྣེ་འཁྲིད་འོག་གཞས་ཆེན་དེར་དགའ་ཞེན་དང་སྦྱང་འདོད་ཀྱི་བློ་རང་ཤུགས་སྐྱེས་ཏེ་གནའ་ཉམས་ཀྱི་ཕྱུག་པའི་གྲང་ལུང་གཞས་དེར་མུ་མཐུད་ནས་རྒྱུན་འཛིན་བྱེད་པ་ཆབ་ཅིག་དུ་དེ་བས་གཞི་ཁྱོན་ཆེ་རུ་གཏོང་བཞིན་ཡོད། ལྷག་པར་དུ་གཞས་ཆེན་འདི་ཉིད་གམ་པ་རྫོང་ཨུད་དང་དེ་བཞིན་རྫོང་སློབ་གསོ་ཅུད་ཀྱི་དབུ་འཁྲིད་རྣམ་པའི་མཐོང་ཆེན་འོག་ད་ལྟ་སློབ་གྲྭ་ཁག་དུ་གཞས་ཆེན་རྒྱུན་འཛིན་པ་གདན་འདྲེན་ཞུས་ནས་གཞས་ཆེན་གྱི་རྩ་བའི་འཁྲབ་སྟངས་དང་གླུ་ལེན་སྟངས་སོགས་ངང་རྒྱུད་རིང་པོའི་སྒོ་ནས་སློབ་ཁྲིད་རྣམ་པའི་ཐོགས་ནས་རྒྱུན་འཛིན་བྱེད་བཞིན་ཡོད། མ་འོངས་པའི་སློབ་གྲྭའི་ཕུན་སུམ་ཚོགས་པའི་སྲོལ་རྒྱུན་གྱི་རིག་གནས་ཞིག་ཏུ་གྱུར་ངེས་ཡིན། 
མདོར་ན་གྲང་ལུང་གཞས་ཆེན་འདིར་ཐུན་མིན་གྱི་ཁྱད་ཆོས་གསུམ་གྱི་ཐོག་ནས་བརྗོད་ན་འདི་ལྟར་ཏེ། གཅིག་ནས་བོད་ཀྱི་སྲོལ་རྒྱུན་གྱི་གླུ་གར་ཁྱད་ཆོས་གསོན་ཉམས་ལྡན་པ། གཉིས་ནས་འཁྲབ་སྟོན་གྱི་གོ་རིམ་ཆ་ཚང་ཞིང་གྲུབ་ཚུལ་ཚགས་དམ་པ། གསུམ་ནས་འཁྲབ་ཆས་ཐད་མི་རིགས་རང་ཉིད་ཀྱི་ཁྱད་ཆོས་མངོན་ཞིང་ལྷག་པར་དུ་ཡུལ་ལུང་དེ་གའི་ཡུལ་གོམས་དང་མཐུན། གཞས་ཆེན་འདི་ཉིད་ད་ལྟ་བོད་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་མིང་ཐོའི་གྲས་སུ་ཚུད་ཡོད།
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།