༄༅། །ཆུ་ཤུར་ཀོ་རྩེད།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2020-04-16 10:13:13 ཀློག་གྲངས།:
ཀོ་རྩེད་ནི་མཉན་པས་གཏང་བྱའི་གཞས་ཀྱི་རྣམ་པ་ཞིག་ཏུ་འཁུམས་ཤིང་། བྲོ་འདི་ནི་བོད་ལྗོངས་ཆུ་ཤུར་རྫོང་གི་གཅུན་པ་གྲོང་ཚོར་དར་ཁྱབ་བྱུང་ཡོད། ཤོད་རྒྱུན་ལ། གནའ་སྔ་མོ་སྐྱིད་ཆུའི་ནང་དུ་ཉ་སྲིན་མང་པོར་གཤོག་པ་སྐྱེས་ཏེ། ནམ་མཁའ་རུ་འཕུར་ནས་ཉི་མ་སྒྲིབ་ཅིང་ཉི་ཟེར་བཀག་པར་བྱས་པས། མི་རྣམས་ཀྱི་འཚོ་བར་གནོད་འཚེ་ཚབས་ཆེན་བཟོས། ནམ་མཁའི་ལྷ་ཡིས་དེ་དག་གཟིགས་རྗེས། ཉ་ཆུང་རྟ་མགོ་ཅན་བྱ་བའི་རྔོན་པ་ཞིག་མི་ཡུལ་དུ་མངགས་ཏེ། གཅུན་པ་མི་དམངས་དང་ལྷན་དུ་ཉ་གཤོག་པ་ཅན་རྣམས་བཏུལ་བ་ནས་བཟུང་གྲོང་ཚོ་དེར་ཉ་ཤ་བཟའ་བའི་སྲོལ་ཡང་བྱུང་སྐད། །
ལོ་རྒྱུས་ཀྱི་དུས་ཡུན་རིང་མོའི་ཁྲོད། བོད་ཡུལ་དུ་འགྲིམ་འགྲུལ་མི་བདེ་བས་ཀོ་གྲུ་ནི་ཉ་འཛིན་བྱེད་ཙམ་མ་ཟད། ཆུ་ཐོག་གི་འགྲིམ་འགྲུལ་ལག་ཆ་གལ་ཆེན་ཞིག་ཏུ་གྱུར། ལྷག་པར་དུ་ཏྰ་ལའི་བླ་མ་སྐུ་ཕྲེང་ལྔ་པའི་སྐབས་བོད་ཀྱི་གཅུན་པ་དང་། ཁ་རུ། སྣུབས་པ་སོགས་ལ་ཀོ་གྲུ་ཁོ་ན་བཟོས་ནས་ལྟོ་ཚེ་འཕྱིད་མཁན་ཡོད་ཅིང་། དེ་དག་ལས་གཅུན་པ་ནི་དཔེ་མཚོན་དུ་གྱུར་ལ་གཞི་རྒྱ་ཡང་ཆེའོ། །
བཅིངས་འགྲོལ་མ་བྱས་གོང་ལ། བོད་ས་གནས་སྲིད་གཞུང་གིས་གཏན་འབེབས་བྱས་པ་ལྟར་ན། གཅུན་པས་ཀོ་གྲུ་གཉིས་ཡར་འབུལ་བྱ་བ་ནི་ཁྲལ་དོད་དུ་བརྩི་ཞིང་། ཀོ་གྲུ་འདི་གཉིས་ལ་གཞུང་ཀོ་དགྲ་འདུལ་དུ་བཏགས། དེ་རྗེས་སྐྱིད་ཆུའི་གམ་དུ་རྒྱ་བསྐྱེད་པ་དང་། ཉ་རིགས་ཕུན་སུམ་ཚོགས་པ། ཉ་པ་རྣམས་ཚོ་ཆུང་མཉམ་སྡེབ་ཀྱིས་འཚོ་བ་སྐྱེལ་བ་ཡིན་ཞིང་། བྲོ་འདི་ནི་ཁོ་ཚོ་ཉ་འཛིན་པའི་སྔ་དགོང་བར་གསུམ་གྱི་དུས་སུ་ཁོམ་པ་ནམ་བྱུང་ལ་རྩེད་ནས་རིམ་བཞིན་འཚར་ལོངས་བྱུང་བའི་ཐུན་མོང་མ་ཡིན་པའི་ཀོ་རྩེད་ཅིག་ཏུ་གྱུར་ཡོད། འདི་ལྟའི་ཀོ་རྩེད་ནི་རྒྱུན་གཏན་ཙམ་དུ་མ་ཟད། ལྷ་སའི་ཞོ་སྟོན་དང་དབྱར་སྐྱིད་འོང་སྐོར་སོགས་སུ་མཉན་དཔོན་རྣམས་ཀྱིས་རྩེད་བཞིན་ཡོད་ལ། སྔོན་ཆད་ལྷ་སར་འདུས་ནས་གྱང་གི་སྟེང་དུ་ཀོ་རྩེད་འཁྲབ་ཀྱིན་རང་གི་འཁྲབ་རྩེད་ངོམ་གྱི་ཡོད་པར་སྣང་ངོ་། བསྒྱུར་བཅོས་སྒོ་དབྱེ་བྱས་པ་ནས་བཟུང་ཏང་གི་མཛད་ཕྱོགས་ཡང་དག་འོག གཅུན་པ་བས་རང་གི་རིག་གནས་འཕེལ་རྒྱས་དང་རྒྱུན་འཛིན་གྱི་དམ་བཅའ་ལྷུར་བླངས་ཏེ། སླར་ཡང་ཀོ་གྲུ་སྒལ་པར་འཁྱེར། རྩེད་གླུ་ངག་ལས་ལེན་གྱིན་ཀོ་རྩེད་འཁྲབ་བཞིན་ཡོད་ལ། དབྱར་སྐྱིད་འོང་སྐོར་དུས་ཆེན་གྱི་སྐབས་སུ་ཀོ་རྩེད་འགྲན་བསྡུར་བྱ་བ་ལ་མི་དམངས་ཀྱི་དགའ་བསུ་ཚད་མེད་ཐོབ་ཡོད། ། 
ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ཤུགས་ཆེར་གཏོང་བའི་དེ་རིང་གཅུན་པ་ཀོ་རྩེད་ཚོགས་པའང་ཕྱུག་འགྱུར་ལམ་ཆེན་དུ་སྐྱོད་བཞིན་ཡོད། ད་ལྟ་ཁོ་ཚོས་ཀོ་རྩེད་ཙམ་མ་ཟད། དམངས་ཕན་སྲིད་ཇུས་དང་རང་གི་ཐོན་ཁུངས་ལེགས་ཆར་བརྟེན་ཏེ། དམིགས་བསལ་དུ་དཔལ་འབྱོར་འཕེལ་རྒྱས་བཏང་ནས་ཞིང་འབྲོག་མང་ཚོགས་ཀྱི་ཡོང་འབབ་འཕར་སྣོན་བྱུང་ཞིང་། ཉ་ལས་དང་། ལག་ཤེས་བཟོ་ལས། ཡུལ་སྐོར་ལས་རིགས་ཀྱི་རྟ་ཕོའི་འཐེན་ཤུགས་འདིས་གཅུན་པ་གྲོང་ཚོའི་དཔལ་འབྱོར་གྱི་འཁོར་ལོ་ཇེ་མགྱོགས་སུ་ཕྱིན་ཡོད། དེ་བས་ཡུལ་སྐོར་གྱི་དཔྱིད་དཔལ་བཞད་སྐབས་རེ་རེ་ལ་གཅུན་པའི་ཀོ་རྩེད་བལྟ་བར་འོང་ཞིང་།  གཅུན་པའི་ཉ་ཟས་བཟའ་བར་འོང་མཁན་ནི་རྒྱུན་མི་ཆད་པར་ཡོད་དོ། །
ཀོ་གྲུའི་བཟོ་ལྟ་སྟབས་བདེ་ཅན་ཡིན་ཏེ། ཅུང་སྲ་ལ་མཉེན་ཆ་ལྡན་པའི་ཤིང་གིས་རུ་བྱས་ཤིང་གཡག་ཀོ་ཆུར་སྦངས་ཏེ་སྤུ་བཤུས་ནས་གཡག་ཀོ་བཞི་ཆ་སྒྲིག་གིས་བཙེམས། ཀོ་ལྤགས་རློན་པ་གྲུ་ཟུར་ལ་བཏགས་ཅིང་། རྒྱུན་བུས་དམ་པར་བསྡམས་རྗེས་ཞག་བྱུགས་ཤིང་ཀོ་གྲུའི་བཟོ་ཐོན་པ་བྱས་ལ། འཚེམ་ཤུལ་དུ་འབྲི་མར་ལུག་མར་གང་རུང་གིས་བཀག་ནས་གཤེར་ཐུབ་པ་བྱ། དེ་རྗེས་སྐྱ་བ་གཉིས་གྲ་སྒྲིག་གིས་བེད་སྤྱད་ཆོག ཀོ་གྲུ་ཆུར་བྱིང་ན་མཉེན་པོ་ཡོད་པས་ཆུ་ནང་གི་གྲམ་རྡོ་སོགས་ལ་འཇིགས་མི་དགོས་ཤིང་། གྲུ་ཆུང་ཡང་ཆུ་བོ་གཏིང་ཟབ་མིན་གང་རུང་ལ་སྤྱད་ཆོག་པ་ཡིན། །
ཉེ་རབས་ཀྱི་ཀོ་གྲུ་ནི་སྔ་མའི་ཀོ་གྲུར་ལེགས་བཅོས་བྱས་པའི་སྐས་གཟུགས་ཅན་ཞིག་ཡིན་ཞིང་། གཡག་ཀོ་བཞི་ལས་གྲུབ་པས་སྔ་མའི་ཀོ་གྲུ་ལས་ལྡབ་འགྱུར་གྱིས་ཆེ་ལ། མི་བདུན་བརྒྱད་ཤོང་བའི་ཀོ་གྲུ་ནི་སྟབས་བདེ་ཞིང་། སྤྱོད་བདེ་བས་མི་རྣམས་ཀྱིས་གཡག་ཀོ་གཉིས་སྣོལ་མར་བསྡམས་ནས་ཆུ་སྒྲོལ་བར་བྱེད། ཀོ་གྲུ་གཅིག་ལ་རྒྱ་མ་བཅུ་ནས་སུམ་ཅུ་ལྷག་གི་ལྗིད་ཙམ་ལས་མེད་པས་མི་གཅིག་གིས་འཁྱེར་ནུས་ཤིང་། རྒྱུན་པར་བེད་སྤྱོད་མེད་ན་གཙང་འགྲམ་ནས་རང་ཁྱིམ་དུ་འཁྱེར་བའམ་གཙང་འགྲམ་གྱི་གྲུ་ཁང་དུ་འཇོག་གོ ཀོ་གྲུ་ནི་ཡར་ཀླུང་གཙང་པོ་དང་སྐྱིད་ཆུའི་རྒྱུད་དུ་ད་ལྟའང་བེད་སྤྱོད་ལ། དཔལ་འབྱོར་འཕེལ་རྒྱས་དམའ་བའི་ས་ཁུལ་ལ་མཚོན་ན། དེ་ནི་དེ་བས་ཀྱང་སྟབས་བདེ་བ་ཞིག་ཡིན་ནོ། ཀོ་གྲུ་ནི་བོད་ཁུལ་ཁོ་ནར་ཡོད་པའི་རབ་བརྒལ་ཡོ་བྱད་ཅིག་སྟེ།  སྐྱིད་ཆུ་དང་ཡར་ཀླུང་གཙང་པོའི་བར་རྒྱུད་དུ་ཡོད་པའི་ཀོ་གྲུ་ལེགས་པར་བརྩི། དེ་བས་མཉན་དཔོན་གྱིས་སྐྱ་བ་བཟུང་སྟེ་ཆུ་བོ་སྒྲོལ་ལ། ཅ་ལག་དབོར་བ། ཉ་ཡང་འཛིན་ནུས་པ་ཞིག་ཡིན་པས། ཁོ་ཚོས་རྒྱུན་པར་ཀོ་རྩེད་ཀྱི་ལག་རྩལ་དང་མྱུར་ཚད་འགྲན་སྲོལ་དར་ནས་ད་ལྟ་ཐུན་མོང་མ་ཡིན་པའི་ཆུ་ཐོག་གི་ལུས་རྩལ་ འགྲན་བསྡུར་བྱེད་སྒོ་ཞིག་ཏུ་གྱུར་ཡོད་དོ། །
ཀོ་རྩེད་ཀྱི་ལེའུ་དང་པོ་ནི་མཆོད་དབྱངས་ཏེ། ཨ་ར་བས“ལྷ་གཡག་གཅུན་པའི་ཡུལ་ལ་འཁོར། ། ནུབ་རིའི་སྟེང་དུ་ལོ་ཆུ་བཏུངས། །རྩྭ་ཐང་ཐོག་ཏུ་ངུར་སྒྲ་སྒྲོག །ལྷས་རྭའི་ནང་དུ་རྭ་རྩེད་རྩེད། །”ཅེས་སོ། ལེའུ་གཉིས་པ་ནི་འབྲོང་རྩེད་དེ། མཉན་པ་རྣམས་རྒྱབ་ཏུ་གྲལ་གཅིག་བྱས། ཨ་ར་བས་མདུན་དུ་འོང་དུས་མཉན་པས་གྲུ་རྫང་སྒྲ་དང་བཅས་པར་བརྡུང་བ་བཞིན་ཀོ་རྩེད་འཁྲབ་པའི་ཚེ། ཨ་ར་བས་བཀྲ་ཤིས་སྨོན་ལམ་འདེབས་པའོ། ལེའུ་གསུམ་པ་ནི་ཁ་བཏགས་བསྒྲུག་པ་སྟེ། ཨ་ར་བས་བཀྲ་ཤིས་སྨོན་ལམ་འདོན་པ་དང་དུས་མཚུངས་ཨམ་ཕྲག་ལས་ཁ་བཏགས་བཏོན་ཏེ། ས་ངོས་སུ་བཞག་པ་ལ་མཉན་དཔོན་རྣམས་ཀྱིས་ཀོ་རྩེད་འཁྲབ་ཀྱིན་སྐེད་གཟེར་བྱེད་བཞིན་ས་ངོས་ལས་ཁ་བཏགས་ལེན་པའོ། ལེའུ་བཞི་པ་ནི་བཀྲ་ཤིས་སྨོན་ལམ་འདེབས་པ་སྟེ། ང་ཚོ་འདི་རུ་འཛོམས་འཛོམས། །གཏན་དུ་འཛོམས་རྒྱུ་བྱུང་ན། །གཏན་ཏུ་འཛོམས་པའི་མི་ལ། སྙུང་གཞི་གོད་ཆགས་མ་གཏོང་། །ཞེས་བླངས་རྗེས། ཨ་ར་བས་སྣེ་འཁྲིད་ཀྱིས་ལྟད་མོ་བར་གུས་འདུད་ཞུ་བ་དང་ཆབས་ཅིག་གར་སྟེགས་ལས་བཤོལ་བའོ། །
ཀོ་རྩེད་འདི་ནི་ཨ་ར་བའི་གྱེར་འཁྲབ་ཟུང་འཇུག་དང་།ཀོ་གྲུ་སྒལ་པར་འཁྱེར་བའི་མཉན་དཔོན་གྱིས་གྲུ་བརྡུང་བའི་སྒྲའི་གདངས་མཉམ་བསྟུན་གྱིས་གྲུབ་ཅིང་། ཀོ་རྩེད་འཁྲབ་རིམ་བཞིན་ཨ་ར་བས་གཞས་གཉིས་གསུམ་ལས་མི་ལེན་ཏེ། མཉན་དཔོན་རྣམས་ཀྱིས་སྒལ་པར་ཀོ་གྲུ་འཁྱེར་བས་སོ། ཀོ་རྩེད་ཀྱི་གྲགས་ཆ་ཆེ་ལ་དམིགས་བསལ་གྱི་ཁྱད་ཆོས་ལྡན་པ་འདི་ལྟ་བུ་སྒོར་གཞས་ཀྱི་སྐབས་སུའང་ཉམས་འདི་འདྲ་མི་ཐོན་པས། འདིས་རང་བྱུང་ཁམས་ལ་རྒོལ་བའི་ངར་ཤུགས་ངམ་ངམ་ཤུགས་ཀྱིས་མཚོན་ཐུབ། ཨ་ར་བའི་གྱེར་འཁྲབ་ནི་ཡུལ་དེ་གའི་སྒོར་གཞས་ཀྱི་རྨང་གཞིའི་སྟེང་། དབྱངས་འགྲོས་དང་བསྟུན་ཡོད་ཅིང་། མཉན་དཔོན་ཚོའི་ཕྱི་རྣམ་པ་ལས་ས་མཐོའི་གྲུ་ཡི་ཉམས་སྣང་སྟེ་གཡག་རྒོད་ཀྱི་རང་གཤིས་མངོན་པར་གསལ་ནས་ཀོ་རྩེད་འདིར་སྟོབས་ལྡན་འགྱིང་བག་ཅན་གྱི་སྣང་བ་སྟེར་པ་མ་ཟད། སོས་དལ་བག་ཕེབས་ཀྱི་རང་གཤིས་ཀྱང་མཚོན་ནོ། །
ཀོ་རྩེད་ཀྱི་རྩ་བའི་ཁྱད་ཆོས་ནི། ༡ ཡུལ་གྱི་ཁྱད་ཆོས། ཆུ་ཤུར་རྫོང་གཅུན་པ་གྲོང་ཚོ་ནི་བོད་ཁུལ་གྱི་ཉ་གྲོང་གཅིག་པུ་དེ་ཡིན་ཞིང་། ཡུལ་དེའི་ཀོ་རྩེད་ལ་ཡུལ་གྱི་དམིགས་བསལ་ཁྱད་ཆོས་མངོན་པར་འཕགས་པས། འདི་ལྟའི་ཁྱད་ཆོས་དང་ལྡན་པ་ནི་ཡུལ་གཞན་ན་རྙེད་དཀའ་བ་དང་། འདི་ལྟའི་དམངས་སྲོལ་ལ་ལོ་རྒྱུས་རིང་ཞིང་གནའ་ཉམས་ཀྱང་དོད་པ་ཡིན། ༢ སྒྱུ་རྩལ་གྱི་ཁྱད་ཆོས། གཅུན་པའི་ཀོ་རྩེད་ནི་ཞིང་འབྲོག་རིག་གནས་དང་ཆོས་ལུགས་རིག་གནས་ཀྱི་ཉིང་ཁུ་བསྲུབས་པ་ལས་བྱུང་བའི་བྲོའི་སྒྱུ་རྩལ་ཞིག་ཡིན། དེའི་ཁྱད་ཆོས་ཀྱང་གར་མཁན་གྱི་སྟངས་སྟབས་གསར་བཞེངས་བྱེད་སྟངས་དང་། གྱེར་ལེན་གྱེར་འཇོག་གི་གཞས་ཚིག་སྟེང་ན་ཡོད་ལ། ཞིང་ཁུལ་དང་། འབྲོག་ཁུལ། ནགས་ཁུལ། ས་མ་འབྲོག་ཁུལ་དང་བཅས་མི་འདྲ་བའི་ཆ་ནས་འདིར་ས་ཁུལ་རིག་གནས་ཀྱི་ཁྱད་ཆོས་མངོན་པར་གསལ་ལོ། རྩ་བའི་ཁྱད་ཆོས་ལ། པུས་མོ་གུག སྐེད་པ་སྒུར། སྟོད་སྒལ་སྒུར་བ་ལས་གཉའ་གནོན་མྱོང་མཁན་གྱི་ཆོས་ལུགས་སེམས་ཁམས་ཀྱི་རྗེས་ཤུལ་མཐོང་ལ། ངལ་རྩོལ་པས་ངལ་དུབ་ཡང་དུ་གཏོང་ཆེད་རང་ཉིད་སྙོམ་སྒྲིག་བྱས་པས་སྒྱུ་རྩལ་གྱི་གསར་གཏོད་མངོན་པ་ཡིན། དེ་བས་ངལ་རྩོལ་གྱིས་གཟུགས་པོའི་ཆ་ཤས་རོགས་འདེགས་བྱས་པའི་མཛེས་པ་མངོན་པར་ཕྱུངས་པ་ཡིན། ཀོ་རྩེད་ཀྱི་ཁྱད་ཆོས་གཞན་ཞིག་ནི་མཉན་དཔོན་ཚོས་འཁྲབ་ལེན་ཟུང་འཇུག་དང་ཀོ་གྲུ་བརྡུང་པ་གསུམ་གཞི་གཅིག་ཏུ་འདྲེས་པར་བྱས་པའོ། ཀོ་རྩེད་ཀྱི་བརྡུང་སྒྲ་ལ་ཐུན་མིན་ཁྱད་ཆོས་ཏེ། བརྡུང་སྒྲ་དེ་ལས་མི་རྣམས་ཀྱི་རང་བྱུང་ཁམས་ལ་འཐབ་རྩོད་བྱས་པའི་སྙིང་སྟོབས་གསལ་མཚོན་བྱས་ཡོད།  ༣ ཆས་གོས་ཀྱི་ཁྱད་ཆོས། ཀོ་རྩེད་ནི་དམངས་སྲོལ་བྱེད་སྒོ་ཞིག་ཡིན་པའི་ཆ་ནས་བཤད་ན། རང་ཁྱིམ་དུ་འཐག་པའི་སྣམ་བུའི་ཕྱུ་པ་དཀར་པོའམ་ནག་པོ་ཡིན་པ་དང་། མགོ་བོར་ཞྭ་མོ་ཚེ་རིང་སྐྱིན་ཁེབས་དང་རྐང་པར་འཇུར་རྟ་ཡུ་རིང་གྱོན་པ་བཅས་སོ། ༤ འཁྲབ་ཆས་ཀྱི་ཁྱད་ཆོས། ཀོ་རྩེད་དེ་གཙོ་བོར་ཀོ་གྲུ་དང་། དེ་ནས་ཨ་ར་བའི་ལག་ནང་དུ་ཡོད་པའི་མདའ་དར་ཙམ་ཡིན་ནོ། །
ཀོ་རྩེད་ཀྱི་རིན་ཐང་གཙོ་བོ་ནི། གཅུན་པ་གྲོང་ཚོའི་ཀོ་རྩེད་ལ་ཐུན་མིན་ཁྱད་ཆོས་དམིགས་སུ་བསལ་བས། འབྱུང་ཁམས་རིག་གནས་ཀྱི་རིན་ཐང་དང་མི་རིགས་ཀྱི་རིན་ཐང་། ལོ་རྒྱུས་ཀྱི་རིན་ཐང་། དེང་རབས་ཀྱི་རིན་ཐང་སོགས་ལྡན་ཡོད་པས། སྲུང་སྐྱོབ་བྱེད་ཤུགས་ཆེ་རུ་གཏོང་དགོས་ཏེ། ༡ ཆོས་ལུགས་རིག་གནས་ཀྱི་རིན་ཐང་། བོད་བརྒྱུད་ནང་བསྟན་ནི་ཕྱི་འོང་ཆོས་ལུགས་དང་རང་ཡུལ་གྱི་ཆོས་ལུགས་མཉམ་འདུས་བྱུང་བ་ཞིག་ཡིན་ཞིང་། དེར་ལོ་ངོ་ཆིག་སྟོང་ལྷག་གི་ལོ་རྒྱུས་ལྡན་ལ། བོད་ཁུལ་གྱི་ཆོས་ལུགས་དང་སྒྱུ་རྩལ་གཉིས་འབྲེལ་བ་དམ་ཟབ་ཏུ་གནས་པ་ཡིན་སྟབས། ཀོ་རྩེད་ཀྱང་དེ་ལས་མ་འདས། དེང་དུས་བོད་རིགས་མི་དམངས་ཀྱི་སེམས་ཁམས་གྲུབ་ཆར་གྱུར་ཡོད་རྐྱེན། ཀོ་རྩེད་ནི་ལོ་རྒྱུས་ཀྱི་རིག་དངོས་ཙམ་དུ་མ་ཟད། རིག་གནས་གསོན་པོ་ཞིག་ཡིན། དེ་བས་བོད་ལྗོངས་ཞི་བདེ་བརྟན་བརླིང་གི་འཕེལ་རྒྱས་གཏོང་སླད་དང་། རིག་གནས་འབྱུང་ཁམས་དོ་མཉམ་གྱི་དགོས་དབང་གིས་ང་ཚོས་ངེས་པར་དུ་ཀོ་རྩེད་འདིར་རྒྱབ་སྐྱོར་བྱེད་དགོས་སོ། ༢ སྒྱུ་རྩལ་གྱི་མཛེས་དཔྱོད་ལྟ་བ། ཀོ་རྩེད་ལ་ཆོས་ལུགས་དང་མཛེས་དཔྱོད་ཀྱི་རིན་ཐང་ཉིས་ཆར་ལྡན་ཡོད་ཅིང་། བོད་ཀྱི་སྤྱི་ཚོགས་དེང་རབས་ཅན་དུ་འགྲོ་བའི་དེ་རིང་། རིག་གནས་ཤུལ་བཞག་འདི་རིགས་ཀྱི་རིན་ཐང་འགྱུར་འགོ་ཚུགས་པ་སྟེ། ཆོས་ལུགས་ཀྱི་དད་མོས་ཙམ་ནས་སྒྱུ་རྩལ་གྱི་མཛེས་དཔྱོད་ལྟ་བར་འཕོས་པའམ་འདི་ལྟའི་སྒྱུ་རྩལ་གྱི་མཛེས་དཔྱོད་ཉིན་རེ་བཞིན་འབུར་དུ་ཐོན་འགོ་ཚུགས་པ་དེའོ། ༣ གཤིབ་བསྡུར་ཞིབ་འཇུག་གི་རིན་ཐང་། བོད་ཀྱི་དམངས་སྲོལ་སྒེར་ཆོས་དམིགས་སུ་བསལ་བ་འདིས་ང་ཚོར་མི་རིགས་གཞན་ནམ་ས་ཁོངས་གཞན་དང་རིག་གནས་འབྲེལ་འདྲིས་བྱེད་སྐབས་གཤིབ་བསྡུར་བྱ་ཡུལ་གྱི་མ་ཕྱི་ལེགས་ཤོས་སུ་གྱུར། ཀོ་རྩེད་འདི་ནི་བོད་པ་རང་དང་ས་ཁུལ་ཉིད་ཀྱི་ཁྱད་ཆོས་མངོན་པར་གསལ་བ་སྟོན་པ་དེ་ཡིན་ཞིང་། འདི་ནི་ཡུལ་གཞན་ནམ་རིགས་གཞན་དབར་གྱི་ཐུན་མིན་ཁྱད་ཆོས་ཀྱང་ཡིན་ནོ། དེར་མ་ཟད་འདི་ལ་དེང་རབས་ཀྱི་སྒྱུ་རྩལ་སྤེལ་བ་ལ་བློ་འབྱེད་ཀྱི་ནུས་པ་ཁྱད་པར་ཅན་དང་ལྡན་པར་སེམས་སོ། ༤ གསར་འབྱེད་ལེགས་སྤེལ་ཀྱི་རིན་ཐང་། དེང་རབས་སྒྱུ་རྩལ་གྱིས་གྲངས་ཉུང་མི་རིགས་ཀྱི་སྒྱུ་རྩལ་ཤུལ་བཞག་རྒྱ་ཁྱབ་ཏུ་བེད་སྤྱོད་པ་ཡིན་ཞིང་། བོད་ཀྱི་དམངས་སྲོལ་སྒྱུ་རྩལ་ཤུལ་བཞག་ཀྱང་དེར་འདུས་སོ། ཀོ་རྩེད་ཀྱིས་ང་ཚོར་བརྩམས་ཆོས་གསར་པའི་རྟོག་བློ་རྙེད་ཅིང་། མངོན་མཚོན་སྐད་བརྡ་ཕུན་སུམ་ཇེ་ཚོགས་སུ་གཏོང་ཐུབ། ༥ སྤྱི་ཚོགས་རིག་པའི་རིན་ཐང་། ཀོ་རྩེད་འདི་ལ་གདོད་མའི་རྣམ་པར་གནས་པའི་ལྷ་སྒྲུང་དང་ཟློས་གར། ཆོས་ལུགས་ཀྱི་སྒྱུ་རྩལ་གསུམ་ཆར་ཡོད་པས། བོད་པའི་གནའ་བོའི་རིག་གནས་སྒྱུ་རྩལ་གྱི་སྙེགས་ཕྱོགས་དང་། བོད་ཀྱི་ལོ་རྒྱུས་ཤེས་རིག་སོགས་ཇི་ལྟར་འཕེལ་རྒྱས་བྱུང་བའི་རྗེས་ཤུལ་ཡང་མཚོན་པར་ནུས་སོ། ༦ རིག་གནས་རིག་པའི་རིན་ཐང་། ཀོ་རྩེད་ནི་དམངས་སྲོལ་རིག་གནས་ཀྱི་རྟེན་གཞི་ཡིན་པའི་ཆ་ནས་བཤད་ན། ནང་དོན་ཕུན་སུམ་ཚོགས་ཤིང་། རྣམ་པ་དམིགས་སུ་བསལ་བས་བོད་རིགས་ཀྱི་འཚོ་བའི་བློ་གྲོས་མཚོན་ལ། འདི་ལྟའི་གདོད་མའི་རིག་གནས་སྒྱུ་རྩལ་འདི་བོད་ཀྱི་སྤྱི་ཚོགས་རིག་གནས་ཀྱི་ལོ་རྒྱུས་འཕེལ་རྒྱས་ལ་ཞིབ་འཇུག་བྱེད་པའི“འགྱུར་རྡོ་གསོན་པོ”ཞིག་ཀྱང་ཡིན། །
འབྲེལ་ཡོད་ཡོ་བྱད་དང་ཐོན་རྫས་ནི། ༡ མི་རིགས་ལག་ཤེས་ཐོན་རྫས། གཅུན་པ་གྲོང་ཚོར་གནའ་སྔ་མོ་ནས་ཀོ་ཆས་ལས་སྣོན་བྱ་བའི་སྲོལ་རྒྱུན་ཁྱད་པར་ཅན་དང་ལྡན་ཏེ། གྲོང་ཚོ་དེའི་༧༠%ཡན་གྱིས་རང་ཁྱིམ་ནས་ཀོ་གྲུ་དང་། རྐྱལ་པ། ཇ་ཁུག་ཚྭ་ཁུག་སོགས་ཀྱི་ཀོ་ཆས་བཟོ་ཞིང་། གནས་དེའི་ཉ་ལྤགས་ལས་བཟོས་པའི་ཌ་མ་རུ་ནི་བཟོ་རྩལ་ཕུལ་དུ་བྱུང་བ་ཡིན། ཉེ་བའི་ལོ་ཤས་ནང་། གྲོང་མི་རྣམས་ཀྱིས་ལག་ཤེས་བཟོ་རྩལ་ལ་བརྟེན་ནས་བོད་ཀྱི་ཁྱད་ཆོས་ལྡན་པའི་ཀོ་ཆས་མང་དུ་བཟོས་པར། རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་ཚོའི་དགའ་བསུ་ཚད་མེད་ཐོབ་ལ། དེས་མི་དམངས་ཀྱི་འཚོ་བའི་ཡོང་འབབ་ཀྱང་འཕར་སྣོན་བྱུང་ཡོད། ༢ ཉ་ཟས་ལས་སྣོན། གཅུན་པ་ནི་སྐྱིད་ཆུ་དང་ཡར་ཀླུང་གཙང་པོའི་ཉེ་འགྲམ་དུ་གནས་པས་ཉ་རིགས་མི་འདྲ་བ་བརྒྱད་ལྷག་ཙམ་ཡོད་ཅིང་། ཉ་པ་རྣམས་ཀྱིས་ཉའི་སྤུས་ཀ་དང་རིགས་ལ་བརྟེན་ནས་རོ་བརྒྱའི་ཁ་ཟས་བཅུ་ཕྲག་ལས་བརྒལ་བ་བཟོས་ཏེ། ཉ་ཤ་འཇམ་པོ་དང་། ཉ་ཤ་དམར་བཙོས། ཉ་ཤ་ཚ་བེར། ཉ་བསྲེགས། ཉ་རྗེན། ཉ་ཤ་ཕོ་ལོག ཉ་མགོ་ཐང་། ཉ་སྐམ་ལྷེབ་མ། ཉ་ཤ་རླངས་བཙོས། ཉ་འདག་བརྔོས་མ། ཉ་ཤ་སྲན་ཐུང་སོགས་བཟོ་བ་ཡིན། ཁོ་ཚོའི་སྔོན་མའི་ལག་ཐབས་ཀྱིས་ཚོད་རིགས་འདི་དག་བཟོས་པ་དང་། སྤོད་སྣ་ཡང་གནོད་མེད་སྔོ་ལྗང་རང་བྱུང་ཅན་ཤ་སྟག་ཡིན་པས་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་པའི་བསྔགས་བརྗོད་ཀྱི་མེ་ཏོག་སྟོར་དང་སྟོར་མུས་སུ་མཆིས། །
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།