ཡུལ་ཤུལ་ཁུལ་དུ་བཞེངས་པའི་འཛམ་གླིང་གེ་སར་རྒྱལ་པོའི་སྐུ་གཟུགས་ཆེན་མོ།

རྩོམ་པ་པོ།:བསམ་གཏན་རྣམ་རྒྱལ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2015-05-12 09:50:00 ཀློག་གྲངས།:

ཡུལ་ཤུལ་ཁུལ་དུ་བཞེངས་པའི་འཛམ་གླིང་གེ་སར་རྒྱལ་པོའི་སྐུ་གཟུགས་ཆེན་མོ།

དཔའ་བོའི་གཟི་བྱིན།

ཨོཾ་སྭ་སྟི།
རིགས་གསུམ་སེམས་དཔའི་མཁྱེན་བརྩེ་ནུས་པའི་དཔལ། །
གངས་ཅན་བོད་ཀྱི་མགོན་སྐྱབས་སེང་ཆེན་རྗེ། །
རྩ་གསུམ་དགྲ་ལྷ་ཝེར་མའི་ཚོགས་བཅས་ཀྱིས། །
ཕྱོགས་ལས་རྣམ་པར་རྒྱལ་བའི་བཀྲ་ཤིས་སྩོལ། །ཅེས་ཡུན་རིང་ཡིད་ལ་བརྣག་པའི་ཤིས་བརྗོད་པད་དཀར་ཕྲེང་བས་མདུན་བསུས་ཏེ།  གང་གླེང་བར་བྱ་བ་ནི།  ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་གྱི་ལྟེ་གནས།  ཀྱེ་སྐུ་གྲོང་བརྡལ་གྱི་རིག་གནས་དགའ་ཚལ་དུ་བཞེངས་པའི་འཛམ་གླིང་གེ་སར་རྒྱལ་པོའི་སྐུ་གཟུགས་ཆེན་མོ་འདིའི་མཚམས་སྦྱོར་མདོར་ཙམ་འགོད་པ་ལ།
དང་པོ། གླིང་རྗེ་གེ་སར་རྒྱལ་པོའི་རྣམ་ཐར་མདོར་བསྡུས།
     དེ་ཡང་བོད་ཁ་བ་ཅན་གྱི་ལྗོངས་འདིར་སྔོན་ཆད་པཎྜི་ཏ་དང་ལོ་ཙཱ་བའི་མཚན་ཅན།  ཉི་ཟླ་ལྟར་འཛམ་གླིང་གྲགས་པའི་མཁས་ཆེན་ཁྲི་ཁྲི་འབུམ་འབུམ་བྱོན་པ་ལས་སུས་ཀྱང་གླིང་གེ་སར་རྒྱལ་པོ་དངོས་སུ་མེད་པའམ་བྱོན་མ་མྱོང་ཟེར་མཁན་ག་ལ་ཡོད་དེ་གཏན་ནས་མེད་མོད།  འོན་ཀྱང་དེང་དུས་ཀྱི་མཁས་རློམ་འགའ་ཞིག་གིས།  ལོ་རྒྱུས་ཀྱི་དོན་དངོས་ལ་འཁྱོག་བཤད་དང་།  ཕ་མི་ཤེས་ཨ་མྱེས་ལོ་རྒྱུས་ཟེར་བ་ལྟར།  རྒྱུས་མེད་ཀྱི་རྒྱུས་གཏམ་ཤོར་མཁན་དག་གིས།  གླིང་གེ་སར་ཟེར་བ་ནི་ལྷ་སྒྲུང་ཞིག་ཡིན་པ་ལས་མི་ངོ་མ་མ་རེད།  དེ་འདྲ་བྱུང་མ་མྱོང་ཟེར་བ་དང་།  ཁ་ཅིག་གིས།  གེ་སར་ཟེར་བ་དེ་བོད་ཀྱི་་མི་མ་རེད།  དེ་ནི་བྱང་གེ་སར་དམག་གི་རྒྱལ་པོ་ཟེར་བ་དེ་ཡིན་པས་དེ་ནི་སོག་པོའམ་ཧོར་གྱི་རིགས་རེད་ཟེར་བ་དང་།  ཡང་ཁ་ཅིག་གིས།  གླིང་གེ་སར་ཟེར་བ་དོན་དངོས་ཐོག་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་རེད་ཟེར་བ་སོགས་ཁུངས་ལུང་མེད་པའི་ལོང་གཏམ་སྣ་ཚོགས་སྨྲ་བ་བྱེད་ལ།  དེ་དག་འགའ་རེས་ནི་གསར་གཏོད་ཡིན་པར་རློམ་པ་དང་།  འགའ་རེས་ནི་རྗེས་ཟློས་ཀྱི་ཚུལ་དུ་སྨྲ་བ་བྱེད་ཅིང་།  རང་རིགས་གཞོན་ནུ་བློ་ཆུང་མགོ་ཡང་འགའ་ཞིག་ཀྱང་དེ་དག་གི་རྗེས་སུ་སྨྲ་བར་སྣང་མོད།  དོན་དངོས་ཐོག་དེ་ལྟར་མ་ཡིན་ཏེ།  གླིང་གེ་སར་རྒྱལ་པོ་ནི་གང་གི་རིགས་སུ་འཁྲུངས་པའི་རིགས་རུས་དང་གཅིག  གང་དུ་འཁྲུངས་པའི་ས་གནས་དང་གཉིས།  དུས་ནམ་དུ་འཁྲུངས་པའི་དུས་ཚོད་དང་གསུམ།  མཛད་འཕྲིན་ཇི་ལྟར་སྐྱོང་ཚུལ་དང་བཞིའི་སྒོ་ནས་ལོ་རྒྱུས་ཀྱི་མི་སྣ་དངོས་ཡིན་པ་གཏན་ལ་འབེབ་པའི་ཕྱིར། དགག་བཞག་གི་སྤྲོས་པ་བསྐྱུངས་ཏེ་ཡོངས་གྲགས་ཀྱི་ལོ་རྒྱུས་དགོད་པ་ལ།
     གླིང་རྗེ་གེ་སར་རྒྱལ་པོ་ནི།  སྔོན་གོང་མ་ལྷ་ཡི་ཡུལ་ན།  ལྷ་ཕྲུག་ཐོས་པ་དགའ་བ་དེ་ཉིད་ལ།  ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་བཀའ་གྲོས་མཛད།  རྒྱལ་བ་རིགས་ལྔས་བྱིན་གྱས་བརླབས།  ཨོ་རྒྱན་པདྨ་འབྱུང་གནས་ཀྱིས་དབང་བསྐུར་ཏེ།  གླིང་བཞི་མི་ཡི་ཡུལ།  ལྷོ་འཛམ་བུའི་གླིང་བོད་ཁ་བ་ཅན་དུ།  ནག་པོ་བདུད་ཀྱི་ཁ་གནོན་དང་།  དབུ་ནག་བོད་ཀྱི་འགྲོ་དོན་དུ་འགྲོ་དགོས་པའི་བཀའ་གནང་།  རྒྱ་གར་གྲུབ་ཆེན་བརྒྱད་ཅུ་རྣམས།  ལ་ལ་གླིང་རུའི་ནང་དང་ལ་ལ་ཕྱི་ཡི་རྒྱལ་ཁབ་རྣམས་སུ་འཁྲུངས་ནས་གེ་སར་གྱི་སྡོང་གྲོགས་མཛད་པས་རྗེས་སུ་གླིང་གི་དཔའ་བདུད་བརྒྱད་ཅུར་གྲགས།  ནང་དུ་རྒྱ་ཚ་དང་འདན་མ་སོགས་ཕུ་ནུ་སུམ་ཅུ་དང་།  ཕྱི་རུ་ཧོར་ཤན་པ་དང་།  འཇང་གཡུ་ལྷ་སོགས་སོ།  །དེ་བཞིན་དུ་ཡེ་ཤེས་ཀྱི་མཁའ་འགྲོ་མ་རྣམས་ཀྱང་།  གེ་སར་གྱི་འཕྲིན་ལས་སྤེལ་བའི་གྲོགས་མོའམ་ལས་ཀྱི་ཕྱག་རྒྱའི་ཚུལ་དུ་ཕྱི་ནང་གི་རྒྱལ་ཁབ་རྣམས་སུ་འཁྲུངས་པ་སྟེ།  གླིང་བཟའ་སེང་ལྕམ་འབྲུག་མོ།  དཔའ་མོ་ཨ་སྟག་ཀླུ་མོ།  མགར་བཟའ་སྟོང་ཉིད་ཆོས་སྒྲོན།  འཇང་བཟའ་པདྨ་ཆོས་སྒྲོན།  མོན་སྲས་མེ་ཏོག་ལྷ་མཛེས་སོགས་སོ།  །དེ་ནས་ལྷ་སྲས་ཐོས་པ་དགའ་བ་དེ་ཉིད།
     གླིང་ཆོས་འཕེལ་ནག་པོའི་གདུང་བརྒྱུད།  ཆོས་ལ་འཕེན་གྱི་སྐུ་ཚ།  ཡབ་ཆེན་སེང་བློན་རྒྱལ་པོ་དང་།  ཀླུ་རྒྱལ་གཙུག་ན་རིན་ཆེན་གྱི་སྲས་མོ་ཡལ་ག་མཛེས་ལྡན་ཏེ་མ་ཡུམ་འགོག་བཟའ་ལྷ་མོ་གཉིས་ཀྱི་སྲས་སུ། རབ་བྱུང་དང་པོའི་ས་ཕོ་སྟག་གི་ལོ1038ལ། རྨ་ལྕི་སོས་ཡག་གི་ཁ་མདོར་སྐུ་འཁྲུངས། རྫ་དཔལ་སྤྲུལ་དང་། འཇུ་མི་ཕམ། བདུད་འཇོམས་སོགས་ཀྱི་བཞེད་པ་ཡིན། མདོ་སྨད་ཆོས་འབྱུང་ལས། གེ་སར་རྒྱལ་པོ་འཁྲུངས་ལོ་ནི།  རབ་བྱུང་སྔོན་གྱི་ལྕགས་བྱི་དང་ཆུ་སྦྲུལ་གང་རུང་ཡིན་ཞེས་འཁོད་འདུག་ཚེ་ཏན་ཞབས་དྲུང་གིས་རབ་བྱུང་སྔོན་གྱི་ལྕགས་ཕོ་བྱི་བའི་ལོ1000རུ་འཁྲུངས་པ་བཞེད།  ཁོང་སྐུ་འཁྲུངས་མ་ཐག་ནམ་མཁར་འཕུར་ཏེ་གླུ་གསུངས་ཤིང་།  ཕ་བོང་ཆེན་པོ་ཞིག་གི་སྟེང་དུ་བབ་ནས་དཀྱིལ་ཀྲུང་བཞུགས་པ་རྡོ་ལ་སྐུ་སྨད་ཀྱི་རྗེས་གསལ་པོར་དོད་པ་ད་ལྟ་དངོས་སུ་མཇལ་རྒྱུ་ཡོད་པར་གྲགས།  ཁོང་དགུང་ལོ་ཆུང་ངུའི་དུས་སུ།  སྐྱེ་ངན་ལུས་ངན་གྱི་ཚུལ་དུ་རྨ་སྨད་གཡུ་ལུང་སུམ་མདོར་བཞུགས།  ཨབ་ཤ་དང་གྲོ་མའི་ཁ་ཟས་གསོལ།  ལུས་ངན་ཕག་ནས་འདྲེ་དགུ་བཏུལ།  དེའི་སྐབས་མཚན་ལ་ཇོ་རུ་ནག་རྫོང་ཟེར།  དེ་ནས་དགུང་ལོ་བཅུ་གསུམ་ཐོག་རྨ་ཤེལ་བྲག་གི་གཏེར་སྒོ་ཕྱེས།  དམ་ཆོས་རྫོགས་པ་ཆེན་པོ།  རྩ་རླུང་དྲཱ་མིག་འཁོར་ལོ།  ཐབས་ལམ་འདོད་ཆགས་རང་གྲོལ།  འཕོ་བ་མ་བསྒོམ་སངས་རྒྱས་སོགས་ཆོས་གཏེར་མང་དུ་བཞེས་ནས་ཉམས་སུ་བླངས། དེ་ནས་གླིང་དཀར་རྟ་རྒྱུགས་ཀྱི་འདུ་ར་ལ་གདན་དྲངས་པ་བཞིན་ཕུ་ནུ་རྣམས་ཀྱི་གྲལ་མཐར་འཁོད། དེ་ནས་གླིང་རུའི་རྟ་རྒྱུགས་ཀྱི་མགྱོགས་དར་བླངས་ཏེ། ཕྱུག་སྐྱ་ལོའི་རྒྱུ་བདག སྲུ་འབྲུག་པོའི་སྐྲ་བདག  གླིང་ཚོ་དྲུག་ལྷ་སྡེ་དཀར་པོའི་དཔོན་དུ་བཀུར་ནས་གསེར་ཁྲི་རིན་ཆེན་དབང་རྒྱལ་སྟེང་དུ་མངའ་གསོལ།  མཚན་ལ་གེ་སར་སྐྱེས་བུ་དོན་གྲུབ་གསོལ། རླངས་ཀྱི་པོ་ཏི་བསེ་རུ་ལས། ཨ་མི་བྱང་ཆུབ་འདྲེ་བཀོལ་གེ་སར་གྱི་དབུ་བླར་འཁོད།
     གེ་སར་རྒྱལ་པོ་དགུང་ལོ་གྱ་གཉིས་བཞུགས་པར་ལུང་བསྟན། དེ་ནས་དགུང་ལོ་བཅོ་ལྔའི་ཐོག་དགྲ་མགོ་ཡར་ཁམས་བྱང་ལ་གཏད།  དཔའ་ཨ་སྟག་ཀླུ་མོ་གྲོགས་སུ་བཀུག  ཀླུ་བཙན་རྒྱལ་པོར་ཐོད་མདའ་སྤྲད། རྣམ་ཤེས་དག་པའི་ཞིང་དུ་དྲངས།  དེ་ནས་རིམ་བཞིན།  ཧོར་གུར་དཀར། འཇང་ས་དམ། མོན་ཤིང་ཁྲི་སྟེ་བདུད་ཀྱི་སྡེ་ཆེན་བཞི་རྩ་ལག་དང་བཅས་པ་ཆམ་ལ་ཕབ། བདུད་ཡུལ་དམ་པའི་ཆོས་ཆོས་ལ་བསྒྱུར།  དམ་པ་ཆོས་ཀྱི་རྒྱལ་མཚན་བསྒྲེངས། དགེ་བ་བཅུ་ཡི་ཁྲིམས་སྲོལ་བཙུགས།  དེའི་སྐབས་མཚན་ལ་གེ་སར་ནོར་བུ་དགྲ་འདུལ་གྲགས།  དེ་ནས་སྟག་གཟིག་ནོར་རྫོང་སོགས་རྫོང་ཆེན་བཅོ་བརྒྱད་དང་རྫོང་ཆུང་བརྩི་བརྩི་གྲངས་མེད་ཕབ།  སྲ་བའི་གོ་ཁྲབ། རྣོ་བའི་མཚོན་ཆ། མཆོད་པའི་ལྷ་སྐུ།  འདོན་པའི་དཔེ་ཆ།  རིན་ཆེན་རྒྱན་ཆ། ཆོས་དང་། ནོར་དང་། རྫས་དང་། སྨན་ལ་སོགས་པ་འཇིག་རྟེན་ཉེར་མཁོའི་རིགས་ཐམས་ཅད་བླངས་ཏེ་ཕྱི་རབས་བོད་ལ་བཞག་པ་མཛད་པས་མཚན་ལ། གཏེར་སྟོན་སངས་རྒྱས་བླ་མར་གྲགས།  མ་ཟད་རྒྱ་དཀར་ནག་སོགས་འཛམ་གླིང་གི་ས་ཆ་སོ་སོར་ཕེབས་ནས།  སངས་རྒྱས་ཀྱི་བསྟན་པ་དང་། སེམས་ཅན་གྱི་བདེ་སྐྱིད་བཅས་ཀྱི་ཆེད་དུ། གཟུགས་ཅན་དང་གཟུགས་མེད་ཀྱི་འགྲོ་དོན་བསམ་གྱིས་མི་ཁྱབ་པ་མཛད་པས། འཛམ་གླིང་གེ་སར་རྒྱལ་པོར་གྲགས། དེ་ནས་གནས་ཆེན་གངས་རི་ཏི་སེའི་རྒྱབ་ཕྱོགས། རྡོ་རྗེ་ཚེ་ཡི་སྒྲུབ་ཕུག་ཏུ་ཚེ་དཔག་མེད་ཀྱི་སྒྲུབ་པ་མཛད་པས།  འཆི་མེད་ཚེ་ཡི་རིག་འཛིན་ཐོབ། འཕོ་ཆེན་འཇའ་ལུས་རྡོ་རྗེའི་སྐུ་བརྙེས། མཚན་ལ་གེ་སར་རྡོ་རྗེ་ཚེ་རྒྱལ་གསོལ།  དེ་ནས་སྔོན་བདུད་ཀྱི་རྒྱལ་ཁབ་རྣམས་དང་འཁྲུག་པའི་སྐབས།  གཡུལ་དུ་བསད་པའི་བདུད་ཀྱི་རྒྱལ་བློན་མང་པོ། གཞི་ལྟ་བ་ལོག་པའི་ཁར་རྐྱེན་སྨོན་ལམ་ལོག་པའི་དབང་གིས་དམྱལ་བར་སྐྱེས་ནས་སྡུག་བསྔལ་བཟོད་གླགས་མེད་པ་མྱོང་བ་གཟིགས་ཤིང་།  སྐུ་དངོས་མ་ཕེབས་ན་དེ་དག་འདྲེན་ཐབས་མེད་པར་དགོངས་ཏེ། རྟ་རྐྱང་བུ་འཚེར་ལྷང་སིལ་ལེ། སྐེད་འཁོར་གསུམ་གྲྭ་མ་ཡལ་ལེ། དཔའ་དགྲ་ལྷའི་དགྲ་དར་ཚུབས་སེ།  ཤི་དམྱལ་བའི་ཡུལ་དུ་ཕེབས་ཏེ། སྒྱུ་འཕྲུལ་ཞི་ཁྲོའི་དཀྱིལ་འཁོར་ལ་བརྟེན་ནས།  དམྱལ་ཟངས་ཁ་ལོ་བསྒྱུར། དམྱལ་ཁམས་སྟོང་པར་མཛད་ནས་སེམས་ཅན་གྱི་འགྲོ་དོན་བསམ་གྱིས་མི་ཁྱབ་པར་མཛད། དེ་ལྟར་ཡང་། ང་ཚེ་སྟོད་ཇོ་རུ་ནག་རྫོང་ཟེར། རྨ་སྨད་ཨབ་བྲའི་ལྷག་བདུད་ཡིན། །བར་དུ་དམག་དཔོན་དགྲ་འདུལ་ཟེར། །བདུད་སྡེ་ཆོམ་ལ་འབེབས་མི་ཡིན། །ཚེ་མཐར་དུས་གསུམ་སངས་རྒྱས་ཟེར། །འགྲོ་དྲུག་འདྲེན་པའི་བླ་མ་ཡིན། །ཞེས་ཞལ་གྱིས་བཞེངས་པ་ལྟར་རོ། །དེ་ནས་གདུལ་བྱ་རྟག་འཛིན་ཅན་རྣམས་ཆོས་ལ་བསྐུལ་བའི་ཕྱིར། སྐུ་ལུས་མ་སྤངས་པ་རྔ་ཡབ་དཔལ་གྱི་རི་བོ། པདྨ་འོད་ཀྱི་གཞལ་ཡས་སུ་ཕེབས་ནས། སྤྲུལ་གཞི་པདྨ་འབྱུང་གནས་ཀྱི་ཐུགས་ཀར་ཐིམ་པར་གྱུར་ཏོ།། དེའི་དུས་སུ་དཔལ་ལྡན་འབྲུག་པ་བཀའ་བརྒྱུད་ཀྱི་བླ་མ། གྲུབ་ཆེན་གླིང་རྗེ་རས་པ་དགོངས་རྫོགས་སུ་གདན་དྲངས་ཏེ། ཕ་འབུམ་དུམ་པ་བཅུ་གཉིས་དང་། དཔལ་བརྟུལ་ཕུ་ནུ་རྣམས་ཀྱི་གསེར་གདུང་སོགས་ཕུལ་བ་རྣམས།  ད་ལྟ་ཡུལ་ཤུལ་ཁུལ་ནང་ཆེན་རྫོང་གི་ནུབ་ཕྱོགས་བྱང་རྟ་རྣ་དགོན་དུ་དངོས་སུ་བཞུགས་ཡོད་པས།  མོས་པ་དང་དོན་གཉེར་ཅན་ཡོད་ན་དེར་ཕེབས་དང་མཇལ་ཁ་ཐོབ་ཀྱི་རེད་ཞུ།
གཉིས་པ།  སྐུ་གཟུགས་ཀྱི་མཚམས་སྦྱོར་དངོས།
༡ གེ་སར་རྒྱལ་པོའི་སྐུ་གཟུགས་ཆེན་མོ་འདི་ཉིད་གང་དུ་བཞེངས་པའི་གནས་ནི།  འབྲི་ཟླ་ཟལ་མོ་སྒང་རྒྱུད།  འབྲི་དམ་པ་ཆོས་ཕྱུག་ཀླུང་དུ་ཆགས་པའི་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་གྱི་ལྟེ་གནས།  སྒ་ཀྱེ་སྐུ་གྲོང་བརྡལ་གྱི་རིག་གནས་དགའ་ཚལ་དུ་ཡིན།
༢ སྐུ་གཟུགས་བཞེངས་པའི་དུས་ཚོད་ནི།  རབ་བྱུང་བཅུ་བདུན་པའི་ཤིང་ཕོ་སྤྲེལ་ལོར་2004ལོར་དབུ་བརྩམས་ཏེ།  ཤིང་མོ་བྱ་ལོའི་ཟླ་བ་བདུན་པའི་ཚེས་ཉེར་བརྒྱད།  2005ལོའི་ཟླ10བའི་ཚེས1ཉིན་ལེགས་འགྲུབ་བྱུང་བའི་རྟེན་འབྲེལ་སྒོ་འབྱེད་མཛད་སྒོ་སྤེལ་བ་ཡིན།
༣ སྐུ་གཟུགས་འདི་བཞེངས་ཚུལ་ནི།  སྤྱིར་གོང་དུ་ཞུས་པ་ལྟར་གེ་སར་རྒྱལ་པོ་ལ་མཚན་གྱི་རྣམ་གྲངས་འགའ་རེ་ཡོད་པ་བཞིན་དུ། སྐུ་གཟུགས་ལའང་ཅུང་ཟད་མི་འདྲ་བ་འགའ་ཡོད་མོད།  འདི་ནི་དམག་དཔོན་ནོར་བུ་དགྲ་འདུལ་གྱི་བཞུགས་ཚུལ་ཡིན། འོག་གི་གདན་ཁྲི་ཟུར་བརྒྱད་ཡོད་པ་དེའི་ལོགས་བརྒྱད་ལ། བཀྲ་ཤིས་རྟགས་མཚན་བརྒྱད་ཀྱི་རི་མོ་འབུར་དུ་དོད་པ་ལྡེབ་རིས་ཀྱི་ཚུལ་དུ་བརྐོས་ཡོད། ཁྲི་ཡི་སྟེང་དུ་པདྨའི་གདན་ལ་འདམ་མ་སུམ་ཅུ་ཡོད་པ་ནི་དཔལ་ཐུལ་ཕུ་ནུ་སུམ་ཅུའི་མཚོན་བྱེད་ཡིན།  དེའི་སྟེང་དུ་ཉི་མ་དང་ཟླ་བའི་གདན་ཡོད། བཅིབས་པ་ལ་འདོ་རྗེ་རྐྱང་རྒོད་འཕེལ་པོ་ཟེར། དེ་ནི་ཕྱི་བྱོལ་སོང་རྟ་ཡི་གཟུགས་སུ་ཡོད་ཀྱང་དོན་ནི་ལྷ་རྟ་མགྲིན་དམར་པོའི་སྤྲུལ་པ། གེ་སར་རྒྱལ་པོའི་ལས་རྟ་ཡིན། རྟ་རྐྱང་སེར་མ་ཡིན་རྐྱང་དམར་ཡིན། པདྨ་རཱ་གའི་མདོག་ཅན་ཡིན། སྤུ་རྩེ་རེ་ལ་ལྷ་རེ་བཞུགས། རྩེ་ལུས་ལྷ་འབོད་དང་། རྔོག་མས་གཉན་འབོད། རྔ་མས་ཀླུ་འབོད་ཤེས་པ་ཡིན།  རྭ་བཞིའི་གླིང་བཞི་བསྐོར་ཞིང་དགྲ་བཞི་ཆོམ་ལ་འབེབས་པའི་ལྷ་རྟ་ཡིན། རྟ་མཆོག་དེ་ཡི་རྒྱན་ཆ་ལ། གསེར་སྲབ་ཡིད་བཞིན་ནོར་བུ། ཁ་ལྷུ་ཉི་མ་རང་ཤར།  ལྕེ་མདུད་བསམ་པའི་དོན་འགྲུབ། སྲབ་སྐྱོགས་གོང་བ་ལྷ་མཐོ། སྲབ་མདའ་བཀྲ་ཤིས་འཁྱིལ་རིང་། བལ་སྟན་སྨེ་བ་དགུ་སྐོར། གསེར་སྒ་ཉི་མ་རང་ཤར། གོང་ཐག་ལྷ་འདྲེ་ཟིལ་གནོན། གློ་ནན་འབྲུག་གི་ཤ་འགྱུར། ཡོབ་ཆེན་ཁམས་གསུམ་ཟིལ་གནོན། སྨད་མདོ་ལས་བཞི་ལྷུན་གྲུབ་ཟེར།  དེའི་སྟེང་གི་སྐུ་ནི་དམག་དཔོན་ནོར་བུ་དགྲ་འདུལ་གྱི་སྐུ་གཟུགས་ཡིན། ཁོང་ནི་ཤ་རྩ་སྨུག་ལ་མིག་རྩ་དམར། དབུ་སྐྲ་རལ་པས་སྐུ་རྒྱབ་ཁེབས། དཔྲལ་བ་རྩ་གསུམ་རྒྱས་པའི་དབུས་སུ་མིག་གི་དབྱིབས་དང་འདྲ་བའི་ཤ་མཚན་ཅན། རྒོད་གཤོག་རྒྱངས་པ་འདྲ་བའི་སྨིན་མ་དང་།  ཁྲ་ཡི་གཤོག་པ་འགྱུར་འདྲའི་བྱིས་རུ་ཡོད་པ། སྐུ་གཟི་བརྗིད་དང་ལྡན་ལ་ཞལ་ཁྲོ་འཛུམ་གྱི་ཉམས་དང་ལྡན་པ། ཞབས་གཡས་ཡོབ་སྔ་སོར་བརྒྱངས་ཤིང་།  གཡོན་ཅུང་ཟད་བསྐུམས་ཏེ་འགྱིངས་སྟབས་སུ་བཞུགས་པ་ཡིན། དེའི་སྐུ་ཆས་ལ། ཞབས་ལ་སོག་ལྷམ་འཛེར་དཀར་དགུ་བསྒྲིགས་དང་། མཛོད་གོས་སེར་པོའི་དོར་མ་ཀླུབས་ཤིང་།  སྐུ་སྟོད་ལ་དར་དཀར་གསེར་རིས་ཅན་གྱི་འདུང་མ་མནབས་པའི་སྟེང་དུ་དགྲ་ལྷའི་ཚེ་གོས་སྨུག་པོ་ལ། གོས་ཆེན་རྡོ་རྗེ་ཟ་ལམ་གྱི་སྐུ་ཆིངས་དང་། གཟི་བྱུར་ནོར་བུ་སུམ་བརྩེགས་དང་། གསེར་གྭ་ཁམས་གསུམ་ཡིད་འགུགས་ཀྱིས་མགུལ་ལ་བརྒྱན། དབུ་ལ་རྨོག་དཀར་རྒྱལ་བའི་དོན་འགྲུབ་ལ།  རྒྱལ་བ་རིགས་གསུམ་མགོན་པོ་མཚོན་པའི་དར་འཕྲུ་གསུམ་དང་།  ཨོ་རྒྱན་དངོས་ཀྱི་སྤྲུལ་པ་མཚོན་པའི་རྒོད་ཐང་དཀར་གྱི་ལྡེམ་འཕྲུ་དང་། གཡུལ་ལས་རྣམ་པར་རྒྱལ་བའི་རྟགས་རྒྱལ་མཚན་སྲིད་གསུམ་རྣམ་རྒྱལ་གྱིས་བརྒྱན་པ་གསོལ།  སྐུ་ལ་ཁྲབ་རྗེ་ཟིལ་པ་འབུམ་རྫོང་ལ།  གཡས་སུ་རྒྱབ་དར་དཀར་པོ་ལྷ་ཆེན་ཚངས་པའི་རྟེན་དར།  དབུས་སུ་རྒྱབ་དར་སེར་པོ་གཉན་སྐུ་ལྷ་གེ་འཛོའི་རྟེན་དར།  གཡོན་གྱི་རྒྱབ་དར་སྔོན་པོ་ཀླུ་གཙུག་ན་རིན་ཆེན་གྱི་རྟེན་དར་ཅན་མནབས་ཤིང་ཐུགས་ཀར་ལྷ་ཚངས་པའི་ཐུགས་རྟེན་དངུལ་དཀར་གྱི་མེ་ལོང་ཟླ་བའི་དཀྱིལ་འཁོར་འདྲ་བས་བརྒྱན།  ཕྱག་གཡས་ཀྱིས་སྦ་ལྕག་བསམ་པའི་དོན་འགྲུབ་མཁའ་ལ་ཕྱར།  ཕྱག་གཡོན་གྱིས་མདུང་མོ་ཁམས་གསུམ་དགྲ་འདུལ་ལ་བ་དན་གཡུལ་ལས་རྣམ་རྒྱལ་སྒྲོན་པ་འཛིན་ནས་སྲབ་སྐྱོག་བསྒྱུར།  སྐེད་པ་ན།  སྟག་རལ་གཡས་ཀྱི་ནང་ན།  མདའ་རབ་དགུ་བཅུ་གོ་དགུ་དང་།  གཟིག་ཤུབས་གཡོན་གྱི་ནང་ན།  མཆོག་དཀར་རྭ་རྒོད་འཁྱིལ་བ་བཅུག  འུར་རྡོ་ཕ་ཝང་སྟོང་བཀོད་སྐེད་ལ་དྲངས།  རལ་གྲི་བཏབ་པ་ལན་མེད་གློ་ལ་བཏགས།  ཕུབ་མོ་སྦ་དམར་གླིང་དྲུག་རྒྱབ་ཏུ་འཛིན།  ཞགས་པ་ཁམས་གསུམ་རང་འགུགས་གྲུ་ལ་བཀོན།  སྟ་ཆེན་བྲག་རི་ཧར་བཤག་རྒྱབ་ཏུ་དྲངས་པ་སྟེ།  དགྲ་ལྷའི་གོ་མཚོན་སྣ་དགུ་ནི།  སྲུང་སྐྱོབ་བྱེད་པའི་གོ་གསུམ་ནི།  ཁྲབ་དང་རྨོག་དང་ཕུབ་་དང་གསུམ།  འཕེན་པར་བྱ་བའི་མཚོན་གསུམ་ནི།  མདའ་དང་འུར་རྡོ་མདུང་དང་གསུམ།  གདབ་པར་བྱ་བའི་མཚོན་གསུམ་ནི།  གྲི་དང་སྟ་རེ་ཞགས་པ་གསུམ།  ཞེས་པ་སྟེ།  དེ་ལྟར་ན།  རྨོག་དང་གཅིག  ཁྲབ་དང་གཉིས།  ཕུབ་དང་གསུམ།  མདའ་དང་བཞི།  འུར་རྡོ་དང་ལྔ།  མདུང་དང་དྲུག  རལ་གྲི་དང་བདུན།  སྟ་རེ་དང་བརྒྱད།  ཞགས་པ་དང་དགུ་ལ་དགྲ་ལྷའི་གོ་མཚོན་སྣ་དགུ་ཞེས་གྲགས་སོ། །དེ་དག་གིས་དམག་དཔོན་ནོར་བུ་དགྲ་འདུལ་གྱི་སྐུ་རྒྱན་དང་ཆ་ལུགས་གོ་མཚོན་དང་བཅས་པ་བསྟན་ཟིན་ཏོ། །གཞན་ཡང་གེ་སར་གྱི་འཁོར་དུ་དགྲ་ལྷ་གྲ་མ་བཅུ་གསུམ་ནི།  ངར་སྐད་གཡུ་འབྲུག་སྔོན་མོ་དེ།  སྙན་གྲགས་ཆེ་བའི་དགྲ་ལྷ།  ཉིན་རྫི་ཐང་དཀར་རྒོད་པོ་དེ།  ཉིན་གྱི་སོ་བའི་དགྲ་ལྷ། མཚན་རྫི་འུག་པ་གསེར་མིག་དེ།  མཚན་གྱི་མེལ་ཚེའི་དགྲ་ལྷ།  བཟུང་རོགས་གླག་ནག་རོག་པོ་དེ།  སྡེར་མོ་ཅན་གྱི་དགྲ་ལྷ།  འགྱིང་རོགས་སེང་གེ་དཀར་མོ་དེ། གཡུ་རལ་ཅན་གྱི་དགྲ་ལྷ། རྒྱུག་རོགས་ཤྭ་བ་རོག་པོ་དེ། རུ་ཐུར་ཅན་གྱི་དགྲ་ལྷ། འགྲོ་རོགས་ཁ་དཀར་རྐྱང་ཆུང་དེ།  རྔོག་དར་ཅན་གྱི་དགྲ་ལྷ།  ཟ་རོགས་སྤྱང་ཐང་སྔོན་མོ་དེ།  ཟ་ཁ་དར་བའི་དགྲ་ལྷ།  འགྱུར་རོགས་སྐྱ་ཁྲ་ཧོར་པ་དེ། བདེ་མྱུར་ཆེ་བའི་དགྲ་ལྷ། མཆོང་རོགས་གླ་བ་རོག་པོ་དེ། མཆེ་བ་ཅན་གྱི་དགྲ་ལྷ། སྙིང་གདོས་དྲེད་མོ་སོག་དཀར་དེ།  དཔའ་སྙིང་ཆེ་བའི་དགྲ་ལྷ། བློ་གསལ་རི་བོང་། དྲན་སྒོ་གསལ་བའི་དགྲ་ལྷ། འཁྱིལ་རོགས་གསེར་སྦྲུལ་སེར་པོ་དེ། ཁ་རླུངས་ཅན་གྱི་དགྲ་ལྷ་བཅས་སོ།།
གསུམ་པ།  སྐུ་འདི་བཞེངས་པའི་དགོས་པ།
     ཡུལ་ཤུལ་ས་ཆ་འདིར་འཛམ་གླིང་གེ་སར་རྒྱལ་པོའི་སྐུ་འདི་འདྲ་ཞིག་བཞེངས་པའི་རྒྱུ་མཚན་དང་དགོས་ཆེད་ནི།  གླིང་རྗེ་གེ་སར་རྒྱལ་པོ་ནི།  བོད་སིལ་བུར་འཐོར་བའི་དུས་ཏེ།  བསྟན་པ་ཕྱི་དར་གྱི་དབུ་བརྙེས་མ་ཐག་གི་སྐབས་སུ་འཁྲུངས་པ་ཡིན་ལ།  བོད་ཀྱི་ལོ་རྒྱུས་དེབ་ཐེར་རྫོགས་ལྡན་གཞོན་ནུའི་དགའ་སྟོན།  བྲག་དགོན་པ་བསྟན་པ་རབ་རྒྱས་ཀྱི་ཆོས་འབྱུང་དང་།  བསྟན་རྩིས་ཀྱི་རྣམ་བཞག་རྣམས་སུ་སྐུ་འཁྲུངས་པའི་ལོ་ཚིགས་སོགས་གསལ་པོར་འཁོད་འདུག་པ་མ་ཟད་པཎ་ཆེན་སྨྲྀ་ཏི་དང་མཇལ་འཕྲད་མཛད་ཅིང་།  ཕན་ཚུན་ཆོས་ཀྱི་འབྲེལ་བ་གནང་ཚུལ་སོགས་འཁོད་ཡོད།  དེ་ལྟར་ན་དེའི་དུས་བོད་སྤྱི་ལ་དབང་བའི་རྒྱལ་པོ་ནི་མེད།  མེས་དབོན་རྣམ་གསུམ་གྱིས་བཙུགས་པའི་བཀའ་ཁྲིམས་ཞིག་ཕྱོགས་ཀྱི་རྒྱལ་ཁབ་སོ་སོར་བོད་ཡུལ་ཧབ་ཐོབ་རྒྱབ་པའི་དུས་སྐབས་ཏེ།  བོད་སྡུག་པའི་དུས་སུ་བྱོན་ནས། སངས་རྒྱས་ཀྱི་བསྟན་པ་དང་།  སེམས་ཅན་གྱི་འགྲོ་དོན།  དབུ་ནག་བོད་ཀྱི་བདེ་སྡུག་བཅས་ཀྱི་ཆེད་དུ།  འཛམ་གླིང་གི་ས་ཆ་ཡུལ་ཕྱོགས་སོ་སོར་བྱོན་ནས།  འཕྲིན་ལས་ནམ་མཁའ་དང་མཉམ་པར་མཛད། ཁྱད་པར་ཡུལ་ཤུལ་གྱི་ས་ཆ་འདི་ནི།  སྒ་འབྲུ་གཉིས་ཀྱི་ས་ཆ་ཡིན་པས།  གེ་སར་རྒྱལ་པོ་ཕ་ཁུ་ཕུ་ནུ་དང་བཅས་པས་མཛད་ཕྲིན་རྒྱ་ཆེན་པོ་སྤེལ་བའི་ས་གནས་གཙོ་བོ་ཡིན་ཏེ། ཁུ་བོ་སྤྱི་དཔོན་རྒྱལ་པོའི་ཕོ་བྲང་ཁྲ་མཁར་ཤ་རུ་གནམ་རྫོང་དང་།  སྲས་སྣང་ཆུང་གཡུ་བཏགས་ཀྱི་སྐུ་གདུང་གི་གདུང་ཁང་དང་། གླིང་གི་འདུར་རའི་སྟག་ཐང་ཁྲ་མོ་དང་ཨ་ཁུ་ཁྲོ་ཐང་གི་སྒྱེད་པུ་དང་།  རྟེའུ་སྔོན་ཆུ་མགོ་ཟེར་བ་དང་། འབྲི་སྒ་བདེའི་གོ་མཛོད་ཀྱི་ཤུལ་དང་། སྒ་བདེའི་ཡར་འབེན་མར་འབེན་ཟེར་བ་དང་། རྟ་རྐྱང་རྒོད་ཀྱི་རྨིག་རྗེས་ཡིན་ཟེར་བ་གནས་ཆེན་སོ་སོ་ལ་ཡོད་པ་དང་། ཁྱད་པར་དུ་གེ་སར་གྱི་བཙུན་མོ་སྐྱ་ལོའི་སེང་ལྕམ་འབྲུག་མོ་འཁྲུངས་ཡུལ་དང་། སྐྱ་ལོ་ཕྱུག་གི་སྡེ་བ་ཆགས་ཡུལ་ཉེའུ་ཆགས་ཕུ་དྲུག་ལུང་པ་ནི། ད་ལྟ་ཡུལ་ཤུལ་འབྲི་སྟོད་རྫོང་དུ་མིང་མ་འགྱུར་བ་ཡོད་ཅིང་། སྦྲ་མལ། འབྲུག་མོའི་འཐག་ཕུར།  འབྲུག་མོའི་སྐྲ་ཆུ་ཟེར་བ་དང་དབུས་ཀྱི་ཚོང་དཔོན་ཉི་མ་ལེབ་ཆེན་གྱིས་ཇ་མང་པོ་ཕུལ་བར་བརྟེན་ནས་རྫོང་མཁར་བརྩིགས་པ་ལ་ད་ལྟ་རྒྱ་ཇའི་ཕོ་བྲང་ཟེར་བ་སོགས་མནའ་ཤུལ་མང་པོ་དངོས་སུ་ཡོད་པ་མ་ཟད། རིག་གསར་སྔོན་སྒ་ཀྱེ་མདོ་ལ་གེ་སར་གྱི་ལྷ་ཁང་ཡོད། ད་ལྟ་ཁུལ་མི་དམངས་སྲིད་གཞུང་གི་ར་བའི་གཡོན་ཕྱོགས་སུ་ལྕང་སྡོང་ཆེན་པོ་ཞིག་ཡོད་པ་དེའི་གོང་དུ་ཡོད།  སྐྱེ་ཁུངས་དང་སྡོད་གནས་ཀྱེ་སྐུ་ཡིན་པའི་རྒན་རབས་རྣམས་ཀྱིས། ལྷ་ཁང་ལ་གེ་སར་ལྷ་ཁང་དང་། ལྕང་སྡང་དེ་ལ་གེ་སར་ལྕང་མ་དང་། ལྷ་ཁང་བདག་གཉེར་པ་མ་རྒན་ཞིག་ཡོད་པ་དེ་ལ་གེ་སར་ཨ་ཡེ་ཞེས་འབོད་པའི་ངག་རྒྱུན་ཡོད། དེ་ལྟར་ན་སྒ་འབྲི་གཉིས་ཀྱི་ས་ཆ་འདི། གླིང་གེ་སར་རྒྱལ་པོས་མཛད་ཕྲིན་རྒྱ་ཆེན་སྤེལ་བའི་ས་གནས་གཙོ་བོ་ཞིག་ཡིན་པའི་བདེན་དཔང་དང་། ལོ་རྒྱུས་ཀྱི་རྒྱབ་ལྗོངས་ཡོད་པ་ཞིག་ཡིན། དེའི་ཕྱིར་ཏང་དང་རྒྱལ་ཁབ་ཀྱི་མི་རིགས་ཆོས་ལུགས་ཀྱི་སྲིད་ཇུས་དང་། མི་རིགས་རང་སྐྱོང་ཁུལ་གྱི་ཁྲིམས་སོལ་དང་།  རིག་གནས་གནའ་རྫས་སྲུང་སྐྱོབ་ཀྱི་བཅའ་ཁྲིམས་དང་མཐུན་པ། མནའ་རབས་ཀྱི་རིག་རྫས་ཉམས་པ་སླར་གསོ་དང་། མ་ཉམས་པ་སྲུང་སྐྱོང་དང་རྒྱུན་འཛིན་དར་སྤེལ་གཏོང་བ་བཅས་ཀྱི་ཆེད་དུ་སྐུ་འདི་ཉིད་བཞེངས་པ་ལགས་སོ། །
སླར་སྨྲས་པ།
འདིར་འབད་དགེ་བ་རབ་དཀར་རྡུལ་བྲལ་གང་ཡིན་དེས། །
ཡངས་པའི་རྒྱལ་ཁམས་སྤྱི་དང་ཁྱད་པར་ཡུལ་ཕྱོགས་འདིར། །
ནད་མུག་མཚོན་སོགས་བསྐལ་ངན་རྒུད་པ་རབ་ཞི་ནས། །
བདེ་སྐྱིད་རྫོགས་ལྡན་གསར་བའི་དཔལ་ལ་རོལ་བ་སྨོན། །
     ཞེས་པ་འདིའང་སྐྱུ་རའི་རིགས་ཀྱི་མྱུ་གུར་སྐྱེས་པའི་དགེ་མིང་པ་བསམ་གཏན་རྣམ་རྒྱལ་གྱིས་བྲིས་པ་དགེ་བར་གྱུར་ཅིག


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།