༄༅། །བོད་ཀྱི་བྲག་རིས་ཤྭ་བའི་བསྟན་དོན།

རྩོམ་པ་པོ།:ཟླ་བ་གཞོན་ནུ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2023-10-24 09:07:04 ཀློག་གྲངས།:
༄༅། །བོད་ཀྱི་བྲག་རིས་ཤྭ་བའི་བསྟན་དོན་ལ་དཔྱད་པ།
ཟླ་བ་གཞོན་ནུ།

ནང་དོན་གནད་བསྡུས། བོད་ཀྱི་བྲག་རིས་ནི་ལོ་ངོ་སྟོང་ཕྲག་དུ་མའི་ལོ་རྒྱུས་ལྡན་པའི་རིག་གནས་བརྡ་རྟགས་ཤིག་ཡིན་པ་མ་ཟད་དུས་ད་ལྟའང་བོད་ཡུལ་སྟོད་སྨད་བར་གསུམ་ཀུན་ཏུ་མཇལ་ཐུབ་ཅིང་། དེ་དག་གི་ཁྲོད་དུ་བྲག་རིས་ཤྭ་བ་ནི་ཚབ་མཚོན་རང་བཞིན་ལྟ་བུར་གྱུར་ཡོད། མིག་སྔར་ཞིབ་འཇུག་གི་ཁྱབ་ཁོངས་སུ་བོད་ཀྱི་བྲག་རིས་བྱུང་བའི་ལོ་ཚིགས་དང་རྣམ་པ། ཁྱབ་ཡུལ། སྒྱུ་རྩལ་རིན་ཐང་སྐོར་སོགས་ལ་ཞིབ་འཇུག་གི་དཔྱད་འབྲས་ཅུང་མང་མོད། འོན་ཀྱང་བོད་ཡིག་གི་ཡིག་ཆ་གཞིར་བྱས་ཏེ་ཞིབ་འཇུག་བྱས་པ་ཧ་ཅང་ཉུང་བས། འདིར་གཏམ་ཤུལ་དགའ་ཐང་འབུམ་པ་ཆེའི་གནའ་དཔེ་དང་མུ་ཡེ་པྲ་ཕུད་ཕྱའི་མཐར་ཐུག་ཅེས་པ་སོགས་ཀྱི་ཡིག་ཚང་ལ་ཁུངས་བཅོལ་ཏེ། ཡིག་ཆ་ཞིབ་བསྡུར་དང་ཡུལ་དངོས་རྟོག་ཞིབ་ཀྱི་བྱེད་ཐབས་གཞིར་བཟུང་ཞིང་། ད་དུང་ཡིག་ཚང་ཁྲོད་ཀྱི་ཤྭ་བ་དང་བྲག་བརྐོས་རི་མོའི་ཤྭ་བ་གཉིས་ཕན་ཚུན་ཟུང་འབྲེལ་གྱི་སྒོ་ནས་ཞིབ་ཏུ་དཔྱད་ན། ཤྭ་བའི་རུ་ལག་གི་གྲངས་ཀ་དང་ཉམས་འགྱུར་སོགས་ལ་གཅིག་མཐུན་གྱི་ཁྱད་ཆོས་ལྡན་པས་བོད་ཀྱི་བྲག་རིས་ཤྭ་བའི་མཚོན་དོན་ནི་གདོད་མའི་རྔོན་ལས་ཀྱི་བྱེད་སྒོ་ཙམ་མ་ཟད། ཆོས་ལུགས་རིག་གནས་ཀྱི་བླ་འགུག་དང་། ཕྱྭ་གཡང་འགུག་པའི་ཆོ་ག་སོགས་ལ་འབྲེལ་བ་ཟབ་མོ་ཡོད། གཞན་ཡང་པདྨ་བཀའ་ཐང་དང་རྒྱལ་དབང་ལྔ་པའི་རང་རྣམ། པོ་ཏ་ལའི་ལྡེབས་རིས་བཅས་དང་སྒོ་བསྟུན་ནས་དཔྱད་ན། ཤྭ་བ་དང་འབྲེལ་བའི་མདོས་གཏོང་ལུགས་ཀྱི་ཆོ་ག་རྣམས་ནི་སྔ་མའི་ལུགས་དེ་རྣམ་པ་གཞན་དུ་འཕོས་ནས་རྒྱུད་འཛིན་དར་འཕེལ་བྱུང་བ་ཞིག་ཡིན་པ་གླེང་འདུག
བརྡ་ཆད་གཙོ་བོ། བྲག་རིས་ཤྭ་བ། བསྟན་དོན། རུ་ལག བླ་འགུག་ཕྱྭ་འགུག
       ད་ལྟའི་བར་བོད་ཀྱི་བྲག་བརྐོས་རི་མོ་ལ་ཞིབ་འཇུག་བྱེད་མཁན་མང་པོ་ཡོད་ལ། དེའི་ཁྲོད་དུ་ཤྭ་བའི་སྐོར་ལ་དོ་སྣང་བྱེད་མཁན་ཡང་ཁ་ཤས་མཆིས་ཏེ། ཐོག་མ་ནི༡༩༠༢ལོར་དབྱིན་ཇིའི་གནའ་དཔྱད་མཁས་དབང་ཧྥ་རན་ཁུ་ཡིས་ལ་དྭགས་ཨལ་ཆིལ་དགོན་པའི་ཉེ་འགྲམ་དུ་ཤྭ་བའི་རི་མོ་འགའ་གསར་རྙེད་བྱུང་བ་དེ་ཡིན་ཞིང་། འདི་ནི་བྲག་རིས་ཤྭ་བ་ཙམ་མ་ཟད་བོད་ཀྱི་བྲག་རིས་རི་མོའི་གསར་རྙེད་ཐོག་མའང་ཡིན། དེ་དང་ལོ་ངོ་སུམ་ཅུ་ནས་བཞི་བཅུས་ཆོད་པའི་རྗེས་སུ་དབྱི་ཐ་ལིའི་མཁས་དབང་ཏུའུ་ཆིས་རྒྱ་གར་དང་བོད་ཅེས་པ་དང་། བོད་ཀྱི་གནའ་དཔྱད་གཉིས་སུ་ཉང་ཆུའི་རྒྱུད་དུ་ཤྭ་བའི་བྲག་རིས་འགའ་གསར་རྙེད་བྱུང་ཞིང་། ཁོང་གིས་བྲག་རིས་འདི་དག་བྲག་རིས་གཞན་ལས་སྔ་བའི་ལྟ་ཚུལ་བཏོན་ཡོད། རྒྱལ་ནང་དུ་རྒན་ལིས་ཡུང་ཞན་གྱིས་བོད་ཀྱི་གདོད་མའི་སྒྱུ་རྩལ་དུ་ཁྱུང་དང་ཤྭ་བ་ནི་སྔ་མའི་ཆོས་ལུགས་དང་དད་མོས་སོགས་ལ་འབྲེལ་བ་ཡོད་ཅེས་བཀོད་ཡོད། ཡིན་ནའང་། བྱེ་བྲག་གིས་གང་ལ་འབྲེལ་བ་ཡོད་པ་དང་ཇི་ལྟར་འབྲེལ་བ་ཡོད་ཚུལ་གསལ་པོ་གསུངས་མི་འདུག བོད་སྐད་ཡིག་གི་ལམ་ནས་བྲག་རིས་ཤྭ་བ་ལ་འགྲེལ་བཤད་བྱས་པ་ནི་རྒན་གཅན་བཀྲ་བྷོ་ལགས་ཀྱི་བོད་ཀྱི་གནའ་བོའི་བྲག་བརྐོས་རི་མོ་ལས་སྲོག་ཆགས་འགའི་རིག་གནས་བསྟན་དོན་ལ་དཔྱད་པ[1]ཞེས་པར་གཙོ་བོ་མུ་ཡེ་པྲ་ཕུད་ཕྱའི་མཐར་ཐུག་ལ་གཞི་བཅོལ་ཏེ་དེའི་བསྟན་དོན་གསལ་བཤད་བྱས་ཡོད། དེ་མིན་རྒན་ཚེ་དབང་གི་ཟངས་རྡོ་མཉམ་སྤྱོད་དུས་ཀྱི་བོད་ཀྱི་གནའ་བོའི་བྲག་བརྐོས་རི་མོའི་སྐོར་ཆེ་ལོང་ཙམ་བརྗོད་པ་ཞེས་པར། བྲག་བརྐོས་རི་མོ་དག་ནི་ཞང་བོད་ཀྱི་ཆེས་སྔ་མའི་ཡབ་མེས་དག་གིས་བཞག་པའི་རྗེས་ཤུལ་ཡིན་ཞིང་། བསྟན་དོན་གཙོ་བོ་སྐྱས་འདེགས་མི་རིགས་སམ་ཕྱུགས་ལས་དཔལ་འབྱོར་གཙོ་བོ་བྱེད་པའི་འབྲོག་ལས་རིག་གནས་དང་རྔོན་ལས་རིག་གནས་མཚོན་པར་གསུངས་ཡོད། དེ་ན་སྔར་བོད་ཀྱི་བྲག་རིས་ཤྭ་བ་དང་འབྲེལ་བའི་དཔྱད་འབྲས་རྣམས་སུ་གཙོ་བོ་བྲག་བརྐོས་ཀྱི་ཁྱད་ཆོས་གཞིར་བཟུང་སྟེ་ནམ་བྱུང་གི་ལོ་ཚིགས་ཐག་གིས་གཅོད་པ་དང་། ཁྱབ་ཡུལ་དང་ཁྱབ་ཚུལ་ལ་ཆོས་ཉིད་ལ་ཉམས་ཞིབ་བྱས་ཏེ་རྔོན་ལས་མཚོན་པའི་ལྟ་ཚུལ་བཏོན་པ་དང་། རི་མོའི་རྣམ་པ་དང་འབྲེལ་ནས་མཚོན་ཐབས་རིགས་དབྱེ་གཙོ་བོར་བཟུང་བ་ལས། བྲག་རིས་ཤྭ་བའི་མཚོན་དོན་སྐོར་ལ་ཆེད་དུ་ཞིབ་འཇུག་བྱས་པ་ཧ་ཅང་ཉུང་བས། འདིར་དེ་གལ་ཆེན་དུ་མཐོང་ནས་ཡིག་ཚང་དང་རི་མོ་གཉིས་ཟུང་འབྲེལ་གྱི་སྒོ་ནས་བློས་ལྕོགས་ཙམ་ཞིག་དཔྱད་པའི་སྒོར་འཇུག་པ་ལ།
དང་པོ། ཡིག་ཚང་དུ་འཁོད་པའི་ཤྭ་བའི་སྐོར།
       བོད་ཀྱི་ཡིག་ཚང་དུ་འཁོད་པའི་ཤྭ་བའི་སྐོར་ལ་གཞིགས་ན་ཤྭ་བ་ནི་རི་དྭགས་བཀྲ་ཤིས་པ་ཞིག་ལ་བརྩིས་ཡོད་པ་གོ་ཐུབ་སྟེ། ཏུན་ཧོང་བོད་ཀྱི་ཡིག་རྙིངP•T986ན། རྒྱལ་པོ་ཇིའུ་གི་འབངས། འཇིགས་ཤིང་བག་ཚ་བ་ནི་། གླང་དང་། ཤ་བ་རྭ་སྟོར་བ་དང་འདྲ་བར་། རང་གི་སྤ་ཞུམ་བས[2]ཞེས་ཤྭ་བས་རྭ་སྟོར་བ་དེ་འཇིགས་ཡེར་བ་དང་མ་རུང་བ་ཞིག་ལ་རྩིས་ཡོད་པ་བཀོད་ཡོད། བཙན་པོ་སྲོང་བཙན་གྱིས་ཀྱང་ཁྲིམས་ལུགས་གཏན་ལ་འབེབས་པའི་དུས་སུ་ཤྭ་བའི་ནུས་པ་དང་ཡོན་ཏན་ལ་དམིགས་ཏེ། འཇལ་གཤོར་འདེགས་གསུམ་གྱི་ཁྲིམས་གཙང་མ་ལ་འབུམ་གསེར་ཏོག་ཤ་བ་ཞེས་གཡོ་དང་སྒྱུ་མི་བྱེད་པ་དང་ཁྲེལ་དང་བག་ཡོད་དགོས་པའི་གལ་ཆེན་རང་བཞིན་དེ་གསེར་དང་ཤ་བ་ལ་སྦྱར་ནས་བསྟན་ཡོད་པ་དང་། རྒྱ་བོད་ཡིག་ཚང་མཁས་པ་དགའ་བྱེད་དུ། འདུས་སྲོང་མང་པོ་རྗེའི་རིང་ལ་བོད་དུ་དཀར་ཡོལ་བཟོ་བའི་ལག་རྩལ་དར་ཞིང་། དེ་ལ་རྒྱལ་པོའི་བཀའ་གནང་བ་གསུམ་པོ་ལ། ཤབ་ཚེ། ལན་ཚེ། ཤང་ཚེ་བྱ་བར་མིང་བཏགས། ཕལ་བ་གསུམ་ལ་ཐེག་ཚེ། ངེས་ཚེ། བརྡོ་ཚེ་སོགས་རིགས་དབྱེ་བྱུང་བ་ལས་རྒྱལ་པོས་བཀའ་གནང་བའི་གྲས་ཀྱི་གསུམ་པ་ལ་ཤྭ་བའི་གཟུགས་རིས་བྲིས་ཡོད་པ་གསལ་ཞིང་། ཡང་དུས་སྐབས་དེར་བོད་དུ་ཇ་ལོ་དར་བའི་ལོ་རྒྱུས་བརྗོད་དུས་ཀྱང་ཤྭ་བ་ལ་ཇ་ལོ་བཀལ་ཏེ་ཡོང་བའི་གཏམ་རྒྱུད་ལ་གཞིགས་ནའང་ཤྭ་བ་ནི་རི་དྭགས་བཀྲ་ཤིས་པ་ཞིག་དང་། རིས་ཀྱི་སྒང་ནས་ཀྱང་མཛེས་ལ་ཉམས་ལྡན་པ། སྒོས་སུ་བོད་ཀྱི་ཤེས་རིག་གི་མཚོན་བྱེད་གལ་ཆེན་ཞིག་ཏུ་བརྩིས་ཡོད་པ་སྐབས་དེའི་དཀར་ཡོལ་དེ་འདྲ་རྒྱ་ནག་ལའང་མེད་ཅེས་བཀོད་ཡོད་པས། ཤྭ་བ་སོགས་དཀར་ཡོལ་དུ་ཕབ་པའི་རི་མོ་དག་ནི་གང་བྱུང་དུ་བྲིས་པ་ཞིག་མིན་པ་རྟོག་ཐུབ་ཅིང་། ཐོག་མར་བཙན་པོའི་ཕོ་བྲང་དུ་བེད་སྤྱོད་བྱས་པར་གཞིགས་ནའང་ཤྭ་བ་ནི་མཐོ་རིམ་གྱི་མཚན་གནས་མཚོན་རྟགས་གལ་ཆེན་ཞིག་ཏུ་གོ་ཡོད་པ་ཤེས་ཐུབ། དེ་མིན་བསམ་ཡས་དཀར་ཆག་ཆེན་མོ་སྦ་བཞེད་དུ། སློབ་དཔོན་པདྨ་འབྱུང་གནས་བོད་དུ་ཕེབས་སྐབས་མཁར་ནག་མཚོ་འགྲམ་དུ་བལ་པོ་རྡོ་མཁན་ན་རེ། བོད་ཀྱི་རྡོ་ལ་བཟོ་བཏུབ་བམ་མི་བཏུབ་བལྟའོ་གསུངས་ནས་བྲག་ལ་ཤ་བའི་གཟུགས་གཅིག་བརྐོས་སོ། །[3]ཞེས་བོད་ཀྱི་རྡོ་ལ་བཟོ་རྐོ་ཐུབ་མིན་བལྟ་ཞེས་ཤྭ་བ་བརྐོས་པ་གསལ་ཞིང་། དོན་དམ་རྡོ་ལ་བཟོ་བརྐོ་ཐུབ་མིན་ཞེས་པ་འདི་བཤད་སྟངས་གཞན་ཞིག་ཡིན་པ་འདྲ་སྟེ། བོད་དུ་ཤྭ་བ་ལས་རི་དྭགས་བགྲང་གིས་མི་ལང་ན་ངེས་པར་དུ་ཤྭ་བ་བརྐོ་དགོས་པའི་རྒྱུ་མཚན་ཡང་བོད་ཀྱི་ཆོས་ལུགས་རིག་གནས་དང་འབྲེལ་བ་མེད་དམ་སྙམ་པ་དང་། བོད་མི་བུ་གདོང་དྲུག་གི་རུས་མཛོད་མེ་ཏོག་སྐྱེལ་ཚལ་དུ་སྔོན་བོད་འདིར་རུས་ཆེན་ལྔ་བྱུང་བ་ནས་བཟུང་རང་རང་གི་བླ་ཟོག་དེ་ནི། ལྡོང་གི་ཤ་བ། འབྲིའི་གཡག སྦྲའི་རྐྱང་། སྒའི་ལུག སྒོ་ཡི་བླ་ཟོག་ར་ཡིན་པར་བཞེད་སྲོལ་དེ་བཞིན། ལྡོང་ནི་ས་ཁམས་ཤ་བར་བླ[4]ཞེས་བོད་ཀྱི་རུས་ཆེན་ལྡོང་གི་བླ་རྟེན་ཡང་ཤྭ་བ་ཡིན་པ་འཁོད་ཡོད། ཡང་ཆོས་འབྱུང་མཁས་པའི་དགའ་སྟོན་དུ། སྤུར་རྒྱལ་བོད་ཀྱི་རྒྱལ་པོ་ཐོག་མ་གཉའ་ཁྲི་བཙན་པོའི་སྐབས་སུ་བོན་གྱི་ཤེས་པ་བཅུ་གཉིས་ཁྲོད་ཀྱི་ལྡིང་ཤེས་ཤྭ་བ་ཅན་གྱིས་འཇིམ་པ་ལས་བཟོས་པའི་ཤྭ་བ་ནམ་མཁའ་ནས་ལྡིང་བསྐོར་བྱེད་དུ་བཅུག[5]ཅེས་གསུངས་པས་ཤྭ་བ་ནི་འཚོ་བ་དངོས་ཀྱི་ཁྲོད་ན་ཡོད་པ་མ་ཟད། འདིའི་སྐབས་ཀྱི་ཤྭ་བ་ནམ་མཁའ་ནས་ལྡིང་བསྐོར་བྱེད་དུ་བཅུག་ཅེས་པ་ཕྱྭ་གཡང་འགུག་པའི་ཆོ་ག་དང་འབྲེལ་བ་མེད་དམ་སྙམ་མོད། དེའི་དོན་ཚན་ཕྱི་མ་ནས་གླེང་ཡོང་། ཤྭ་བ་བཀྲ་ཤིས་པ་དང་། མཛེས་པ། གཡོ་ཟོལ་བྲལ་བ་ཞིག་ཏུ་བརྩིས་ཡོད་པ་ནི། ཚེ་རིང་རྣམ་དྲུག་གི་གྲས་སུ་ཤྭ་བ་ཡོད་པ་མ་ཟད། ནང་པའི་ཆོས་ནས་ཤ་བ་ནི་ཞི་བདེ་དང་། བྱམས་བརྩེ། སྙིང་རྗེའི་མཚོན་དོན་ལ་བརྩི་ཞིང་། བོད་ཀྱི་རི་མོར་རྟག་པར་ཤྭ་བ་ཆ་མཉམ་དུ་འབྲི་ལ། དེའི་དོན་ནི་བདེ་སྐྱིད་དང་། ཆ་མཐུན། གཞུང་དྲང་། འཚེ་མེད་ཀྱི་དོན་ལ་གོ ཡང་སྲིད་པ་རྒྱུད་ཀྱི་ཁ་བྱང་རྣམ་ཐར་ཆེན་མོ་རུའང་ཡེ་མུག་ཤ་རྣ་བྱ་བའི་མཁའ་འགྲོ་མ་འོད་ལྡན་འབར་མ་ཞེས་བྱ་བ་དང་མཇལ།[6]ཞེས་དྲན་པ་ནམ་མཁའི་ཡུམ་འོད་ལྡན་འབར་མ་ལ་བསྟོད་བསྔགས་བྱེད་དུས་ཀྱང་ཤ་རྣ་ནི་མཛེས་པའི་དཔེར་བཞག་ཡོད་ལ། ཡང་དེར་གཤེན་རབ་གསེར་ཤ་རུ་རིང་ཁྲི་ལ་སྤྱན་དྲངས་ནས་ཞེས་པ་ལྟ་བུས་བཀྲ་ཤིས་པ་དང་ཐོབ་གོ་ས་མཐོ་བའི་བསྟན་དོན་ལ་གོ་ཐུབ། དེ་བཞིན་དུ་ཞབས་དཀར་ཚོགས་དྲུག་རང་གྲོལ་གྱི་མགུར་འབུམ་དུ་ཚུལ་ཁྲིམས་ཀྱི་ཤ་བ་ཡི་རྭ་རིང་ནི་ཁྱོད[7]ཅེས་ཚུལ་ཁྲིམས་ལྡན་པ་དང་བག་ཡོད་པ་ལ་ཤྭ་བ་དཔེར་འཇོག་མཛད་ཡོད་པས་བན་བོན་གང་ཡིན་རུང་ཤྭ་བ་ནི་རི་དྭགས་བཀྲ་ཤིས་པ་དང་ཁྲེལ་དང་ལྡན་པ་ཞིག་ལ་ངོས་བཟུང་བ་ཤེས་ཐུབ།
       དེ་བཞིན་དུ་ཤྭ་བ་དང་ཤྭ་བའི་ཡན་ལག་སོགས་ང་ཚོའི་སྤྱོད་སྒོར་གྱུར་བ་ལ། རྗེ་མི་ལ་རས་པ་དང་། རས་ཆུང་བ། ཐང་སྟོང་རྒྱལ་པོ་སོགས་རྣལ་འབྱོར་བ་སྒོམ་ལ་བཞུགས་སྐབས་གདན་ལ་ཤྭ་ལྤགས་བཏིང་ཡོད་པ་དང་། དེ་མིན་ཡུལ་ཤུལ་གནའ་རབས་ཀྱི་བྲག་རིས་བརྟག་དཔྱད་དུ། གནའ་དཔྱད་རིག་པའི་དཔྱད་འབྲས་ལས་བྱང་ཕྱོགས་ཀྱི་ཕྱུགས་འཚོ་བའི་མི་རིགས(游牧民族)ཀྱིས་ཤྭ་དང་ཕག་རྒོད་སོགས་ཀྱི་སོག་ཀའི་རི་མོར་བལྟས་ཏེ་མོ་འདེབས་པའི་རིག་གནས་རྙེད་ཅིང་། ས་ཆ་ལ་ལར་ཤྭ་བ་རྨི་ལམ་ལ་རྨིས་ཚུལ་བརྟག་སྟེ། དོན་གྱི་བཟང་ངན་ལ་དབྱེ་ཞིབ་བྱེད་བཞིན་ཡོད[8]ཅེས་བཀོད་ཡོད། དེ་མིན་གསོ་བ་རིག་པའི་གཞུང་དུ་བསེ་རུས་བྱང་ཁོག་རྣག་ཆུ་སེར་སྐེམ། །ཁ་ཤ་ཤ་བའི་རྭ་ཡང་དེ་དང་འདྲ། །ཞེས་དང་ཤ་བའི་ཁྲག་གིས་སྲིན་སེལ་མངལ་ཁྲག་གཅོད། །ཤ་ཚིལ་སྲིན་སེལ་དུག་ནད་སྲུང་། །ཞེས་པ་དང་། ཤ་བའི་རྭ་རྒན་ཐལ་བས་དམུ་ཆུ་སྐེམ། །ཤ་བ་གཡག་རྒོད་གཙོད་དང་ར་ཡི་རྭའི། །གཞོབ་ཀྱིས་བད་ཀན་ལྦ་བ་གཟེར་རྣམས་འཇོམས། །[9]ཞེས་གོང་གི་ཚིག་དོན་རྣམས་གསུངས་ཏེ། དོན་དམ་ཤྭ་བའི་སྟེང་ན་ནད་བརྒྱ་སེལ་བའི་སྨན་མཆོག་མང་བ་གསལ་བྱེད་བྱས་ཏེ། ཤྭ་བ་ནི་རིན་པོ་ཆེའི་སྨན་སྣ་གལ་ཆེན་ཞིག་ཏུ་བརྩིས་ཡོད་པ་ཤེས་ཐུབ། ཡང་ཤྭ་བ་ནི་རང་བཞིན་གྱིས་བང་རྩལ་མྱུར་བས། འཇིག་རྟེན་པའི་ལྷས་འཕྲིན་ལས་མྱུར་བའི་ཆེད་དུ་བཅིབས་པར་སོང་བ་ལའང་བོད་གཙང་རིས་ལྷ་དོན་ལྔའི་ཁྲོད་ཀྱི་རླུང་ལྷས་ཤྭ་བ་བཅིབས་ཡོད་ལ། བརྟན་མ་བཅུ་གཉིས་ཁྲོད་ཀྱི་རྡོ་རྗེ་དཔལ་གྱི་ཡུམ་ལ་ཡང་ཤྭ་བའི་ཆིབས་པ་ཡོད་པ་ལྟ་བུའོ། །བོན་གྱིས་བརྟན་མ་བཅུ་གཉིས་ཁྲོད་ཀྱི་གངས་དཀར་ཤ་མེད་ཀྱི་བཅིབས་པ་ཤྭ་བ་ཡིན་པར་བཞེད་པས། དེ་ལ་སོགས་ལ་གཞིགས་ན་ཤྭ་བ་དང་འབྲེལ་བའི་དཔེ་འཇོག་དང་ཤྭ་བ་དང་འབྲེལ་བའི་ཤེས་རིག་སོགས་སྔོན་མ་ནས་ང་ཚོའི་འཚོ་བར་སྣུམ་གྱིས་ཤོག་བུ་ཟིན་པ་ལྟ་བུ་ཡིན་པ་ཤེས་ཐུབ་བོ། །
གཉིས་པ། ཤྭ་བའི་བསྟན་དོན་གྱི་གོ་བབ།
       བོད་ཀྱི་བྲག་ལ་བརྐོས་པའི་ཤྭ་བའི་བསྟན་དོན་ལ་འདྲ་མིན་མང་པོ་ཞིག་གསུང་གིན་འདུག་མོད། བོན་གྱི་ཡིག་རྙིང་གཏམ་ཤུལ་དགའ་ཐང་འབུམ་པ་ཆེའི་གནའ་དཔེའི་ཁྲོད་ཀྱི་རྣེལ་དྲི་འདུལ་ཐབས་དང་ཤ་རུ་ཤུལ་སྟོན་གྱི་རབས་གཞན་མུ་ཡེ་པྲ་ཕུད་ཕྱའི་མཐར་ཐུག་བཞུགས་སོ་ཞེས་པ་དང་། ཤ་བ་རུ་རྒྱས་ཀྱི་མདོས་སོགས་ལ་གཞིགས་ན་བོད་ཀྱི་བྲག་རིས་ཤྭ་བ་ནི་སྲིད་པ་རྒྱུད་ཀྱི་བོན་གྱི་ཆོ་ག་དང་འབྲེལ་བ་ཆེ་བ་མ་ཟད། དེའི་ཁྲོད་ཀྱི་བྱེ་བྲག་གི་རྣིལ་དྲི་འདུལ་ཞིང་ཕྱྭ་གཡང་དང་བླ་བསླུ་ཚེ་འགུག་སོགས་ལ་འབྲེལ་བ་ལྷག་ཏུ་ཟབ་པས། གཤམ་ནས་དེའི་སྐོར་ཅུང་ཟད་གླེང་བ་ལ།
       གཅིག བོད་ཀྱིས་གདོད་མའི་སྐབས་ནས་བཟུང་རི་དྭགས་ཤྭ་བ་ནི་བཀྲ་ཤིས་ཤིང་ཡོན་ཏན་ཀུན་རྫོགས་ཤིག་ཏུ་ངོས་བཟུང་བ་ནི་མུ་ཡེ་པྲ་ཕུད་ཕྱའི་མཐར་ཐུག་བཞུགས་སོ་ཞེས་པ་རུ་ཡོན་ཏན་ཀུན་ཚང་ཤ་བ་ཁྱེད[10]ཅེས་བྲིས་ཡོད། འདིར་ཐོག་མར་ཤྭ་བ་ཕྱྭ་གཡང་དང་འབྲེལ་ཚུལ་སྐོར་ནི་མུ་ཡེ་པྲ་ཕུད་ཕྱའི་མཐར་ཐུག་ཏུ་ཕྱ་མི་ཡུལ་དུ་གདན་འདྲེན་དགོས་དོན་ལ། མི་ཡུལ་དུ་ཕྱ་མེད་ཙང་ཟས་ལ་བཅུད་མེད་པ་དང་ནོར་ལ་གཡང་མེད་གོད་ཁ་སྡང་བ། མི་ལ་ན་ཚ་མང་བས་ཡིན་ལ། དེ་སྲིད་པའི་གཏེར་ཁྱིམ་སྒྲོན་མེ་རུ་ཕྱྭ་བྲོས་ནི་གཡང་མཉམ(ཉམས)ཏེ[11]ཞེས་གཡང་ཕྱྭ་ལ་ཆགས་ཡོད་པ་ཤེས་ཐུབ་ཅིང་། གཡང་ཉམས་པར་དམིགས་ཏེ་ཕྱ་རྗེ་ཡབ་བླ་བདལ་དྲུག་གིས་ཕྱ་གཡང་བཀུག་ན་ཤྭ་བ་རྟེན་དུ་མཆོད་ཅིང་བཀུར་བཟོ་བྱེད་དགོས་པའི་བཀའ་མཆིད་བཞིན་ལྷ་སྲས་སྒམ་པོས་དུང་ཤ་ཤེལ་རུ་ཅན་གདན་དྲངས་པ་དང་། ལྷ་སྲས་སྒམ་པོ་དང་ཤྭ་བ་གཉིས་ཀྱིས་ཐོག་མར་དུས་དེར་བགྲོ་བ་མང་པོ་མཛད་ཀྱང་། དེའི་ཁྲོད་དུ་ཤྭ་བས་མི་ཡུལ་ལ་དགེ་ལེགས་འཕེལ་ཐུབ་པ་སོགས་ཤྭ་བའི་ཁྱད་ཆོས་དང་རྣམ་པ་སོགས་གླེང་ཡོད། ཤྭ་བས་ཀྱང་མི་ཡུལ་དུ་ཕེབས་དགོས་པར་ཆ་རྐྱེན་བཏོན་པ་ལྟར་ཡབ་བླ་བདལ་དྲུག་གིས་ཀྱང་དེ་བཞིན་དུ་དུང་ཤ་ཤེལ་རུ་ལ་བཀུར་བསྟི་བྱས་པ་འགུལ་དུ་གསེར་དང་གཡུ་ཡིས་བརྒྱན། མགོ་ལ་དར་དང་ཟབ་ཀྱིས་བརྒྱན། ལུས་ལ་མཚལ་དང་རམ་གྱིས་བརྒྱན། ལྷ་དང་གསས་ཀྱི་རྟེན་དུ་འཛུགས། ཕྱྭ་དང་གཡང་གི་གཞི་རུ་འདིངས[12]ཞེས་བཀོད་པར་གཞིགས་ན་ཤྭ་བ་ཕྱ་གཡང་གི་གཞི་ལ་བཅོལ་ཏེ། གང་ལ་ཤ་བ་ཡོད་ན་ཡུལ་དེར་བཀྲ་ཤིས་པའི་འདུ་ཤེས་བཟུང་ནས་བཀུར་བསྟི་བྱེད་བཞིན་པ་ཤེས་ཐུབ། དེས་ན་བོད་དུ་རི་དྭགས་མང་དུ་གནས་ཡོད་ཀྱང་། དེ་ལས་བྲག་རིས་ལ་འབྲོང་དང་། ཤྭ་བ་སོགས་ཁ་ཤས་ལས་བརྐོས་མེད་པ་ནི་ལྟོས་དབང་ཙམ་མིན་པ་དང་། སྒོས་སུ་ཤྭ་བ་ངེས་པར་དུ་བྲག་ལ་བརྐོས་པའི་དགོས་དབང་ནི། དེར་བྲག་ལ་ཤ་བ་གནས་པ་དེ། ཤ་བ་བྲག་དང་བྲལ་ན་འཕྱི(འཆི)[13]ཞེས་གསུངས་པས་བོད་ཀྱི་བྲག་རིས་སུ་ཤྭ་བ་མང་དུ་བྱུང་བ་འདི་དང་འབྲེལ་བ་ཟབ་མོ་མེད་དམ་སྙམ།
       དེ་བཞིན་དུ་ཤྭ་བ་རྟེན་དུ་བཙུགས་ནས་གཡང་འགུག་པ་ནི། པདྨ་བཀའ་ཐང་དུའང་འཇིག་རྟེན་འཕྲལ་རྐྱེན་བཟློག་པ་ཙམ་གྱི་བོནཿ ཤ་བ་ཤིང་མགོ་རྭ་རྒྱས་བྱེད་པ་དངཿ གཡག་ལུག་ཟན་ལ་གཟུགས་བརྙན་བྱེད་དུ་བཅུགཿ ལྷ་གཡང་སྐོར་གསུམ་མིན་པ་ཐམས་ཅད་བསྣུབསཿ[14]ཞེས་པ་གསུངས་པ་ལས་ཤེས་ཐུབ་པ་དང་། དེ་མིན་གནའ་བོའི་བོད་ཀྱི་འཚོ་བའི་ཁྲོད་དུ་ཕྱྭ་རྫས་གཡང་རྫས་ཐམས་ཅད་ཀྱང་ཤྭ་བའི་སྤྲུལ་པ་ཡིན་པར་བསམ་ཞིང་། ཤྭ་བའི་པགས་པ་དང་པགས་པའི་ཐིག་ལེ། ཤྭ་བའི་དོན་ལྔ་སྣོད་དྲུག་དང་ཤྭ་བའི་ཡན་ལག་སོགས་གང་ཡང་བོད་ཀྱི་འཇིག་རྟེན་འདིའི་ཕྱ་གཡང་གི་རྟེན་དུ་ཡོད་པའི་འདུ་ཤེས་བཟུང་ཡོད། ཡོངས་གྲགས་སུ་མདའ་ཡིས་སྐྱེས་པ་ཕོ་མཚོན་པ་དང་འཕང་གིས་སྐྱེས་མ་མོ་མཚོན་པ་དེའང་ཤྭ་བའི་སྲོག་རྩ་ལས་མདའ་བྱུང་ཞིང་། ཐུགས་ལས་འཕང་གྲོལ་བར་འཁོད་ཡོད། ཡང་དེ་དང་འདྲ་བ་ཏུན་ཧོང་ཡིག་རྙིངP.T.1047དུ། ཤ:བ:མྱི:སོད:ཕའི:ངོ།། གཉན:ཀླུ: མྱི:སྡིག:ཐབ། ལྷ:མྱི:འཕང། ཞེས་དང་ ཤ:བ: འདྲོགས:ཕའི:ངོ།། པྱི:དལད:ཆུང། །[15]ཞེས་ཤྭ་བ་མི་གསོད་ཅིང་ཤྭ་བ་འདྲོགས་མི་སློང་བ་ནི་གཉན་ཀླུ་མི་འཁྲུགས་ཤིང་། ལྷ་མི་ཕོངས་པ། སོས་འཕེལ་བའི་ཆེད་ཡིན་པ་གསལ་བས། ཤྭ་བ་ནི་བོད་ཀྱི་འཚོ་བའི་ཤ་གསེང་རུས་གསེང་ལ་འཐིམས་པའི་བསམ་བློའི་འཁྱེར་སོ་དང་འདུ་ཤེས་འཛིན་སྟངས་སོགས་ལ་ཤུགས་རྐྱེན་ཐེབས་ཡོད་པ་ར་སྤྲོད་ཐུབ་པས། བྲག་རིས་ཤྭ་བའང་དེ་དང་དེ་ལས་མ་འདས་སོ། །
       གཉིས། ཤྭ་བ་མདོས་དང་འབྲེལ་ཏེ་བླ་འགུག་པའི་ཆོ་ག་དང་འཇུག་ཚུལ་ནི། རྣེལ་དྲི་འདུལ་བའི་ཐབས་སུ་གཏམ་རྒྱུད་ལ་གཞིགས་ན། གཡའི་སྲིན་པོ་ཚུབ་མ་དང་གངས་སྲིན་ཕྱར་བ་གཉིས་ཤྭ་བ་རྭ་བརྒྱད་ཞིག་ཏུ་སྤྲུལ་ནས་ལྷ་ལྕམ་ཕྱེ་མ་ལམ་ཤྭ་བའི་རྭའི་གོང་དུ་བླངས་ནས་བཀྲོངས་པ་དང་། དེ་ལ་བརྟེན་ནས་ཤྭ་བའི་རྭ་རྟེན་དུ་བཙུགས་ནས་བླ་བཀུགས་ཤིང་རྣེལ་དྲི་བཏུལ་བ་རེད་ཅེས་གསལ། དེ་ནི་ཤྭ་བ་བླའི་རྟེན་དུ་བཙུགས་ཏེ་བླ་གནས་ཤྭ་རྭ་ན་ཡོད་པར་ངོས་བཟུང་བའི་ཐོག་མའི་གནས་སྟངས་ཡིན། གལ་སྲིད་བླ་ཕྱིར་འགུག་དགོས་ན་ཤྭ་བ་དང་མཉམ་དུ་གླུད་རྫས་མང་པོ་གཏོང་སྲོལ་ཡོད་དེ། དགའ་ཐང་འབུམ་པ་ཆེའི་ཡིག་རྙིང་དུ། ངའ་དང་འཛིན་བར་བྱེད་པའ་། །གདོ(གཏོ)ཁྱོད་ཡིན་བས་། །གདོ(གཏོ)ཕོ་མོ་ངའ་ཡི་འཕྱིར་འདོང་རྒོས་སོ་གསུང་། །[16]ཞེས་པ་དང་། དེ་བཞིན་དུ་ཤྭ་བ་གླུད་རྫས་དང་མཉམ་དུ་བླ་འགུག་པར་གཏོང་སྐབས་ཤྭ་བའི་དྲིན་མི་བརྗེད་ཆེད་ཕྱིས་སུ་ཤྭ་བ་ལ་གནོད་མི་བྱེད་པར་དམ་བཅས་པའི་སྐོར་ལ། ཤ་རུ་ཤུལ་སྟོན་གྱི་རབས་སུ་དེ་ཕྱི་སླན་ཆད་དུ་ཤ་བའ་ཁྱོབ་ལ་ཀྱི(ཁྱི)མི་བཏང་ངོ། །ཤ་བ་ཁྱོད་ལ་མདའ་མི་འཕེན་ནོ། །ཉམ་ཐག་རྫིས་མི་བསྐྱོད་དོ། །གཞའ་གདན་ཡུན་དུ་གཤགས་ཤིག །[17]ཅེས་བཀོད་ཡོད། གཏམ་རྒྱུད་འདིས་ཀྱང་ང་ཚོས་ཤྭ་བར་བཟུང་བའི་ལྟ་སྟངས་དེ་སྤྱིར་བཏང་གི་རི་དྭགས་ཤིག་ལ་བལྟས་མེད་པར། ལྷ་ནང་བཞིན་མཆོད་ཅིང་ནམ་ཡང་གནོད་འཚེ་མི་གཏོང་བར་དམ་བཅས་པ་སོགས་གསལ་བས་ན་བྲག་རིས་ཤྭ་བ་དེའང་རྟེན་དུ་བཙུགས་པའི་རྣམ་པ་ཞིག་ཡིན་ངེས་པར་སྣང་། གཞན་ཡང་ཏུན་ཧོང་བོད་ཀྱི་ཡིག་རྙིངP.T.1285ཐང་ང་བརླ་མའི་རབས་སུ། རེ་ཤིག་རེ་ཤིག་ན་ཐང་བ་གཡུ་ཐང་བྱང་འབྲོག་སྣམ་སྟོད་དུ། ཤ་ཤོར་འབྲོང་འགོར་བཞུད། ཤ་བཤོར་ཤ་མ་ཁུམས། དགོ་བྲིམས་དགོ་མ་ཁུམས། ཁ་བབ་བྱང་འཐུལ་ནས། དབྱམ་བུ་མཐའ་བསྲེགས་ནས། ཐུམ་ཐུམ་བརྣལ་གྱིས་ལོག་ཅིང་བཞུགས། །ཚོར་བརླ་མ་ཐུགས་ཀྱིས་ཚོར། ཐང་ཐང་བརླ་མ་ཞིག ཐུགས་སྙུང་འབྲང་གམ་ནས།[18]ཞེས་ཤ་རྔོན་དུ་སོང་མོད། རྟེན་འབྲེལ་མ་ལེགས་པར་བླ་འཁྱར་བ་སོགས་ཀྱི་གཏམ་རྒྱུད་ལས་ཀྱང་ཤ་བ་བླ་དང་འབྲེལ་བའི་གཏམནི་སྔ་མོ་ནས་ཡོད་པ་ཤེས་ཐུབ།
       ཡང་མདོས་ནི་སྔ་མོའི་བོན་གྱི་སྲོལ་རྒྱུན་ཞིག་ཡིན་མོད། ཕྱིས་སུ་བོད་བརྒྱུད་ནང་བསྟན་དང་མཐུན་པར་རྒྱུན་འཛིན་བྱས་ཡོད་པ་ནི། སློབ་དཔོན་པདྨ་འབྱུང་གནས་མཛད་པར་གྲགས་པའི་མི་ཕྱུགས་གླུད་རབས་སུ་ཤ་ཡི་གླུད་འདི་ས་ལ་གཏོར་ཞེས་དང་། ཡང་ཁོང་གིས་མཛད་པའི་འཆི་རྟག་བླ་བསླུ་ཞེས་པར་ཤ་ཡི་གླུད་གཅིག་ཁྱོད་ལ་འབུལ། བླ་ཡི་བདུད་དུ་མ་འབེབས་ཤིག ཅེས་གླེགས་བམ་གཉིས་སུ་འཁོད་ཡོད་པ་དང་། དེ་མཚུངས་སུ་དུས་རབས་བཅུ་བདུན་པའི་ནང་ལ་མདོས་གཏོང་བ་རྒྱུད་འཛིན་བྱས་ཡོད་པ་ནི། རྒྱལ་དབང་ལྔ་པའི་རང་རྣམ་དུ་ཀཱུ་ལའི་གོས་བཟང་དུའང(༡༦༧༡ལོའི)ཟླ་བ་བཞི་པའི་འགོར་ཞང་སྟོན་སྐུ་མདུན་ལྷུན་གྲུབ[19]ཀྱིས་བོན་མཁའ་གློང་གི་མདོས་ཆེན་རིམ་གྲོ་གཏང་ཞིང་ལོ་སྔ་མ་ཚོར་ཡང་ཞང་ཞུང་ལུགས་ཀྱི་མོ་རྩིས་དང་དེར་བབས་པའི་བཅོས་རིམ་མང་དུ་མཛད་ཅེས་གསུངས་ཡོད། དེ་དང་ར་འཕྲོད་པ་ཞིག་ལ་པོ་ཏ་ལའི་ལྡེབས་རིས་ཁྲོད་དུའང་གྲྭ་ཚང་འཚོགས་ཏེ་མདོས་གཏོང་བ་བཞེངས་ཡོད་པས་ཕྱིས་སུ་དར་ཁྱབ་ཆེ་བ་ཤེས་ཐུབ།(པར་རིས།༡-༣)
པར་རིས༡དང༢ ཏ་ལའི་སྲིད་ཞུ་ཕུན་ཚོགས་ཀྱི་ལྡེབས་རིས།
པར་རིས༣ ༼གྲྭ་ཚང་པས་འཆར་ཀའི་མདོས་རྒྱས་པར་གནང་བ༽ཞེས་གསལ།
       གསུམ། ཡང་ཁུངས་སྣེ་གཞན་ཞིག་རྙེད་པ་ནི་ལུག་ལ་ནམ་རྒྱུན་ང་ཚོས་གཡང་དཀར་ལུག་ཅེས་འབོད་པའི་གཡང་གི་ཐ་སྙད་ཀྱི་འབྱུང་ཁུངས་ལའང་རྒྱུ་མཚན་ཡོད་དེ། ད་ནི་ཤ་བ་ལུག་ལ་སྤོས། ཤ་བ་རང་གི་ཡུལ་དུ་སྐྱོད། ལྔ་བརྒྱ་དུས་ཀྱི་ཐ་མ་ལ། ལུག་ལ་རྟེན་འཛུགས་དེ་ནས་བྱུང་ཞེས་པར་གཞིགས་ན་ཤྭ་བ་དང་ལུག་གཉིས་ཀྱི་ངོ་བོ་འདྲ་ལ། བོད་ཀྱི་བྲག་བརྐོས་རི་མོའི་ཁྲོད་དུ་ལུག་གི་གཟུགས་རིས་ཤིན་ཏུ་ཉུང་བའང་ཤྭ་བ་དང་མཚོན་བྱ་གཅིག་ཡིན་པས་རྒྱུ་མཚན་མིན་ནམ་སྙམ། ཤི་བའི་བླ་འགུགས་པ་དང་བླ་ལ་ལམ་སྟོན་བྱེད་ན་ངེས་པར་དུ་ཤི་བོའི་ཚབ་མར་ཤྭ་བ་འཇུག་དགོས་ཀྱང་། ཤྭ་བ་ནི་གཡང་གི་རྟེན་གཞི་ཡིན་པས་དེ་བསད་ན་སྣོད་བཅུད་ཕོངས་པར་འགྱུར་བས། ཤྭ་བ་ལུག་ལ་སྤོས་ཤིང་དེས་ཤི་བོའི་བླ་ཁུགས་འོང་བའི་འདུ་ཤེས་བཟུང་ཡོད། ཡང་བོད་ཀྱི་བྲག་རིས་ཁྲོད་ཤྭ་བ་ལས་ཡུ་མོ་ཧ་ཅང་ཉུང་བ་ནི་རྭའི་བྱེད་ནུས་ཀྱི་དགོས་དབང་ཡིན་ལ། སྒྲུང་ལྡེའུ་བོན་གསུམ་གྱི་གཏམ་ཨེ་མ་ཧོ་ཞེས་བྱ་བ་ཞེས་པར་རྭའི་སྐྱེས་རྩལ་གཞན་ལས་འཕགས་པ་ནི། །ཤ་བའི་ཤེས་རྩལ་གཞན་ལས་འཕགས་པའི་རྟགས། །ཞེས་གསུངས་ཡོད་པ་དང་། རྭའི་ནུས་པ་དང་མཚོན་དོན་མི་གཅིག་པས་རུ་ལག་གི་ཁ་གྲངས་ཀྱང་ལྔ་དང་བརྒྱད། བཅུ་བཅས་རྣམ་གྲངས་སོ་སོར་སྣང་སྟེ། རུ་ལག་ལྔ་ནི་གསས་རྗེ་རིགས་ལྔའི་མཚོན་དོན་དུ་འབོད་པ་དང་། གྲངས་བཅུའི་སོ་སོའི་མཚོན་དོན་ནི་རྭ་ཅོ་གཅིག་ལས་ཡལ་ག་བཅུ་རུ་སྐྱེས་པ་ནི། །གཅིག་པ་སྐུ་ཡི་གླུད། །གཉིས་པ་གསུང་གི་གླུད། །གསུམ་པ་ཐུགས་ཀྱི་གླུད། །བཞི་པ་སྐྱེ་བ་རྣམ་བཞིའི་གླུད། །ལྔ་པ་ཕུང་པོ་ལྔའི་གླུད། །དྲུག་པ་འགྲོ་བ་རིགས་དྲུག་གི་གླུད། །བདུན་པ་སྐྱེ་ཆེན་བདུན་གྱི་གླུད། །བརྒྱད་པ་རྣམ་ཤེས་ཚོགས་བརྒྱད་གླུད། །དགུ་པ་ཀུན་གཞི་གཞིའི་གླུད། །བཅུ་པ་རྒྱུ་སྦྱོར་ཡོན་བདག་གླུད། །ཅེས་མཁས་དབང་ནམ་མཁའི་ནོར་བུའི་གསུང་འབུམ་ན་གསལ་པོར་གསུངས་ཡོད།
གསུམ་པ། བྲག་རིས་ཤྭ་བའི་ཁྱད་ཆོས།
       བོད་ཀྱི་བྲག་བརྐོས་ཤྭ་བ་ལས་ཚོས་མདོག་ཅན་ནི་བྱང་གནམ་མཚོས་མཚོན་པའི་བཙག་རིས་ཀྱིས་བྲིས་པ་འགའ་སྣང་མོད། སྤྱིའི་ཆ་ནས་ཁ་དོག་ལ་དེ་ཙམ་འགྱུར་བ་མེད་ཅིང་དང་དོད་ཆེན་པོ་བྱུང་མེད་ཅིང་། སྐྱ་བྲིས་དང་བརྐོས་བཀྲོལ་རྐྱང་རྐྱང་གི་རྣམ་པར་ངེས་ཡོད། བྲག་རིས་བརྐོས་པའི་རྗེས་ཤུལ་གྱི་རྣམ་པ་དང་རི་མོ་བཟོ་ཐབས་སོགས་ལ་སྣ་མང་རང་བཞིན་ལྡན་ཞིང་། སྒོས་སུ་བྲག་རིས་ཤྭ་བ་བྱུང་ཚུལ་དང་ཁྱབ་ཚུལ་གང་གི་ཆ་ནས་ཀྱང་གྲངས་ཀ་མང་ཤོས་དང་གཞི་རྒྱ་ཆེ་ཤོས་སྐོར་ཡིན་པས། བྲག་རིས་ཤྭ་བའི་བརྐོས་དཀྲོལ་ལ་ཡང་གཅིག་གྱུར་དང་གཏན་ཆགས་སུ་གྲུབ་མེད། ཡིན་ནའང་། བོད་ཀྱི་ནུབ་ཕྱོགས་ས་ཁུལ་ནས་བྱུང་བའི་བྲག་རིས་ཤྭ་བ་ལ་མཛེས་ཉམས་ཆེ་ཞིང་། བརྐོས་རིས་ཀྱི་ཐིག་གི་འགྲོ་སྟངས་ཀྱང་རྒྱུན་མཉམ་ལ། ལུས་ཚུགས་ཡག་ཅིང་བདེ་རྩལ་འཁྱུག་པ། རུ་ལག་འཚུབ་ཅིང་རྒྱས་པ། མགོ་བོ་དགྱེ་ཞིང་སྐེ་དཀྱོགས་ནས་ལྟ་བ། སྒོར་ཞིང་གསལ་བའི་མིག མངོན་གསལ་དོད་པོའི་མཆུ། འགུལ་ཉམས་དང་ཞིབ་ཚགས་ཀྱིས་ཕྱུག་པའི་སུག་བཞི་དང་རྨིག་པ། ལུས་ལ་དཀྱོགས་ཐིག་གིས་མཛེས་ཆ་བཅས་སྤྲས་ཡོད། རིམ་བཞིན་བོད་ཀྱི་ཤར་ཕྱོགས་དང་ལྷོ་ཕྱོགས། དེ་མིན་ཡུལ་ཁོངས་གཞན་དུ་སྟབས་བདེ་རང་བཞིན་གྱི་གྲིབ་རིས་རྣམ་པ་དང་ཞིབ་ཚགས་དེ་ཙམ་ཐོན་མེད་པའི་ཐིག་དཀྲོད་རི་མོ་རྐྱང་པར་ལུས་ཡོད། ཁྱབ་ཡུལ་གྱི་ཆ་ནས་བོད་རང་སྐྱོང་ལྗོངས་སུ་མངའ་རིས་དང་གཞིས་ཀ་རྩེ། ལྷ་སའི་བྱང་ཕྱོགས་སུ་ཁྱབ་སྟེ། ཤར་ནུབ་གཉིས་ནས་རིང་ཞིང་ལྷོ་བྱང་གཉིས་སུ་རིམ་བཞིན་ཇེ་དོག་ཏུ་སོང་བའི་ཁྱབ་ཡུལ་ཞིག་གྲུབ་ཡོད། མཚོ་སྔོན་དུ་ཡུལ་ཤུལ་གྱི་ནུབ་བྱང་ལས་ཕལ་ཆེར་མཚོ་སྔོན་པོའི་འདབས་འབྲེལ་མཚོ་ནུབ་དང་མཚོ་ལྷོའི་ནུབ་རྒྱུད་ས་ཁུལ་དུ་ཁྱབ་པ་མང་། སྒོས་སུ་བྲག་རིས་ཤྭ་བ་མང་ཤོས་ནི་མཚོ་དང་མཚོའུ་འགྲམ་དུ་ཁྱབ་ཡོད་དེ། དཔེར་ན། བྱང་གནམ་མཚོ་དང་། མ་ཕམ་གཡུ་མཚོ། དྭངས་ར་གཡུ་མཚོ། མཚོ་སྔོན་པོ་སོགས་ཀྱི་ཉེ་འཁོར་དུ་གསར་རྙེད་བྱུང་བ་མང་།
       བོན་གྱི་མདོས་ཆོག་ཁྲོད་དུ་ཤྭ་བའི་རུ་ལག་རྒྱས་ཚུལ་བཀོད་ཡོད་པ་ནི་ཤ་ཆུ་རུ་བརྒྱད་པ་ཅིག་དུ་བརྫུས་ནས། ཞེས་ཤྭ་བོ་རྭ་བརྒྱད་ཀྱི་རྣམ་པར་ཞིབ་བརྗོད་བྱས་ཡོད། ཡང་སྲིད་པ་ཡབ་བླ་བདལ་དྲུག་གི་ཕྱྭ་གཞུང་ཆེན་མོ་རུ། ཤྭ་བ་དེའི་ཁོག་སྟོད་དཀར་པོ་དུང་ལ་བྱས། སྐེད་པ་སེར་པོ་གསེར་ལ་བྱས། ཁོག་སྨད་སྨུག་པོ་མཆོང་ལ་བྱས། རྭ་གཉིས་དཀར་པོ་ཤེལ་ལ་བྱས། ལྕེ་ལེ་བར་ནང་གློག་ལ་བྱས། མིག་གཉིས་ཁྲ་མོ་གཟི་ལ་བྱས། རྨིག་བཞི་ནག་པོ་ལྕགས་ལ་བྱས། ཞེས་ཤྭ་བའི་རྣམ་པ་ཞིབ་བརྗོད་བྱས་ཡོད། དེ་བཞིན་དུ་ཤ་བ་རུ་རྒྱས་ཀྱི་མདོས་ལས། ཤ་བའི་གཟུགས་ལུག་ཐོང་ཙིར་ཙམ་ཞིག་ལེགས་པར་བཅོས། ཚོན་གྱིས་ཁ་དོག་བསྒྱུར་བ་ནི། གཞོགས་གཡས་སྟོད་དཀར་པོ། སྨད་དམར་པོ་བྱ། གཞོགས་གཡོན་སྟོད་སྔོན་པོ་སྨད་སེར་པོ། མཇུག་མ་ནག་པོ། འཕོང་དཀར་པོ། སྒབ་སེར་པོ་བྱ། རྭ་གཡས་ཕོ་ཤིང་། གཡོན་མོ་ཤིང་། བྱ་ངན་སྣ་ཚོགས་སྒྲོ་སྤུ་བཙུགས་ལ། ཞེས་ཤྭ་བའི་མདོས་ཆོག་གི་སྟ་གོན་སྐབས་ཀྱི་ཤྭ་བའི་ཆེ་ཆུང་དང་ཚོས་གཞི་སོགས་གསུངས་ཡོད། ཡང་བསྒྲུབ་བྱའི་ཆོ་ག་མི་འདྲ་བར་ཤྭ་བའི་ཁ་དོག་ཀྱང་སྣ་ཚོགས་སུ་སྲིད་པ་ནི། རྨུ་ཤ་སྨུག་པོ། བཙན་ཤ་དམར་པོ། རྒྱལ་ཤ་དཀར་པོ། ལྷ་ཤ་དཀར་པོ། སོགས་སུ་སྣང་ལ། གླུད་དུ་ཤ་བ་འབུད་བ་ནི། རྭ་ཅོ་གཅིག་ལས་ཡལ་ག་བཅུ་རུ་སྐྱེས་པ་ཅིའི་དོན།ཞེས་དང་། རྭའི་སྐྱེ་རྩལ་གཞན་ལས་འཕགས་པ་ཅིའི་དོན། །རི་མོ་ཁྲོ་བོར་འདུག་པ་ཅིའི་དོན། །ཞེས་པ་ལས་ཤྭ་རྭའི་སྐྱེས་ཚད་མགྱོགས་པ་དང་ཡལ་ག་བཅུ་སྐྱེས་ཡོད་པ། ཁ་དོག་ཁྲ་བོ་ཡིན་པ་སོགས་ལ་གཞིགས་ན་ཤྭ་བའི་ཁ་དོག་དང་རྣམ་པ། རུ་ལག་སོགས་གཅིག་ཏུ་མ་ངེས་ཤིང་ཆོ་ག་སོ་སོའི་དགོས་མཁོ་ལྟར་སྣ་མང་ཡོད་པ་གསལ་པོ་ཡིན། 
       དོན་དུ་ཡིག་ཚང་དུ་བཀོད་པ་ནང་བཞིན་བྲག་རིས་ཤྭ་བའི་རྭ་ཅོའི་ཞིབ་འབྲི་ལའང་དོ་སྣང་ཆེན་པོ་བྱས་ཡོད་དེ། རུ་ལག་བཅུ་ཅན་ནི་ཁམས་ཡུལ་ཤུལ་འབྲི་ཆུའི་རྒྱུད་ཀྱི་བྲག་རིས་ཤྭ་བ་དང་།(པར་རིས༤) མངའ་རིས་རི་མོ་གདོང་དང་རི་ཐོག་རྡོ་དམར་གྱི་བྲག་རིས་ཤྭ་བ་ལ་རུ་ལག་བརྒྱད་ཅན་བྲིས་ཡོད།(པར་རིས༥) དེ་བཞིན་དུ་ཡུལ་ཤུལ་ཕུར་ཁ་གོང་བྲག་རིས་དང་བྱང་གནམ་མཚོའི་བྲག་རིས་ཁྲོད་དུ་རུ་ལག་ལྔ་ཅན་དང་གཉིས་ཅན་བྲིས་ཡོད་པ་མ་ཟད།(པར་རིས༦) རྭ་ཅོའི་དབྱིབས་གཟུགས་ཀྱང་སྣ་ཚོགས་སུ་བཀོད་ཡོད་དེ། ལ་ལ་གཞོགས་གཉིས་སུ་བརྐྱངས་པའི་རུ་ལག་ཅན་དང་། ལ་ལ་ཐད་ཀར་གྱེན་དུ་བསླངས་ཏེ་རུ་ལག་གིས་བརྒྱན་ཡོད། ཡང་ལ་ལ་དྲང་མོར་མདུན་དུ་བསྲིངས་ཤིང་། ཁ་ཤས་ཀྱི་རུ་ལག་མགོ་ནས་རྒྱབ་ལ་བསྲིངས་པ་སོགས་རྣམ་པ་མང་པོར་བྲིས་ཡོད། བྲག་རིས་ལ་ལར་རྭ་ཅོ་ལ་གཞིར་བཅོལ་ཏེ་ཤྭ་བར་ངོས་འཛིན་དགོས་པས་རུ་ལག་གི་ཞིབ་འབྲི་ནི་ཧ་ཅང་གལ་ཆེན་དུ་བརྩིས་ཡོད་པ་ཤེས་ཐུབ། བྲག་རིས་ཁྲོད་ཀྱི་ཤྭ་བ་དེ་འཕུར་ལ་ཁད་དང་ལྡིང་ལ་རྩེན་པ་ནི་མུ་ཡེ་པྲ་ཕུད་ཕྱའི་མཐར་ཐུག་བཞུགས་སོ་རུ་ལྷ་སྲས་སྒམ་པོ་དུང་ཤ་ཤེལ་རྭ་ཅན་འཛིན་གྲབས་སྐབས་ཤྭ་བ་འབྲོས་གྲབས་སྐབས་ཀྱི་རྣམ་པ་དང་འདྲ་ས་འདུག་ལ། སྒོས་སུ་རུ་ཐོག་གི་བྲག་རིས་ཤྭ་བ་དེ་སྟོད་སྨད་བར་གསུམ་དུ་བགོས་ཡོད་པ་འདིའང་གོང་གི་ཁ་དོག་དུ་མ་སྣང་བའི་མདོས་ཆོག་གི་ཞིབ་བརྗོད་དེ་དང་མཐུན་ཤོས་ཆེ། གཞན་བྲག་རིས་ཁྲོད་དུ་མིའི་གཟུགས་རིས་དང་ཤྭ་བ་གཉིས་མཉམ་དུ་བྱུང་བ་དེ་ནི་རྔོན་ལས་དང་འབྲེལ་བ་ཡོད་པར་བཤད་མོད། ཕྱྭ་གཡང་གི་རྟེན་དུ་ཤྭ་བ་གདན་དྲངས་དུས་ཀྱི་གཏམ་རྒྱུད་སྐབས་ཤྭ་བ་ཞགས་པས་བཟུང་བ་ཡིན་པས་བྲག་རིས་དང་ར་འཕྲོད་པར་སྣང་། གང་ལྟར་བྲག་རིས་ཤྭ་བ་དང་ཡིག་ཚང་ཁྲོད་ཀྱི་ཤྭ་བ་གང་ཡིན་རུང་ཤྭ་བའི་རུ་ལག་གི་འགྱུར་བ་དང་དབྱིབས་གཟུགས། རྣམ་པ་སོགས་ལ་དོ་སྣང་བླ་ལྷག་བྱས་ཡོད་པས་བོད་ཀྱི་བྲག་ལ་བརྐོས་པའི་ཤྭ་བ་དང་བོན་གཞུང་གི་ཆོ་གའི་ཁྲོད་ཞིབ་བརྗོད་བྱས་པ་གཉིས་ལ་འབྲེལ་བ་ངེས་ཅན་ཡོད་པར་ངེས་ཤེས་འདྲོངས་ཐུབ།
       མདོར་ན་བོད་ཀྱི་ཡུལ་འདིར་གང་ལ་བྲག་རིས་ཡོད་ན་དེ་ལ་ཤྭ་བའི་གཟུགས་རིས་མཐོང་ཐུབ་པ་མ་ཟད། དེས་སྡུར་ཚད་ཀྱི་མང་ཤོས་ཟིན་ཐུབ་པས་འདི་ནི་གང་བྱུང་དུ་བྲིས་པ་ཞིག་མ་ཡིན་པར། དེའང་བོན་གྱི་ཆོ་ག་ཕྱྭ་འགུག་གཡང་འགུག་དང་བླ་བསླུ་ཚེ་འགུག་གཉིས་ལ་འབྲེལ་བ་ཡོད་པ་གོང་གི་ལུང་ཚིག་གིས་སྒྲུབ་ཐུབ་པ་མ་ཟད། ད་ལྟའི་ཆ་ལའང་བླ་འགུག་པའི་ཆོ་གའི་ཁྲོད་དུ་མིའི་གཟུགས་ལ་ཤྭ་བའི་མགོ་སྦྱར་ནས་བཟོ་བའི་སྐོར་རྒན་མཁར་རྨེའུ་བསམ་གཏན་ལགས་ནས་མདའ་དང་འཕང་དུ་གསུངས་ཡོད། བོད་ཀྱི་གནའ་བོའི་སྤྱི་ཚོགས་ཁྲོད་དུ་ཤྭ་བའི་གོ་གནས་ནི་ཧ་ཅང་མཐོ་བ་བླ་ཡིད་སེམས་གསུམ་ཁྲོད་ཀྱི་བླའི་གོ་གནས་དང་འདྲ་མཚུངས་སུ་སྣང་བས། ཤྭ་བ་ལ་གནོད་ཅིང་འཚེ་བ་བཏང་ན་བླ་འཁྱམས་འགྲོ་བའི་འདུ་ཤེས་ཡོད་པ་དང་། བྲག་བརྐོས་ཤྭ་བའི་རུ་ལག་དེ་དབྱིབས་གཟུགས་སྣ་ཚོགས་སུ་བཀོད་དེ་མཛེས་ཉམས་བཏོད་པ་དེ་ནི་ཆོ་གའི་ཁྲོད་དུ་ཤྭ་རུ་རྟེན་གཞིར་འཛུགས་སྲོལ་ཡོད་པས་ཡིན་ལ། ད་ལྟའང་བོན་གྱི་མདོས་ཆོག་སྐབས་ཤྭ་བའི་གཟུགས་རིས་བཟོས་ཏེ་གླུད་གཏོང་བ་རྒྱ་ཁྱབ་ཏུ་དར་ཡོད་པ་མ་ཟད། ནང་པའི་བསྟན་པ་བོད་ལ་དར་བ་ནས་བཟུང་མདོས་ཀྱི་སྐོར་རྒྱུད་འཛིན་བྱས་ཡོད་པའང་ང་ཚོས་ཤེས་ཐུབ། གཞན་ཤྭ་བའི་ལུས་རྟེན་གྱི་ཡོད་ཚད་བོད་ཀྱི་འཚོ་བའི་ཁྲོད་ཀྱི་ཕྱྭ་གཡང་དང་འབྲེལ་བ་ཡོད་པས། དེ་དྲིན་ཆེ་ཞིང་དྲིན་གཟོ་བའི་ཕྱིར་ཕྱིས་སུ་ཤྭ་བའི་རྗེས་སུ་ཁྱི་མི་གཏོང་བ་དང་མདའ་མི་འཕེན་པ། མྱ་ངན་གྱི་ཟས་མི་སྟེར་བ་སོགས་ཀྱི་གོམས་སྲོལ་བྱུང་ཞིང་། རྗེས་ཀྱི་བོད་ཀྱི་འཚོ་བའི་ཁྲོད་དུ་ལུག་ལ་གཡང་དཀར་ཅེས་པའི་འབོད་པའི་རྒྱུ་མཚན་ཡང་ཤྭ་བ་དང་འབྲེལ་བ་དམ་ཟབ་ཡོད་པས། ཤྭ་བ་ལས་བསྐྱེད་པའི་རིག་གནས་དེ་བོད་ཀྱི་འཚོ་བའི་ཤ་གསེང་རུས་གསེང་དུ་འཐིམས་ཡོད།

མཆན་འགྲེལ།
[1] གཅན་བཀྲ་བྷོ། བོད་ཀྱི་གནའ་བོའི་བྲག་བརྐོས་རི་མོ་ལས་སྲོག་ཆགས་འགའི་རིག་གནས་བསྟན་དོན་ལ་དཔྱད་པ། [J]  ཀྲུང་གོའི་བོད་རིག་པ། ༢༠༡༤(༣)
[2] ཁ་སྒང་བཀྲ་ཤིས་ཚེ་རིང་། ཚིག་མཛོད། (བཙན་པོའི་དུས་ཀྱི་ཡིག་རྙིང་གི་སྐོར།) [M] པེ་ཅིན། མི་རིགས་དཔེ་སྐྲུན་ཁང་། ༢༠༡༩ལོའི་པར་ཐེངས་དང་པོ། ཤོག་ངོས༤༤༡ནང་གསལ།
[3] དབའ་གསལ་སྣང་། དབའ་བཞེད་བཞུགས་སོ། [[M] ལྷ་ས། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ༢༠༡༢ལོའི་པར་ཐེངས་དང་པོ། ཤོག་ངོས༡༨༢ནང་གསལ།
[4] གྱི་ལུང་ཐུག་མཆོག་རྡོ་རྗེ་དང་གྱི་ལུང་བཀྲ་ཤིས་རྒྱ་མཚོ། བོད་མི་བུ་གདོང་དྲུག་གི་རུས་མཛོད་མེ་ཏོག་སྐྱེལ་ཚལ། [M]ཟི་ལིང་། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༡༩༩༤ལོའི་པར་ཐེངས་དང་པོ། ཤོག་ངོས༦ནང་གསལ།
[5] དཔའ་བོ་གཙུག་ལག་ཕྲེང་བ། ཆོས་འབྱུང་མཁས་པའི་དགའ་སྟོན། [M]པེ་ཅིན། མི་རིགས་དཔེ་སྐྲུན་ཁང་། ༢༠༡༥ལོའི་པར་ཐེངས་དང་པོ། ཤོག་ངོས༨༩ནང་གསལ།
[6] བོན་གྱི་ལོ་རྒྱུས་ཡིག་ཆ་ཕྱོགས་བསྒྲིགས། [G] ལྷ་ས། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ༢༠༡༣ལོའི་པར་ཐེངས་དང་པོ། ཤོག་ངོས༢༦༩དང༢༠༨ནང་གལས།
[7] ཞབས་དཀར་ཚོགས་དྲུག་རང་གྲོལ། ཞབས་དཀར་ཚོགས་དྲུག་རང་གྲོལ་གྱི་གསུང་འབུམ། པོད་ག་བ། [G] སྣ་རིང་། ཤོག་ངོས་༢༦དང༢༧ནང་གསལ།
[8] འཇམ་དབྱངས་ཉི་མ། ཡུལ་ཤུལ་གནའ་རབས་ཀྱི་བྲག་རིས་བརྟག་དཔྱད། [M] ཁྲིན་ཏུའུ།  སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༢༠༡༨ལོའི་པར་ཐེངས་དང་པོ། ཤོག་ངོས༢༦༠ནང་གསལ།
[9] གཡུ་ཐོག་ཡོན་ཏན་མགོན་པོ། བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ཅེས་བྱ་བ། [M]ལྷ་ས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༡༩༨༠ལོའི་པར་ཐེངས་དང་པོ། ཤོག་ངོས༧༣དང༧༤ནང་གསལ།
[10] ཁུ་བྱུག་སྔོན་མོའི་སྒྲ་དབྱངས། [M]ལྷ་ས། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ༢༠༡༧ལོའི་པར་ཐེངས་དང་པོ། ཤོག་ངོས༢༠ནང་གསལ།
[11] མཁར་རྨེའུ་བསམ་གཏན་རྒྱལ་མཚན། བདེ་ཁང་བསོད་ནམས་དཔལ་འབར་གྱིས་དབྱིན་ཡིག་ནས་བོད་ཡིག་ཏུ་བསྒྱུར། མདའ་དང་འཕང་། སྟོད་ཆ། [M] པེ་ཅིན། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༡༦ལོའི་པར་ཐེངས་དང་པོ། ཤོག་ངོས༡༣༩དང༡༦༣ནང་གལས།
[12] ཨུ་རྒྱན་གླིང་བས་བཏོན། པདྨ་བཀའ་ཐང་། [M] ཁྲིན་ཏུའུ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༢༠༠༦ལོའི་པར་ཐེངས་དང་པོ། ཤོག་ངོས༣༨༩ནང་གསལ།
[13] རིན་ཆེན་སྒྲོལ་མ། སྟོབས་ལྡན། ཁ་སྒང་བཀྲ་ཤིས་ཚེ་རིང་། ཧྥ་རན་སིར་ཉར་བའི་ཏུན་ཧོང་ཤོག་དྲིལ་ཡིག་རྙིང་གི་བཤུས་ཡིག་ཕྱོགས་བསྒྲིགས། [M] དེབ་བཅུ་པ། ལྷ་ས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༢༠༡༧ལོའི་པར་ཐེངས་དང་པོ། ཤོག་ངོས༡༤༤ནང་གསལ།
[14] དཔེ་སྒྲིག་པ། པ་ཚབ་པ་སངས་དབང་འདུས། གླང་རུ་ནོར་བུ་ཚེ་རིང་། གཏམ་ཤུལ་དགའ་ཐང་འབུམ་པ་ཆེ་ནས་གསར་དུ་རྙེད་པའི་བོན་གྱི་གནའ་དཔེ་བདམས་བསྒྲིགས། [G]ལྷ་ས། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ༢༠༠༧ལོའི་པར་ཐེངས་དང་པོ། ཤོག་ངོས༦༤ནང་གསལ།
[15] རིན་ཆེན་སྒྲོལ་མ། སྟོབས་ལྡན། ཏུན་ཧོང་ཡིག་རྙིང་ལས་སྒྲུང་རབས་ཕྱོགས་བསྒྲིགས། [M] ལྷ་ས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༢༠༡༦ལོའི་པར་ཐེངས་དང་པོ། ཤོག་ངོས༤༦-༤༧ནང་གསལ།
[16] མདོས་ཆོག་ཉེར་མཁོ་ཕྱོགས་བསྡུས་དགོས་འདོད་ཀུན་འབྱུང་། གླེགས་བམ་བའི་ལྡེབ་མ་གཉིས་པ། གླེགས་བམ་ཝ་ཡི་ལྡེབ་མ་བཞི་བ། [G] གློག་རྡུལ་པར་མ།
[17] ངག་དབང་བློ་བཟང་རྒྱ་མཚོས་མཛད། རྒྱལ་དབང་ལྔ་བ་ངག་དབང་བློ་བཟང་རྒྱ་མཚོའི་རང་རྣམ་དུ་ཀཱུ་ལའི་གོས་བཟང་། གླེགས་བམ་གཉིས་པ། [G] ལྷ་ས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༢༠༡༢:༡༧༧མཁར་རྨེའུ་བསམ་གཏན་རྒྱལ་མཚན། རྒྱལ་དབང་ལྔ་བ་མཆོག་གིས་གངས་ཅན་ལྗོངས་ཀྱི་བོན་གྱི་ལྷ་སྡེ་ལ་གཟིགས་ཕྱོགས་གནང་བའི་མཚམས་སྦྱོར། [J] དཔྱོད་ལྡན་མཆོག་པའི་མེ་ཏོག ༢༠༡༡(༨)
[18] ནམ་མཁའི་ནོར་བུ། ཆོས་རྒྱལ་ནམ་མཁའི་ནོར་བུའི་གསུང་འབུམ་བཞུགས་སོ། །པོད་གཉིས་པ། [G] ཟི་ལིང་། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༢༠༡༥ལོའི་པར་ཐེངས་དང་པོ། ༡༩༤ ༡༩༠ ༡༩༤
[19] ཞང་སྟོན་སྒར་བ་ལྷུན་གྲུབ་ནི་བོན་གྱི་བླ་མ་ཞིག་ཡིན་ཞིང་། སྐབས་ཁ་ཤས་སུ་ཁོང་ལ་ཞང་སྟོན་རི་ཁྲོད་པ་ཞེས་ཀྱང་འབོད། གང་ལྟར་རྒྱལ་དབང་ལྔ་པའི་སྐུ་བཅར་བླ་མ་ཆེ་ཁག་གི་གྲས་ལས་གཙིགས་ཆེན་དུ་བརྩི་བ་མ་ཟད། རྒྱལ་དབང་ལྔ་པའི་བསྟན་སྲིད་དང་བོད་ཀྱི་བདེ་དོན་ལ་དམིགས་ནས་སྐུ་རིམ་ལན་མང་སྒྲུབ་མྱོང་།

རྩོམ་པ་པོ།
ཟླ་བ་གཞོན་ནུ། ཕ་ཡུལ་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་ཁུལ་བྲག་དཀར་རྫོང་། བོད་ལྗོངས་སློབ་ཆེན་སྒྱུ་རྩལ་སློབ་གླིང༢༠༢༢ལོའི་འབུམ་རམས་ཞིབ་འཇུག་སློབ་མ། ཞིབ་འཇུག་གི་ཁ་ཕྱོགས་གཙོ་བོ་བོད་ཀྱི་རི་མོའི་ལོ་རྒྱུས་ཡིན། སྔ་རྗེས་སུ་བོད་ལྗོངས་སྒྱུ་རྩལ་ཞིབ་འཇུག་དང་། མཚོ་སྔོན་དགེ་འོས་སློབ་ཆེན་གྱི་རིག་དེབ། བོད་བརྒྱུད་ནང་བསྟན་སྒྱུ་རྩལ་ཞིབ་འཇུག་སོགས་སུ་དཔྱད་རྩོམ་ཁ་ཤས་སྤེལ་ཞིང་། བོད་བརྒྱུད་ནང་བསྟན་སྒྱུ་རྩལ་ཞིབ་འཇུག་དང་། བོད་ཀྱི་བྲིས་འབུར་སྒྱུ་རྩལ་གྱི་ཞིབ་འཇུག་སོགས་ཀྱི་རྩོམ་སྒྲིག་ཚོགས་མི་བཅས་ཀྱི་འགན་ཁུར།

རྩོམ་ཁུངས། ༢༠༢༣ལོའི
«བོད་ལྗོངས་སྒྱུ་རྩལ་ཞིབ་འཇུག»དུས་དེབ་གཉིས་པ།
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།