འཚོལ་ཞེས་པའི་གློག་བརྙན་དང་ང༌།
གློག་བརྙན་འདིའི་འགོ་བརྗོད་པར་གླིང་ནང་གི་ང༌།
<<འཚོལ>>ཞེས་པའི་གློག་བརྙན་འདི་ནི་གྲོགས་པོ་པད་མ་ཚེ་བརྟན་ལགས་ཀྱིས་འཁྲབ་ཁྲིད་གནངས་པའི་གཏམ་རྒྱུད་གློག་བརྙན་རིང་གྲས་གཉིས་པ་རེད་ལ། འདི་ནི་གློག་བརྙན་དང་འབྲེལ་བའི་གློག་བརྙན་ཞིག་དང་བརྩེ་དུངས་ཀྱི་གཏམ་རྒྱུད་ལ་བརྒྱུས་པའི་གློག་བརྙན་ཞིག་རེད་འདུག དེ་ཡང་ནང་ལོགས་སུ་སྡོད་པའི་བོད་ཀྱི་གློག་བརྙན་ལས་སྣ་སྟེ་འཁྲབ་ཁྲིད་པ་ཞིག་དང་བརྙན་ཕབ་པ་ཞིག་མདོ་སྨད་ཀྱི་ཡུལ་ལུང་འགར་ཆ་རྒྱུས་ཡོད་པའི་ཚོང་པ་ཞིག་གིས་ལམ་པ་མཛད་དེ་བསྐྱོད་ཅིང་མི་འགྱངས་པར་བཟོ་འཆར་གྱི་གློག་བརྙན་ནང་གི་མི་སྣ་རྒྱལ་བུ་དྲི་མེད་ཀུན་ལྡན་གྱི་འཁྲབ་སྟོན་པའི་འོས་མི་བཙལ་འཚོལ་གྱིས་བོད་ཁུལ་གྱི་གྲོང་སྡེ་དང༌། དགོན་པ། ལྷ་མོ་ཚོགས་པ། སློབ་གྲྭ། ནང་མ་ཁང༌། གླུ་གར་ཚོགས་པ་སོགས་སུ་ཕྱིན་པ་བརྒྱུད་དེ་བོད་མིའི་འཚོ་བའི་འཕེལ་འགྱུར་དང་རིག་གནས་ཀྱི་གནས་སྟངས་ཀུན་གྱི་གཟིགས་མོར་བཤམས་ཡོད་དོ། །
དྲི་མེད་ཀུན་ལྡན་གྱི་འཁྲབ་སྟོན་པའི་འོས་མི་འཚོལ་བའི་ལམ་དུ་མགོ་རས་དཀྲིས་པའི་ཞིང་གྲོང་གི་བུ་མོ་ཞིག་བརྩེ་དུངས་ཀྱི་ཕྱིར་དུ་ཁོ་ཚོ་དང་མཉམ་དུ་བསྐྱོད་ཅིང༌། ཚོང་པས་རང་གིས་དངོས་སུ་མྱངས་པའི་བརྩེ་དུངས་ཀྱི་གཏམ་རྒྱུད་བཤད་པ་དེས་ཁོ་མོར་བློ་སྐྱེད་ཐོབ་པ་དང༌། ཚོང་པ་དང་བུ་མོའི་བརྩེ་དུངས་ཀྱིས་འཁྲབ་ཁྲིད་པའི་སེམས་ཀྱི་མདུད་པའང་བཀྲོལ་པ་བཅས་ལས་རིགས་དང་གནས་བབ་ཐ་དད་པའི་བོད་མིའི་བརྩེ་དུངས་དང་མི་ཚེ་ལ་འཛིན་པའི་ལྟ་ཚུལ་སོགས་མཚོན་པར་བྱས་པ་ནི་གློག་བརྙན་འདིའི་གཏམ་རྒྱུད་ཀྱི་རྒྱུད་སྐུད་གཞན་ཞིག་ཏུ་གྲུབ་ཡོད་འདུག དེ་མིན། གློག་བརྙན་འདིའི་ལས་སྣ་གཙོ་བོ་དག་བོད་མི་རྐྱང་རྐྱང་གིས་གྲུབ་ཡོད་པ་དང༌། སྤྱི་ཟླ་བཅུ་པའི་ཚེས་ཉི་ཤུ་ཉིན་ནས་ཕབ་སྐྲུན་གྱི་ལས་མགོ་ཚུགས་ཏེ་ཉིན་ལྔ་བཅུ་ཙམ་གྱི་རིང་ལས་རིམ་སྔ་མ་དག་ཡོངས་སུ་གྲུབ་ནས་ད་ལྟ་ལས་རིམ་ཕྱི་མར་རེམ་སྒང་དུ་གནས་པ་དང་ལོ་མཇུག་བར་དུ་གློག་བརྙན་ཧྲིལ་པོ་ཡོངས་སུ་འགྲུབ་འཆར་བཟོས་འདུག་གོ །
གློག་བརྙན་འདིའི་ལས་སྣ་གཙོ་བོ།
འཁྲབ་གཞུང་རྩོམ་པ་པོ། པད་མ་ཚེ་བརྟན།
འཁྲབ་ཚིག་སྒྱུར་པ་པོ། སྨན་བླ་སྐྱབས།
འཁྲབ་ཁྲིད་པ། པད་མ་ཚེ་བརྟན།
བརྙན་ཕབ་པ། ཟོན་ཐར་རྒྱལ།
སྒྲ་ལེན་པ། གདུགས་དཀར་ཚེ་རིང༌།
མཛེས་བཀོད་པ། དཀའ་ཐུབ་བཀྲ་ཤིས་དང་ཕག་ཚེ།
འཁྲབ་ཁྲིད་ལག་རོགས། ཉི་མ་ཐར་དང་རིག་ལྡན་རྒྱ་མཚོ།
གཙོ་འཁྲབ་པ། སྨན་བླ་སྐྱབས་དང་བརྩོན་འགྲུས།
སྨན་བླ་སྐྱབས་ཀྱི་བོད་ཡིག་ཟིན་བྲིས་ལས་བཏུས།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com