《སྲོད་འཇགས》ལ་གསེར་བྱ་མེ་ཏོག་སྣ་བརྒྱའི་གློག་བརྙན་དུས་ཆེན་རྒྱལ་སྤྱིའི་བརྙན་ཕྲན་ཕུལ་བྱུང་གཟེངས་རྟགས་ཐོབ
ཉེ་ལམ། བོད་རིགས་ན་གཞོན་འཁྲབ་ཁྲིད་པ་རྟ་མགྲིན་རྡོ་རྗེས་འཁྲབ་ཁྲིད་བྱས་པའི་སྤྱི་ཕན་གློག་བརྙན་ཐུང་ངུ《སྲོད་འཇགས》ཞེས་པར་ཀྲུང་གོའི་གསེར་བྱ་མེ་ཏོག་སྣ་བརྒྱའི་གློག་བརྙན་དུས་ཆེན་སྐབས་གསུམ་པའི་རྒྱལ་སྤྱིའི་བརྙན་ཕྲན་འགྲེམ་གཏོང་གི་ཕུལ་བྱུང་བརྩམས་ཆོས་ཀྱི་གཟེངས་རྟགས་ཐོབ།
གློག་བརྙན་འདི་ནི་མིང་དུ་གྲགས་པའི་འཁྲབ་ཁྲིད་པ་པདྨ་ཚེ་བརྟན་གྱིས་ལྟ་སྐུལ་སྒྲིག་བཟོའི་འགན་ཁུར་བ་དང་། གདུགས་དཀར་ཚེ་རིང་གིས་རོལ་མོའི་ཇུས་འགོད་ཀྱི་འགན་ཁུར་ལ། གངས་རིའི་བླ་སྲོག་ཚན་སྡེབ་སོགས་འཁྲབ་སྟོན་དུ་ཞུགས། གློག་བརྙན་འདིར་མིའི་རིགས་ཀྱི་བྱམས་བརྩེ་དང་ཐུགས་ཁུར་བརྗོད་གཞིར་བཟུང་སྟེ། རྒན་གསོའི་ཁང་གི་རྒན་པ་གཉིས་འཚོ་བ་མཉམ་རོལ་སྒོས་ཚེ་སྨད་ལ་བརྩེ་དུང་མྱངས་པའི་གཏམ་རྒྱུད་བརྗོད་པ་ཡིན། དུས་མཚུངས་སུ་བརྩེ་བ་འདི་ནི་གཏིང་ཟབ་པ་དང། མཚོ་མོས་རྒན་པ་གཉིས་གཟིགས་སྐྱོང་གནང་བའི་དུས་མཚུངས་སུ་ཁོ་ཚོའི་ཉིན་རྒྱུན་གྱི་འཚོ་བ་ནི་དྲོད་ཁོལ་ལྡན་ལ་དགའ་སྤྲོའི་དགོད་སྒྲའི་ཁྲོད་རོལ་ལ། ཉིན་ཞིག་ལྷིང་འཇགས་ཀྱི་འཚོ་བ་དེ་རྒས་རྟགས་ཤིག་སྟེ་གློ་བུར་བའི་ཧོན་འཐོར་བའི་ནད་ཀྱིས་བརླག་པར་བྱས། ཐེངས་འདིའི་ནད་ཀྱིས་ཨ་ཕྱི་ལྷ་མོར་དྲན་པ་འཐོར་བའི་དཀའ་ངལ་འཕྲད་པ་མ་ཟད། ཐ་ན་འཆལ་གཏམ་ཡང་སྨྲ་མགོ་བརྩམས། ཨ་མྱེ་རྡོ་རྗེ་དང་མཚོ་མོས་གང་ནུས་ཀྱིས་ཁོ་མོ་སེམས་གསོ་དང་། མོའི་མི་ཚེའི་མཇུག་མཐའི་ཉིན་འགར་དང་ཐ་ན་ཨ་ཕྱི་ལྷ་མོ་ཚེ་ལས་འདས་པའི་བར་སྔར་ལས་ལྷག་པའི་ཐུགས་ཁུར་དང་རོགས་སྐྱོར་གནང་།
རྟ་མགྲིན་རྡོ་རྗེ། 1987ལོར་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གསེར་ཆེན་རྫོང་དུ་སྐྱེས་ཤིང་། ནང་ལོག་གི་ན་གཞོན་འཁྲབ་ཁྲིད་པ་དང་འཁྲབ་གཞུང་རྩོམ་པ་པོ་ཡིན་ལ། ད་སྔ་ཞིན་ཧྭ་ཁང་དངོས་བྲིས་གློག་བརྙན་ལྟེ་གནས་ཀྱི་རྩོམ་སྒྲིག་འཁྲབ་ཁྲིད་དང་བརྙན་ལེན་པ་ཡིན། 2013ལོར་རང་ཉིད་ཀྱིས་འཁྲབ་ཁྲིད་གནང་བའི་བརྙན་ཐུང《མར་མེ》ཞེས་པ་ཨའེ་ཆི་ཡེ་དྲ་རྒྱའི་སྟེང་བཏང་བ་མ་ཟད་གདེང་འཇོག་ལེགས་པོ་ཐོབ། 2015ལོར། བརྙན་ཐུང《སྲོད་འཇགས》ཕབ་མགོ་བརྩམས་ལ། 2016ལོའི་ཟླ8པར། བརྙན་ཐུང《འཁོར་བ》ཞེས་པ་ཀྲུང་ཁ་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་འགྲན་བསྡུར་གྱི་སྡེ་ཚན་དུ་ཚུད་ཅིང་། 2016ལོའི་ལོ་མཇུག་དུ་གློག་བརྙན་འདིར་ཀྲུང་ཁ་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་གྱི་ཕུལ་བྱུང་བརྙན་ལེན་བྱ་དགའ་ཐོབ། 2017ལོར། གློག་བརྙན《འཁོར་བ》ཞེས་པར2017ལོའི་བོད་ལྗོངས་བརྙན་ཕྲན་དུས་ཆེན་སྐབས་དང་པོའི་ཕུལ་བྱུང་བརྙན་ཕྲན་བྱ་དགའ་དང་ཕུལ་བྱུང་བརྙན་ལེན་བྱ་དགའ་བཅས་བྱ་དགའ་རྣམ་གྲངས་གཉིས་ཐོབ་ལ། ཁོ་རང་ཉིད་ལའང་གློག་བརྙན་དུས་ཆེན་འདིའི་ཕུལ་བྱུང་འཁྲབ་ཁྲིད་པའི་བྱ་དགའ་ཐོབ། 2017ལོའི་ཟླ6པར་རང་ཉིད་ཀྱིས་འཁྲབ་ཁྲིད་གནང་བའི་གློག་བརྙན《སྲོད་འཇགས》ཞེས་པ་ཨོ་ཁི་ལན་དང་ནེའུ་ཙི་ལན་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་དུ་ཚུད་པ་དང་། ལོ་དེའི་ཟླ8པར་ཝུན་ཀི་ཧྭ་ཡ་གླིང་གློག་བརྙན་དུས་ཆེན་དུ་ཚུད་པ་རེད།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com