ཨ་མདོའི་བོད་ཀྱི་ཟློས་གར«གྱིམ་ཤིང་ཀོང་ཇོ»པེ་ཅིང་མེ་ལན་ཧྥང་ཟློས་གར་ཁང་ཆེན་མོ་རུ་འགྲེམས་སྟོན་བྱས།

རྩོམ་པ་པོ།: ཡོང་ཁུངས།:རྒྱང་སྒྲོག་བརྙན་འཕྲིན་ཁང་། དུས་ཚོད།:2025-01-09 11:12:58 ཀློག་གྲངས།:
       ཟླ༡ཚེས༦ཉིན། མཚོ་སྔོན་ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིན་ནས་བསྒྲགས་པའི་གཏམ་བཟང་ལྟར་ན། མཚོ་སྔོན་ཞིང་ཆེན་བོད་ཀྱི་ཟློས་གར་ཚོགས་པ·རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་མི་རིགས་གླུ་གར་ཚོགས་པས་སེམས་ཞིབ་མོས་སྒྲིག་པའི་ཨ་མདོའི་བོད་ཀྱི་ཟློས་གར་ཆེན་མོ«གྱིམ་ཤིང་ཀོང་ཇོ»དེ་ཉེ་ལམ་ཀྲུང་གོའི་ཟློས་གར་རིག་གནས་གཟའ་འཁོར་སྐབས་བརྒྱད་པའི“སྤུས་ལེགས་ཟློས་གར་འགྲེམས་སྟོན”དུ་བདམས་ནས། ཟླ༡ཚེས༨ཉིན་པེ་ཅིང་མེ་ལན་ཧྥང་ཟློས་གར་ཁང་ཆེན་མོ་རུ་གཟབ་རྒྱས་ངང་འཁྲབ་སྟོན་བྱ་རྒྱུ་རེད།
       རྒྱུས་ལོན་པ་ལྟར་ན། «གྱིམ་ཤིང་ཀོང་ཇོ»ཞེས་པའི་ནང་ཐང་རྒྱལ་རབས་ཀྱི་ཀོང་ཇོ་གཉིས་པ་གྱིམ་ཤིང་ཀོང་ཇོ་རྒྱང་རིང་ཐུ་བྷོད་དུ་ཕེབས་ནས་གཉེན་སྒྲིག་བྱས་པའི་ལོ་རྒྱུས་རྒྱབ་ལྗོངས་སུ་བྱས་ཏེ། གྱིམ་ཤིང་ཀོང་ཇོ་བོད་དུ་ཞུགས་པའི་བརྒྱུད་རིམ་དང་ཁོ་མོ་བོད་དུ་ཐོན་རྗེས་མི་རིགས་མཉམ་འདྲེས་ལ་སྐུལ་འདེད་རྒྱུན་འཁྱོངས་བྱས་པའི་གྲུབ་འབྲས་རླབས་ཆེན་གཏིང་ཟབ་པའི་སྒོ་ནས་ཡང་བསྐྱར་མངོན་པར་བྱས་ཡོད། ཟློས་གར་ནང་གྱིམ་ཤིང་ཀོང་ཇོ་ཡིས་བློ་གྲོས་དང་བཟོད་སྒོམ་གྱི་ཐོག་ནས་དཀའ་ངལ་ཁྱད་བསལ་དང་། འགལ་བ་སེལ་བ། ཐང་དང་བོད་ཀྱི་མཛའ་བརྩེ་སྲ་བརྟན་དུ་གཏོང་བ། མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས་ཀོང་ཇོའི་འགྱུར་མེད་ཀྱི་བརྩེ་སེམས་དང་འགན་འཁྲི་མཚོན་པར་བྱས་ཡོད། ཟློས་གར་འདིས་འཕར་འཇགས་ཆེ་བའི་ནང་དོན་དང་ངོ་མཚར་བའི་འཁྲབ་སྟོན་བརྒྱུད་དེ་གྱིམ་ཤིང་ཀོང་ཇོ་ཡིས་མེས་རྒྱལ་གཅིག་གྱུར་ལ་སྐུལ་འདེད་གཏོང་བ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བ། མི་རིགས་མཐུན་སྒྲིལ་མངོན་འགྱུར་བཅས་བྱ་ཆེད་ལོ་རྒྱུས་ཀྱི་བྱས་རྗེས་བཞག་པར་བསྔགས་བརྗོད་བྱས་ཡོད།
       འཁྲབ་ཚན་དེ་བོད་ཀྱི་ཟློས་གར་འཁྲབ་གཞུང་རྩོམ་པ་པོ་དང་འཁྲབ་ཁྲིད་པ་རིན་ཆེན་རྒྱལ་གྱིས་སྤྱི་ཁྱབ་འཁྲབ་གཞུང་རྩོམ་པ་པོ་དང་སྤྱི་ཁྱབ་འཁྲབ་ཁྲིད་པའི་འགན་འཁུར་ནས། མཚོ་སྔོན་ཞིང་ཆེན་བོད་ཀྱི་ཟློས་གར་ཚོགས་པའི་ནང་གི་ཕུལ་བྱུང་གསར་རྩོམ་སྟོབས་ཤུགས་བསྡུ་རུབ་བྱས་པ་དང་ཆབས་ཅིག་རྒྱལ་ཁབ་རིམ་པའི་རོལ་དབྱངས་རྩོམ་པ་པོ་དང་། ཞབས་བྲོའི་ཇུས་འགོད་པ། གྱོན་ཆས་ཇུས་འགོད་པ། མི་རིགས་རོལ་དབྱངས་སྒྲིག་བཟོ་པ་སོགས་ཆེད་མཁས་པ་གདན་འདྲེན་ཞུས་ནས་འབྲེལ་ཡོད་གསར་རྩོམ་ལས་འགན་འཁུར་དུ་བཅུག ཀྲུང་གོའི་ཟློས་གར་རིག་གནས་གཟའ་འཁོར་སྐབས་བརྒྱད་པའི་དམིགས་ཡུལ་ནི་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་སྤུས་ཚད་མཐོ་བའི་སྒོ་ནས་རྒྱུན་འཛིན་དང་འཕེལ་རྒྱས་གཏོང་རྒྱུར་སྐུལ་འདེད་གཏོང་བ་དང་ཟློས་གར་སྒྱུ་རྩལ་དར་སྤེལ་གཏོང་རྒྱུ་དེ་རེད། ཐེངས་འདིར«གྱིམ་ཤིང་ཀོང་ཇོ»ལེགས་འགྲུབ་ངང་བདམས་ཐོན་བྱུང་པ་དེས་རྒྱལ་སའི་ལྟད་མོ་བ་ཚོར་མཐོང་ཚོར་དང་སེམས་ཁམས་གཉིས་ཀྱི་གསོལ་སྟོན་ཆེན་པོ་ཞིག་ཕུལ་བ་དང་། ཟློས་གར་རིག་གནས་ཀྱི་སྣ་མང་རང་བཞིན་ཕུན་སུམ་ཇེ་ཚོགས་སུ་གཏོང་བ་དང་ཆབས་ཅིག ལྟད་མོ་བ་རྣམས་ལ་མི་རིགས་ཟློས་གར་སྒྱུ་རྩལ་གྱི་ཐུན་མོང་མ་ཡིན་པའི་ཡིད་དའགུག་ནུས་པ་དང་གཏིང་ཟབ་པའི་ནང་དོན་རོལ་མྱོང་བྱེད་དུ་འཇུག་རྒྱུ་རེད།
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།