གློག་བརྙན«ཁྲི་མུན་ལས་ཐར་བ»ཞེས་པའི་སྒྱུ་རྩལ་ལ་འཕྲེད་གཞུང་ནས་བལྟ་བ།

རྩོམ་པ་པོ།:དུང་ཟིན་རྒྱལ། ཡོང་ཁུངས།:མཚོ་སྔོན་བོད་ཡིག་ཚགས་པར། དུས་ཚོད།:2026-09-01 08:35:55 ཀློག་གྲངས།:
གློག་བརྙན«ཁྲི་མུན་ལས་ཐར་བ»ཞེས་པའི་སྒྱུ་རྩལ་ལ་འཕྲེད་གཞུང་ནས་བལྟ་བ།
                                      —བྱེའུ་ཁ་ཤས་གཟེབ་ནང་དུ་ལུས་མི་སྲིད་དེ། ཁོ་ཚོའི་སྒྲོ་སྤུ་རེ་རེར་རང་དབང་གི་འོད་འཚེར་བཞིན་ཡོད།
དུང་ཟིན་རྒྱལ།

གློག་བརྙན། «ཁྲི་མུན་ལས་ཐར་བ»
འཁྲབ་ཁྲིད་པ། ཧྥུ་ལན་ཁོ·ཏེ་ལ་པང་ཐེ།
གཙོ་འཁྲབ་པ། ཏི་མ་རོ་བྷི་ན་སི། མོ་གྷ་ན་ཕི་རི་མན། པོ་གྷོན་ཏན།
རིགས་དབྱེ། ཉེས་གསོག་གཏམ་རྒྱུད།
       གློག་བརྙན་འདི་ནི་ཧྥུ་ལན་ཁེ·ཏེ་ལ་པང་ཐེ་ཡིས་འཁྲབ་གཞུང་དང་འཁྲབ་ཁྲིད་བྱས་པའི་ཨ་རིའི་གློག་བརྙན་ཟློས་གར་ཞིག་ཡིན་ཞིང་། ཏི་མུའུ·ལུའོ་པིན་སི་དང་མའོ་ཀེན·ཧྥུ་ལི་མན་གྱིས་གཙོ་འཁྲབ་བྱས་ཡོད། གློག་བརྙན་འདི་ནི་སི་ཏི་ཧྥུན·ཨའེ་ཏེ་ཝིན·ཅིན་གྱི
1982ལོའི་སྒྲུང་འབྲིང«ཁྲི་མུན་ལས་ཐར་བ»ཞེས་པ་བཅོས་སྒྲིག་བྱས་པ་ཞིག་རེད། དེའི་ནང་དོན་གཙོ་བོ་ནི་དངུལ་རྩའི་ཆེད་མཁས་པ་ཨན་ཏི་ལ་ཆུང་མ་དང་དེའི་དགའ་རོགས་བསད་པའི་ཁྲིམས་ཀྱི་ནོར་འཛོལ་འོག་ཚེ་བཙོན་བྱས་ཤིང་། ཨན་ཏིས་བློ་རིག་དང་ཐབས་ཇུས་ལ་བརྟེན་ནས་རང་སྐྱོབ་དང་གཞན་སྐྱོབ་ཀྱི་ཀྱག་ཀྱོག་ཁྲོད་སླར་ཡང་ཁྲི་མུན་བཙོན་ར་ལས་ཐར་ཞིང་རང་དབང་ཐོབ་པའི་གཏམ་རྒྱུད་བརྗོད་ཡོད་ལ། གློག་བརྙན་འདི་སྐབས67པའི་ཨོ་སི་ཁཱའི་གསེར་བརྙན་བྱ་དགའི་འདེམ་སྒུག་ཏུ་ཚུད་མྱོང་།

       གཅིག ཚད་མཐོའི་སྒྲིག་གཞིའི་གྲུབ་ཚུལ་དང་གདངས་མཚམས་ཀྱི་ཚོད་འཛིན།
       (1) ལྡོག་བརྗོད་ཀྱི་སྒྲིག་གཞིའི་གྲུབ་ཚུལ།
       གློག་བརྙན་འདིར་རུའེ་ཏེའི་འགྲེལ་བཤད་དང་མཐོང་སྣེ་བརྒྱུད་ནས་ལྡོག་བརྗོད་དམ་ཕྱིར་དྲན་རང་བཞིན་གྱི་སྤྲོས་བརྗོད་བྱེད་ཐབས་བཀོད་དེ་བྱུང་རིམ་གསལ་འགྲེལ་བྱས་ཡོད་ལ། རུའེ་ཏེའི་ཕྱིར་དྲན་དང་མཉམ་དུ་ཨན་ཏིས་བཙོན་ཁང་དུ་མྱངས་པའི་གནས་ཚུལ་རེ་རེ་ཞིབ་ཏུ་བཀོད་པ་ལ། ཨན་ཏི་བཙོན་ཁང་དུ་ཐོག་མར་སླེབས་སྐབས་གཉོམ་ཆུང་དང་རྨོངས་འཐོམས་ཀྱིས་བཅིངས་ཡོད་མོད། རིམ་བཞིན་བཙོན་ཁང་གི་འཚོ་བར་གོམས་རྗེས་ད་གཟོད་རང་ཉིད་ཀྱི་འཆར་གཞི་ལག་བསྟར་བྱེད་མགོ་བརྩམས་ཤིང་། ལྟད་མོ་པ་རྣམས་ཀྱིས་ཀྱང་རུའེ་ཏེའི་འགྲེལ་བཤད་བརྒྱུད་ནས་མྱོང་ཚོར་གཅིག་མཐུན་ཆགས་ཡོད། དཔེར་ན་ཨན་ཏི་ཐེངས་དང་པོར་བཙོན་ཁང་དུ་འཛུལ་སྐབས། རུའེ་ཏེས“ཉིན་དེར་ཨན་ཏི་བཙོན་ཁང་དུ་འཛུལ་བའི་རྣམ་པ་ད་དུང་ངའི་མིག་ལམ་དུ་འཆར་འོངས་བ་འདྲ། ཁོ་ནི་བལྟས་ཚོད་ཀྱིས་ལོ་ན་གཞོན་པ་དང་ལུས་པོ་གཙང་མ་ཡིན་ལ། ཉེ་འཁོར་གྱི་ཁོར་ཡུག་དང་འཚམ་པོ་མིན་པའི་སྣང་ཚུལ་ཞིག་འདུག་པས། ངས་དེ་དུས་མི་འདིས་དུས་ཡུན་རིང་བོར་དཀའ་སྡུག་ཐེག་ཐུབ་རྒྱུ་མ་རེད་འདོད་ཡོད”ཟེར། རུའེ་ཏེའི་མིག་མདངས་དང་ལྷན་དུ། བརྙན་མིག་ཀྱང་རིམ་གྱིས་ཨན་ཏིའི་འཚུབ་ཆ་ཆེ་ཡང་ལྷོད་འཇགས་ཡིན་ཁུལ་གྱི་རྣམ་འགྱུར་གྱི་ཕྱོགས་སུ་འཁོར་ཞིང་རུའེ་ཏེའི་ཟུར་བཤད་དང་བརྙན་མིག་གི་སྐད་ཆ་བརྒྱུད་ནས་གཏམ་རྒྱུད་ཀྱི་གོ་རིམ་བསྒྲིགས་ཡོད་པས། ལྟད་མོ་པར་བྱུང་རིམ་དང་ཡང་ན་ཨན་ཏིའི་ལས་དབང་གི་འགྱུར་ལྡོག་ལ་སྤྲོ་བ་ཆེན་པོ་སྐྱེ་རུ་བཅུག གཏམ་རྒྱུད་ཀྱི་ཚ་རླབས་དང་ཨན་ཏིའི་བཙོན་ཁང་དུ་མྱངས་པའི་དཀའ་སྡུག་དང་བསྟུན་ནས། ལྟད་མོ་པས་ཀྱང་རུའེ་ཏེའི་ཕྱིར་དྲན་ཇི་བཞིན་ཨན་ཏིའི་ནང་སེམས་ཀྱི་འཇིག་རྟེན་དང་ཁོང་ལ་འཕྲད་པའི་དཀའ་ངལ་ལ་རིམ་བཞིན་རྒྱུས་ལོན་དང་མྱོང་རོལ་གྱི་སེམས་ཁམས་ཤིག་བསྐྲུན་ཡོད་ལ། སྤྲོས་བརྗོད་བྱེད་སྟངས་འདི་རིགས་ཀྱིས་ད་གཟོད་གཏམ་རྒྱུད་ལ་དོན་དངོས་དང་ཚུར་སྣང་རང་བཞིན་ལྡན་པར་བྱེད་ལ། ལྟད་མོ་པར་མི་སྣའི་ལས་དབང་ལ་གཅིག་མཐུན་གྱི་སེམས་ཁམས་ཆགས་ཤིང་ཨན་ཏིའི་དཀའ་སྤྱད་ཀྱི་འཕག་འཚག་དང་རྒྱུན་འཁྱོངས་ལ་རྒྱབ་སྐྱོར་དང་། རུའེ་ཏེ་དང་ཨན་ཏིའི་བར་གྱི་ཕྱི་ཐག་རིང་བའི་མཛའ་བརྩེར་རྗེས་སུ་ཡི་རང་བྱེད་བཞིན་ཡོད།
       (2) གདངས་མཚམས་ཀྱི་དམ་ལྷོད་རན་པ།
       གློག་བརྙན་གྱིས་དོན་བརྗོད་ཀྱི་འགྱུར་བག་ལ་ཚོད་འཛིན་བྱས་པ་ཧ་ཅང་འཚམ་ཞིང་གྲིམ་ལྷོད་རན་པ་ཞིག་རེད། ཨན་ཏིའི་བཙོན་ཁང་ནང་གི་རྒྱུན་ལྡན་གྱི་འཚོ་བ་བརྗོད་སྐབས། གཏམ་རྒྱུད་ཀྱི་གདངས་མཚམས་ཅུང་ལྷོད་ལ་ཞིབ་ཅིང་ཚགས་པའི་འབྲི་ཐབས་བརྒྱུད་ནས་ལྟད་མོ་པར་བཙོན་ཁང་གི་ཁོར་ཡུག་དང་མི་སྣའི་འབྲེལ་བ་ཇི་ལྟ་བུ་ཡིན་པ་རྟོགས་སུ་བཅུག་ཡོང་། དཔེར་ན། གདངས་མཚམས་ལྷོད་པའི་སྐབས་སུ། ཨན་ཏི་དང་བཙོན་གྲོགས་ཚོས་ལུས་རྩལ་ར་བར་ཁ་བརྡ་བྱེད་པ་དང་། མིག་མངས་རྩེད་པ། ཁ་ཤས་ས་རུ་བསྡད་ནས་བག་ཕེབས་ངང་གླེང་མོལ་བྱེད་བཞིན་ཡོད་པ་སོགས་ལས་འཁྲབ་ཁྲིད་པས་ལྷོད་འཇགས་ཀྱི་བརྙན་རིས་བརྒྱུད་དེ་བཙོན་རའི་དཀའ་ཚེགས་ཆེ་བའི་ཁོར་ཡུག་གི་ཐབས་སྡུག་དང་འུ་ཐུག་གི་རྣམ་པ། ད་དུང་བཙོན་ཁང་གི་སྣ་རྐྱང་ཅན་དང་རྒྱུན་རིང་བའི་འཚོ་བའི་སྡུག་བསྔལ་མངོན་ཡོད། དཔེར་ན་གཉན་འཕྲང་གི་སྐབས་སུ། ཨན་ཏིས་བཙོན་ཁང་ནས་འབྲོ་བའི་འཆར་གཞི་འཐེན་བཞིན་པ་དང་། བཙོན་ཁང་གི་མགོ་བདག་དང་འགྲན་རྒོལ་བྱེད་པ་སོགས་ཀྱི་སྣང་ཚུལ་ཁྲོད། སྤྲོས་བརྗོད་ཀྱི་གདངས་མཚམས་མངོན་གསལ་དོད་པོར་གྱུར་འདུག ཛ་དྲག་དང་མཐོ་རླབས་ཀྱི་གདངས་མཚམས་ཀྱིས་ལྟད་མོ་པའི་མིག་དབང་ཅིག་ཅར་དུ་ཕྲོགས་ཡོད། གཞན་ཡང་ཨན་ཏི་ལ་མ་ཉེས་ཁ་ཡོག་ཐེབས་པ་དེར་ཐང་སྨི་ཡིས་དཀར་འདོན་ནམ་བདེན་དཔང་བྱེད་ཐུབ་པ་ཤེས་མོད། འོན་ཀྱང་བཙོན་ཁང་གི་མགོ་བདག་གིས་ཨན་ཏིས་རང་ཉིད་ལ་མུ་མཐུད་དུ་ཞབས་ཞུ་སྒྲུབ་ཆེད་ཐང་སྨི་ལྐོག་གསོད་བྱས་པས། ཨན་ཏི་དང་བཙོན་རའི་མགོ་བདག་བར་གྱི་འགལ་བ་དེ་མུར་ཛ་དྲག་ཏུ་ཕྱིན། ཨན་ཏིའི་ཁོང་ཁྲོ་ལངས་པའི་མིག་མདངས་དང་བཙོན་རའི་མགོ་བདག་གི་སྙིང་རྗེ་མེད་པའི་རྣམ་འགྱུར། དེ་ནས་ཨན་ཏི་ཁྲི་མུན་ལས་ཐར་བའི་གོ་རིམ་དུ། བྲེལ་འཚུབ་ཆེ་བའི་རོལ་དབྱངས་དང་ལྷན་དུ་གཏམ་རྒྱུད་ཀྱི་གདངས་མཚམས་མཐོ་རླབས་སུ་བསྐྱལ་ཞིང་། ལྟད་མོ་པའི་སེམས་ཁམས་ལའང་གཏམ་རྒྱུད་ཀྱི་འགྱུར་བག་དང་བསྟུན་ནས་ཟུག་གཟེར་སྣ་ཚོགས་བསྐྱེད་པར་བྱེད་པ་དང་། གཏམ་རྒྱུད་གྱི་ངོ་བོར་འཐིམས་ནས་ཨན་ཏིའི་ཆེད་དུ་སེམས་ཁུར་དང་ཨན་ཏིར་རང་དབང་ཐོབ་པར་སྨོན་པ་བྱེད། གདངས་མཚམས་ཀྱི་འགྱུར་ལྡོག་འདི་རིགས་ཀྱིས་གློག་བརྙན་གྱི་བྲོ་བ་ལྷུར་ལེན་དང་། ཐོག་མཐའ་བར་གསུམ་དུ་ལྟད་མོ་པ་རྣམས་ཀྱི་གློག་བརྙན་ལ་ལྟ་བའི་སྤྲོ་སྣང་རྒྱུན་འཁྱོངས་བྱེད་ཐུབ་ལ། ལྷོད་འཇགས་དང་ཛ་དྲག་རེས་མོས་སུ་འཕྱུར་བ་ཡིས་ཨན་ཏིས་རང་དབང་དང་རེ་སྙེག་བརྩོན་ལེན་བྱེད་པ་ནི་ལས་སླ་མོ་ཞིག་མིན་པའི་བརྗོད་སྙིང་གཙོ་བོ་འབུར་དུ་ཐོན་པར་བྱས་ཡོད།
       གཉིས། བརྙན་མིག་གི་སྐད་ཆའི་སྒྱུ་རྩལ།
       (1) བསྡུར་ཐབས་ཀྱི་བརྙན་མིག
       སྔོན་ཆད་སྐུ་ཞབས་ཧོ་ཆིའུ་ཧྥན་གྱིས«ཁྲི་མུན་ལས་ཐར་བ»ཞེས་པའི་གློག་བརྙན་འདི་ནི་བརྙན་མིག་གི་སྐད་ཆའི་སློབ་དེབ་ཅིག་རེད་ཅེས་གདེང་འཇོག་བྱས་པ་ནང་བཞིན། གློག་བརྙན་འདིའི་བརྙན་མིག་བཀོལ་སྤྱོད་ལ་དཔེ་སྟོན་གྱི་དོན་སྙིང་ལྡན་ལ། ནམ་ཡང་དཔེ་མཚོན་རང་བཞིན་གྱི་གློག་བརྙན་འདིའི་ནང་དུ། དྲང་ཕྱོགས་ཀྱི་མི་སྣ་གཙོ་བོ་ཨན་ཏི་དང་ལྡོག་ཕྱོགས་ཀྱི་མི་སྣ་ནུ་ཏུན(བཙོན་རའི་མགོ་དཔོན)བར་གྱི་རྒྱུ་གཉིས་ལྡོག་འགལ་ནི་གློག་བརྙན་འདིའི་བརྗོད་བྱའི་སྙིང་བོ་མཚོན་པའི་ཁུངས་སྣེ་ལྟ་བུར་ཆགས་ཡོད་ལ། ཟུར་དང་ངོས་མི་འདྲ་བ་མང་པོ་ནས་ཁོ་གཉིས་བསྡུར་བ་བརྒྱུད་དེ་མཐོང་ཚོར་གྱི་གཞི་རྒྱུ་ནས་གནས་ཚུལ་གྱི་འགྱུར་བག་ལ་སྐུལ་འདེད་དང་། དངོས་པོའི་གསང་བ་ནས་བསམ་པའི་འགྲན་རྩོད་བར་ཕྱོགས་ཡོངས་ནས་རེ་བ་དང་ཡིད་ཆད། རང་དབང་དང་བཀག་སྡོམ། དྲང་བདེན་དང་གདུག་རྩུབ་སོགས་འགལ་བ་ལྟག་སྤྲོད་ཀྱི་སྒོ་ནས་གློག་བརྙན་གྱི་དབུས་མཐའ་ཀུན་ཏུ་གསལ་སྟོན་བྱས་ཡོད། དཔེར་ན་བརྙན་རིས་སུ་ཤར་མ་ཐག་པའི་མི་སྣ་གཉིས་ཀྱི་འགལ་ཟླ་ནི་བཙོན་དཔོན་ནུ་ཏུན་ཐེངས་དང་པོར་བརྙན་མིག་ཏུ་མངོན་དུས་ཏེ་ཉེས་ཅན་གསར་པ་དག་བསུ་བའི་སྐབས་ཡིན་ལ། ཁོ་རང་མུན་ནག་ཅིག་གི་ཁྲོད་ནས་དལ་གྱིས་ཕྱིར་བུད་པས། མུན་ནག་གི་རྒྱབ་ལྗོངས་དེ་ཁོའི་ནང་སེམས་ཀྱི་གདུག་རྩུབ་དང་འདྲ་བར། གློག་བརྙན་ཧྲིལ་པོའི་ཁྲོད་ཁོས་མུན་ནག་སྤྱད་ནས་ལས་དབང་ལ་ཁ་ལོ་སྒྱུར་བའི་ལྡོག་ཕྱོགས་ཀྱི་གོ་གནས་མཚོན་ཡོད། ཡང་ཨན་ཏི་ཐོག་མར་མངོན་དུས། ཁོ་རླངས་འཁོར་དུ་བསྡད་དེ་ཆུང་མའི་ཁྲེལ་མེད་ཀྱི་བྱ་སྤྱོད་ལ་ཞེ་སྡང་དང་ཐ་ན་གསོད་འདོད་ཀྱི་སེམས་ཁམས་ཀྱང་སྐྱེས་མོད། གསལ་ལ་མི་གསལ་བའི་ལམ་སྒྲོན་གྱི་གློག་འོད་དེ་ཁོའི་ཕྲག་སྟེང་དུ་འཕྲོས་ཡོད་པ་ལས། དེས་ཁོའི་ནང་སེམས་ཀྱི་རེ་བའི་མེ་སོན་དེ་ནམ་ཡང་གཟིམས་མ་མྱོང་བ་མཚོན་ཡོད་པས། ནུ་ཏུན་གྱི་མུན་ནག་གི་རང་གཟུགས་དང་ལྡོག་ནས་ཡོད།
       ཡང་བརྙན་རིས་གཅིག་ལས་ནུ་ཏུན་གྱིས་ནག་ཉེས་ཕྱིར་མངོན་པ་དང་ཞིབ་དཔྱོད་དཔོན་གྱིས་སྒོ་རྡུང་སྐབས་ལག་ཏུ་མེ་མདའ་བཟུང་ནས་རེ་ཐག་ཆད་པའི་རྣམ་འགྱུར་དང་། གློག་བརྙན་མགོ་རྩོམ་དུས་ཀྱི་ཨན་ཏིས་ལག་ཏུ་མེ་མདའ་བཟུང་བ་དང་བསྡུར་བ་བྱས་ཡོད་ལ། བལྟས་ཚོད་ཀྱིས་གནས་ཚུལ་འདྲ་མཚུངས་ཡིན་མོད། གཅིག་གིས་གཏམ་རྒྱུད་ཀྱི་མགོ་བརྩམས་ཤིང་། གཅིག་གིས་ནག་ཉེས་ཀྱི་མཇུག་རྫོགས་པར་བྱས་པས། ལས་དབང་གི་རྗེས་ཤུལ་འདི་གཉིས་བསྣོལ་མར་བསྡེབས་ཏེ་དྲང་བདེན་དང་གདུག་རྩུབ་གཉིས་བསྡུར་ཡོད།
       ད་དུང་ཨན་ཏི་དང་ནུ་ཏུན་གཉིས་ལ་གྱང་ངོས་ཀྱི་སྟེང་ནའང་འདྲ་མཚུངས་ཀྱི་གསང་བའི་འགལ་ཟླ་དང་འབྲེལ་བ་གཞན་ཞིག་ཡོད་དེ། ཨན་ཏིའི་ལག་གི་བརྡ་ཁྱབ་འདྲ་པར་དེའི་ལྟག་རྒྱབ་ཀྱི་གསང་བ་ནི་རང་དབང་ལ་རེ་སྙེག་བྱེད་པའི་སྒོ་མོ་ཆུང་ཆུང་ཞིག་ཡིན་ལ། ཁོའི་སྙིང་སྟོབས་ཀྱི་རེ་བ་བཅོལ་སའང་ཡིན། ནུ་ཏུན་གྱི་གྱང་ངོས་ཀྱི་རྩིས་ཐོའི་གསང་བ་དེ་ནི་ཁོ་གཉིས་བར་གྱི་ནག་ཉེས་དང་བཀོལ་སྤྱོད་ཀྱི་འབྲེལ་ཐག་ཡིན་ལ། འདོད་རྔམ་དང་རུལ་སུངས་ཀྱི་ཉེས་དཔང་ཡང་ཡིན་པས། གཅིག་གིས་འོད་ཟེར་ལྡན་པའི་རེ་སྨོན་མཚོན་ཡོད་ལ། གཅིག་གིས་མུན་ནག་གི་ཉེན་ཁ་མཚོན་ཡོད།
       གཞན་ཡང་མི་སྣ་འདི་གཉིས་ཀྱིས«གསུང་རབ»བློར་འཛིན་དང་ངོས་འཛིན་ཐད་ལ་བསྡུར་བ་བྱས་པ་ནི། ནུ་ཏུན་གྱིས“ང་ནི་འཇིག་རྟེན་གྱི་འོད་ཟེར་ཡིན། ངའི་རྗེས་སུ་འབྲངས་ན་ཁྱོད་ཀྱིས་ཐར་ལམ་རྙེད་ཐུབ”ཅེས་པ་བློར་བཟུང་སྟེ། ལྷའི་མིང་སྟེང་ནས་མི་མང་པོར་ཚོད་འཛིན་བྱ་རྒྱུའི་རེ་ངན་བཅངས་ཡོད་ལ། ཨན་ཏིས“དེའི་ཕྱིར་ཁྱོད་རང་དུས་དང་རྣམ་པ་ཀུན་ཏུ་རྨོངས་གཉིད་ལས་སད་དུ་འཇུག་དགོས། རྒྱུ་མཚན་ནི་ཁྱོད་ཀྱི་སྐྱབས་མགོན་ནམ་འབྱོན་མི་ཤེས”ཞེས་པར། ཕྱི་ཚུལ་ནས་བལྟས་ན་ཁ་ལེན་ཚིག་བརྩི་ཡིན་མོད་དོན་དེའི་རྒྱབ་ཏུ་ངོ་རྒོལ་གྱི་དོན་གཞན་ཞིག་མཚོན་ཡོད་དེ། ནུ་ཏུན་གྱིས་རང་ཉིད་མགོན་སྐྱབས་ཡིན་འདོད་ཀྱི་ང་རྒྱལ་དང་ཨན་ཏིས་དྲང་བདེན་ནི་ད་གཟོད་མགོན་སྐྱབས་ཡིན་འདོད་ཀྱི་བསམ་བློའི་གདོང་གཏུག་ཁྲོད། བརྙན་མིག་ཀྱང་ཏག་ཏག་ནུ་ཏུན་ལྕགས་རའི་རྒྱབ་ཕྱོགས་སུ་འགྲེང་ཡོད་པ་མངོན་བྱུང་བས། ནུ་ཏུན་གྱི་ཕམ་ཁ་ནི་ལྡོག་མེད་ཅིག་ཡིན་པའི་བརྙན་མིག་གི་གསང་བརྡ་བཏང་ཡོད། དེ་བས་ཨན་ཏིའི་རྒྱལ་ཁ་ནི་དྲང་བདེན་གྱིས་གདུག་རྩུབ་ཅན་ལ་ཆེས་མཇུག་མཐའི་འདྲི་གཅོད་བྱས་པའི་གནས་ལུགས་མཚོན་ཡོད།
       (2) མོན་ཐ་ཇིའི་ལག་རྩལ།
       མོན་ཐ་ཇིའི་ལག་རྩལ་གློག་བརྙན་ཁྲོད་རྒྱ་ཁྱབ་ཏུ་བཀོལ་ཏེ། བརྗོད་བྱ་དང་བརྩེ་དུང་ལ་འདྲེས་སྦྱོར་ཡག་པོ་བཏང་འདུག དཔེར་ན། ལའོ་པུའུ་གློད་གྲོལ་བཏང་རྗེས་ཀྱི་རང་གཏམ་དང། རུའེ་ཏེ་བཙོན་ཁང་ནས་ཕྱིར་བུད་རྗེས་ཀྱི་ཟུར་བཤད་ལ་མོན་ཐ་ཇིའི་ལག་རྩལ་སྤྱད་དེ། ལའོ་པུའུ་བཙོན་ཁང་གི་འཚོ་བར་གོམས་དྲགས་པས་སྤྱི་ཚོགས་སུ་ཟབ་ཞུགས་བྱེད་དཀའ་བའི་འུ་ཐུག་གི་སེམས་ཁམས་དང་། རུའེ་ཏེས་ཡིད་མི་ཚིམ་པའི་སེམས་ཁམས་རེས་མོས་སུ་མངོན་ཞིང་། རུའེ་ཏེ་དེ་སྔ་ལའོ་པུའུ་བསྡད་མྱོང་བའི་མགྲོན་ཁང་དུ་བཀོད་སྒྲིག་བྱས་ལ་ལས་ཀ་གཅིག་འདྲ་བྱེད་ཀྱི་ཡོད་པས་དཀའ་ངལ་ཡང་གཅིག་མཚུངས་ཆགས་ཡོད་པ་མཚོན་ཡོད། དཀའ་ངལ་དེའང“སྒྲིག་གཞི་ཅན་དུ་གྱུར་བ”ལས་བྱུང་བའི་མཇུག་འབྲས་ཤིག་རེད་དེ། རུའེ་ཏེས་བཤད་པ་ནང་བཞིན། “གྱང་འདི་དག་ཧ་ཅང་ཁྱད་མཚར་བ་ཞིག་ཡིན། བཙོན་དུ་བཅུག་མ་ཐག་ཁྱོད་རང་ཉེ་འཁོར་གྱི་གྱང་མཐོན་པོ་འདི་དག་ལ་སྡང་སེམས་སྐྱེ་མོད། རིམ་བཞིན་ཁྱོད་རང་དེའི་འཚོ་བར་གོམས་ཤིང་། མཇུག་མཐར་ཁྱོད་རང་དེ་དང་ཁ་འབྲལ་མི་ཕོད་པའི་སེམས་ཁམས་ཆགས་སྲིད”ཅེས་པ་ལས་མི་གཤིས་ཀྱི་འགྱུར་བག་ཅིག་མཚོན་ཡོད་ལ། མོན་ཐ་ཇིའི་ལག་རྩལ་འདི་རིགས་ཀྱིས་དུས་དང་བར་སྟོང་མི་འདྲ་བའི་ཡུལ་ལྗོངས་དང་ཟུང་འབྲེལ་བྱས་ནས། ལྟད་མོ་པར་བརྙན་རིས་ཀྱི་བརྗེ་རེས་ཁྲོད་ནས་སེམས་ཁམས་ལ་བརྡབ་གསིག་བཏང་ཞིང་། དེ་ལས་ལྷག་པར་གློག་བརྙན་གྱི་བསམ་བློའི་འདུ་ཤེས་ལ་ཚོར་རྟོགས་ཐུབ་པར་བྱེད་ཀྱི་ཡོད།
       གསུམ། བརྡ་རྟགས་རིག་པའི་མཐོང་སྣེའི་དོན་སྙིང་།
       (1) མཚོན་བྱེད་ཀྱི་བརྡ་རྟགས།
       གློག་བརྙན་གྱི་བརྡ་རྟགས་རིག་པའི་ཟུར་ཚད་ནས་བལྟས་ན། «ཁྲི་མུན་ལས་ཐར་བ»ཞེས་པའི་ནང་མཚོན་བྱེད་ཕུན་སུམ་ཚོགས་པའི་བརྡ་རྟགས་ཀྱིས་ཁེངས་འདུག བཙོན་ཁང་ཞེས་པའི་བརྡ་རྟགས་འདིས་འཆིང་རྒྱ་དང་གཉའ་གནོན། མི་གཤིས་དང་ཐོབ་ཤོར་མཚོན་ཡོད་ཅིང་། བཙོན་ཁང་གི་མཁར་གྱང་མཐོན་པོ་དང་ལྕགས་སྒོ་ལས་གཟུགས་མེད་ཀྱི་བསམ་པའི་བཀག་རྒྱ་སྟེ། བཙོན་མ་ཚོའི་ལུས་སེམས་དམ་པོར་བསྡམས་ཡོད་པའི་བརྡ་རྟགས་མཚོན་ཡོད། ཨན་ཏིས་བརྐོས་པའི་དོང་ལམ་དེས་ཁོའི་བཟོད་བསྲན་དང་ཆོད་སེམས། ད་དུང་རང་དབང་བརྩོན་ལེན་བྱེད་པའི་ཕུགས་བསམ་མཚོན་ཡོད་ལ། ཐོ་བ་ཆུང་ཆུང་ཐོགས་ཏེ་ཨན་ཏི་ཉིན་ཐོག་ཟླ་བརྩེགས་ཀྱིས་ལས་ལ་ཞུགས་པ་ནི་མཐར་གཏུགས་ན་ཁྲི་མུན་ལས་ཐར་བྱེད་ཀྱི་ཆེས་གནད་འགག་གི་མཐུན་རྐྱེན་ལག་ཆ་ཞིག་ཏུ་གྱུར་ཡོད་ལ། དེ་ནི་ཡིད་ཆེས་དང་འབད་བརྩོན་གྱི་བརྡ་རྟགས་ཤིག་ཀྱང་ཡིན། ཨན་ཏི་འབག་བཙོག་གིས་ཁེངས་པའི་ས་འོག་ཆུ་སྦུག་བརྒྱུད་དེ་བྲོས་བྱོལ་བྱས་པ་དེས“སྡུག་བསྔལ་ལས་ཐར་བ”མཚོན་པ་དང་། “སྡུག་བསྔལ་ནི་ཐར་བའི་ལམ་དུ་འཐེན་ཡོད་པའི”མཚན་ཉིད་རིག་པའི་མཚོན་དོན་ཞིག་ཀྱང་ལྐོག་ཏུ་སྦས་ཡོད་པ་འདྲ། དེ་ལྟར་ཀོག་ལངས་འགྱེལ་གསུམ་གྱི་བརྒྱུད་རིམ་ཁྲོད་རང་གི་བློ་གྲོས་ཀྱི་རྩལ་ལ་བརྟེན་ནས་ཐར་བ་ནི་རང་དབང་གི་མཚོན་རྟགས་སམ་བརྡ་རྟགས་གལ་ཆེན་ཞིག་ཡིན་པས། གནད་འགག་གི་བརྡ་རྟགས་འདི་དག་གིས་གློག་བརྙན་འདིའི་ནང་དོན་ཕུན་ཇེ་ཚོགས་སུ་བཏང་ཡོད་པར་མ་ཟད། གློག་བརྙན་གྱི་བརྗོད་དོན་གཙོ་བོ་དང་བསམ་བློའི་སྙིང་སྟོབས་སྔར་ལས་གཏིང་ཟབ་སར་བསྐྱལ་ཡོད།
       (2) སྒྲ་དོན་གྱི་ཁྱབ་ཁོངས།
       གློག་བརྙན་ནང་གི་སྒྲ་དོན་གྱི་འབྲེལ་བ་དེས་ལྟད་མོ་པའི་ཤེས་རྟོགས་ལ་ཤུགས་རྐྱེན་གལ་ཆེན་ཐེབས་ཡོད། ཆོས་ལུགས་དང་དབང་ཆ། ཚོགས་པ་སོགས་ནི་ཤུགས་རྐྱེན་ཞན་པའི་དོན་གྱི་ཁོངས་སུ་གཏོགས་ལ། དེ་དག་གིས་གློག་བརྙན་ཁྲོད་དུས་རབས་ཀྱི་གཙོ་རྒྱུག་གི་བསམ་བློའི་རླབས་རྒྱུན་ལ་ཤུགས་སྣོན་བརྒྱབ་ཡོད་པས། དེས་གློག་བརྙན་དང་སྤྱི་ཚོགས་ཁོར་ཡུག་གཉིས་ལ་མཐུན་པའི་ཆ་ཡོད་པ་མཚོན་ཡོད། དཔེར་ན། དམ་པའི་གསུང་རབ་དེ་གློག་བརྙན་ཁྲོད་ནས་ཡང་དང་ཡང་དུ་མངོན་གྱི་ཡོད་ལ། དེ་ཨན་ཏི་ལ་མཚོན་ན་ཐོག་མའི་བསམ་འདུན་བཅོལ་ས་དང་། ཁོ་རང་ཁྲི་མུན་ལས་ཐར་བྱེད་ཀྱི་ལག་ཆའང་ཡིན། བཙོན་ཁང་གི་མགོ་བདག་ལ་མཚོན་ན་གཞུང་ལས་ཁང་དུ་རྒྱུན་པར་དམ་པའི་གསུང་རབ་ལ་བལྟས་ནས་ཁ་ནས་གསུང་རབ་གླེང་གིན་ཡོད་ལ། ཕྱི་ཚུལ་ནས་ལྷག་བསམ་རྣམ་དག་གི་རྣམ་པ་ཞིག་འཁྲབ་ཀྱི་ཡོད་མོད། དོན་དངོས་ཐོག་དམ་པའི་གསུང་རབ་ནི་ཁོའི་ཉེས་པ་འགེབ་བྱེད་ཀྱི་ཡོལ་བ་ལྟ་བུར་གྲུབ་ཡོད། གནས་ཚུལ་འདིས་དངོས་ཡོད་འཚོ་བའི་ཁྲོད་ཀྱི་ཆོས་ལུགས་མི་སྣའི་རྙོག་འཛིང་གི་བསམ་ཚུལ་སྣ་ཚོགས་གསལ་སྟོན་བྱས་ཡོད་ཅིང་། དེ་ནི་མི་རྣམ་དག་ཅིག་གི་སེམས་ཀྱི་གཏད་སོ་དང་། མི་ཁྲམ་པ་ཞིག་གི་གཡོ་སྒྱུའི་ངོ་གདོང་འགེབ་བྱེད་དུ་འགྱུར་སྲིད་པའི་གནས་ལུགས་བསྟན་ཡོད། ཡང་རེ་བ་དང་དངུལ་རྩ། ཤེས་བྱ་དང་རང་དབང་སོགས་ཀྱི་སྒྲ་ཡི་ཤུགས་རྐྱེན་ཆེན་པོ་འདི་དག་ལྟད་མོ་པས་ཤེས་རྟོགས་དང་ཁས་ལེན་བྱེད་སླ་བོ་ཡོད། ཨན་ཏིས་རང་ཉིད་ཀྱི་ཤེས་བྱ་དང་བློ་གྲོས་ལ་བརྟེན་ནས་བཙོན་ཁང་གི་ཉེན་རྟོག་པ་རྣམས་ལ་ནོར་སྲིད་ཐད་ཀྱི་གནད་དོན་ཐག་གཅོད་བྱས་ཏེ། རང་ཉིད་ལ་བལྟོས་བཅས་ཀྱི་རང་དབང་དང་དམིགས་གསལ་དབང་ཆ་ཐོབ་ལ། ད་དུང་དཔེ་མཛོད་ཁང་འཛུགས་སྐྲུན་ཐད་ལ་མ་དངུལ་གྲབས་གསོག་བྱས་པས། འདིའི་སྟེང་ནས་ཀྱང་ཤེས་བྱའི་སྟོབས་ཤུགས་ཀྱིས་དཔལ་ཡོན་དང་རྒྱུ་ནོར་བསྐྲུན་ཐུབ་པའི་འདུ་ཤེས་མངོན་པར་མཚོན་ཡོད། གཞན་ཡང་རང་དབང་དང“བཙོན་ཁང”ཞེས་པའི་བརྡ་རྟགས་འདི་གཉིས་དམ་དུ་སྦྲེལ་ཡོད་པས་སྒྲིག་ཁྲིམས་བརྩི་སྲུང་གི་གལ་ཆེའི་རང་བཞིན་ནན་བཤད་བྱས་ཡོད། འདི་ལྟར་སྒྲ་དང་དོན་གྱི་འབྲེལ་བ་ཚད་མཐོན་པོའི་ངང་བསྟར་ལ་བརྒྱུས་པས། གློག་བརྙན་འདི་དུས་རབས་ཀྱི་རྒྱབ་ལྗོངས་དང་ཀུན་ནས་མཐུན་པར་མ་ཟད། ལྟད་མོ་པའི་དགོས་མཁོ་དང་གཅིག་མཐུན་དུ་གྱུར་བའི་ལྟ་བ་ཆགས་ཐུབ་ཡོད།
       (3) ཁ་དོག་གི་ཤུགས་བསྟན།
       «ཚོན་མདོག་མི་ཤེས་ན་གློག་བརྙན་ལ་མི་བལྟ»ཞེས་པའི་དཔེ་དེབ་ཀྱི་རྩོམ་པ་པོ་ཕ་ཏི·པེ་ལན་ཐོའུ་ཉིས«ཁྲི་མུན་ལས་ཐར་བ»ཞེས་པ་ནི་མདོག་སྔོན་པོ་རྒྱ་ཁྱབ་ཏུ་བཀོལ་བའི་གློག་བརྙན་ཞིག་དང་། དེའི་ནང་གི་མདོག་སྔོན་པོ་དེས་ཁ་གྱེས་པ་མཚོན་གྱི་ཡོད་ཟེར། གློག་བརྙན་འདིའི་སྤྱི་ཁོག་ཧྲིལ་པོར་སྐྱ་མདོག་དང་སྔོན་པོ་སོགས་ཀྱི་གྲང་མདོག་གཙོ་བོར་བཀོལ་ཡོད་ཅིང་། མི་སྣ་གཙོ་བོ་ཨན་ཏིའི་དཀའ་ངལ་དང་བཙོན་ཁང་གི་སྙིང་རྗེ་མེད་པའི་ཁོར་ཡུག་གསོན་ཉམས་ལྡན་པའི་སྒོ་ནས་མཚོན་པར་བྱས་ཡོད། སྐྱ་མདོག་ཅན་གྱི་བཙོན་ཁང་གི་གྱང་དང་བཙོན་ཁང་གིས་ལྟད་མོ་པ་རྣམས་ལ་རེ་ཆད་དང་འཆིང་སྡོམ་གྱི་ཚོར་སྣང་ཞིག་སྟེར་གྱིན་ཡོད་ལ། གློག་བརྙན་ཁྲོད་ཀྱི་ཁ་དོག་གི་འགྱུར་ལྡོག་དང་བཀོལ་སྤྱོད་ལ་མཚོན་བྱེད་ཀྱི་དོན་སྙིང་ཟབ་མོ་ལྡན་ཡོད་ཅིང་། གནོན་ཤུགས་ཆེ་བའི་ཁ་དོག་གི་རྒྱབ་ལྗོངས་འོག གསེར་མདོག་གིས་རེ་བ་དང་རང་དབང་མཚོན་པ་སྟེ། དཔེར་ན་ཨན་ཏིས་བཙོན་གྲོགས་རྣམས་ལ་ཝུ་ཆང་གི་བྲོ་བ་མྱོང་དུ་བཅུག་པའི་བརྙན་མིག་དང་། ཁྲི་མུན་ལས་ཐར་རྗེས་ཀྱི་རང་དབང་། རུའེ་ཏེ་བཙོན་ར་ནས་བུད་རྗེས་ཀྱི་ཉི་འོད། ཚ་ལུ་མའི་མདོག་གི་རླངས་འཁོར་སོགས་དྲོད་མདོག་འདི་དག་བཙོན་ཁང་ནང་གི་ཁ་དོག་དང་ཁྱད་པར་ཆེན་པོ་ཕྱེ་ཡོད་པས། རང་དབང་གི་མཛེས་སྡུག་དང་དཀའ་སྡུག་གི་འཚོ་བ་གཉིས་མངོན་སུམ་གྱིས་སོ་སོར་ཕྱེ་ནས་ཡོད་དོ། །
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།