ལུས་ཀྱི་དབྱེ་བ་ལས་རང་བཞིན་གྱི་དབྱེ་བའི་སྐོར་ལ་དཔྱད་པ།
དང་པོ།རང་བཞིན་གྱི་གོ་དོན།
རང་བཞིན་ཞེས་པ་ནི་རང་རང་གི་གཟུགས་དབྱིབས་ཀྱི་རྣམ་པའམ་སེམས་པའི་ངང་ཚུལ་གང་རུང་ཞིག་ལ་ཟེར་བ་ཡིན་ཏེ་སྨོན་ལམ་ཚིག་མཛོད་དུ་རང་བཞིན་དང་ངོ་བོ་གཤིས་ཀ་ངང་ཚུལ་རྣམས་དོན་གཅིག་ཅེས་གསུངས་བ་དང་གསོ་བ་རིག་པ་ལས་རང་བཞིན་དང་ངང་ཚུལ་རྣམ་པ་རྣམས་དོན་གཅིག་པར་སྣང་བ་དང་ཁ་རྒྱུན་དུའང་དངོས་བོའི་རང་བཞིན་དབྱིབས་ཀྱིས་བསྟན་པ་དང་མི་ཡི་རང་བཞིན་གཤིས་ཀྱིས་སྟོན་པ་དང་སེམས་པའི་རང་བཞིན་ཡིད་ཀྱིས་མཚོན་པ་དང་རྒྱལ་ཁབ་ཀྱི་རང་བཞིན་གཡོག་གིས་མངོན་པ་ཡིན་ཞེས་བཤད་ལ་མེ་ཡི་རང་བཞིན་གྱེན་དུ་འབར་བ་དང་ཆུ་ཡི་རང་བཞིན་ཐུར་དུ་འབབ་པ།རླུང་གི་རང་བཞིན་ཕྲ་ཞིང་གཡོ་བ་ཞེས་ཀྱང་བཤད།སྣང་ཚུལ་འདི་དག་ལས་ང་ཚོ་ཤེས་ཐུབ་པ་ནི་འཇིག་རྟེན་གྱི་རྩྭ་རྩི་ཤིང་དང་སྔོ་མེ་ཏོག།དེ་བཞིན་ས་ཆུ་མེ་རླུང་དང་སྒོའི་གནག་ཕྱུགས།བྱ་བྱེའུ།འབའ་འབུ།སྤྲ་སྤྲེའུ།མི་གཅན་གཟན་ལ་སོགས་པ་ལའང་རང་རང་གི་རང་བཞིན་དང་རང་རང་གི་ཁྱད་ཆོས་དང་རང་རང་གི་གྲུབ་ཚུལ་སོགས་ཡོད་ཤེས་ཐུབ་པ་མ་ཟད།དེ་དག་གི་རང་བཞིན་མི་གཅིག་ལ་སྣང་ཚུལ་ཡང་མི་འདྲ་བ་རེ་ཡོད་པ་ཤེས་ཐུབ་བོ།།དེ་ལྟར་འཇིག་རྟེན་གྱི་བྱ་དངོས་རྣམས་ལ་རང་རང་གི་རང་བཞིན་དང་རང་རང་གི་སྣང་ཚུལ་མི་འདྲ་བ་རེ་ཡོད་པ་སྟེ་དཔེར་ན་བྱ་ལ་བྱའི་རང་བཞིན་དང་སྣང་ཚུལ་སོགས་ཡོད་ལ་མི་ལ་མིའི་རང་བཞིན་དང་སྣང་ཚུལ་དང་ཆུ་ལ་ཆུའི་རང་བཞིན་དང་སྣང་ཚུལ་དང་།ཤིང་ལ་ཤིང་གི་རང་བཞིན་དང་སྣང་ཚུལ།མེ་ལ་མེའི་རང་བཞིན་དང་སྣང་ཚུལ་སོགས་ཀྱང་ཡོད་པས་དངོས་པོ་གར་ཡོད་རང་བཞིན་དང་རང་བཞིན་གར་ཡོད་དངོས་པོའི་ཁྱབ་པ་ཞིག་ཡིན་ལ་དེ་དག་གི་རེ་རེ་ཡི་རང་བཞིན་དང་སྣང་ཚུལ་སོགས་བརྗོད་ན་མཐའ་ཡས་ཤིང་རྫོགས་ཏུ་མེད་པས་རེ་ཞིག་ངལ་གསོ་ཡི་ཚུལ་དུ་བཞག་ནས་སྐབས་འདིར་བོད་ལུགས་གསོ་རིག་གི་ལུས་ཀྱི་དབྱེ་བ་ལས་རང་བཞིན་གྱི་དབྱེ་བའི་སྐོར་ལ་དཔྱད་པར་བྱའོ།།
གཉིས་པ།ལུས་ཀྱི་རང་བཞིན་གྱི་དབྱེ་བ་དང་དེ་དག་གི་ཁྱད་ཆོས།
རང་རེ་བོད་ལུགས་གསོ་རིག་ནི་ཚན་རིག་དང་ངོ་བོ་མཐུན་པ་ཞིག་ཡིན་ཏེ་ལོ་ངོ་ཆིག་སྟོང་ཉིས་བརྒྱ་ལྷག་གི་སྔ་རོལ་ནས་ལུས་པོའི་གནས་ལུགས་དང་ཆགས་ཚུལ་སོགས་ལ་ཞིབ་འཇུག་བྱས་ནས་ཕྱིའི་ལུས་ཀྱི་ཤ་པགས་ཀྱི་གྲུབ་ཚུལ་ནང་དོན་སྣོད་གནས་སྟངས་བར་རུས་རིགས་ཀྱི་དབྱེ་བ་སོགས་རྩ་བའི་ཆ་ནས་ཟིན་ཐོ་ལ་བཀོད་ཡོད་པ་མ་ཟད།དེའི་ནད་འགྱུར་ན་སྟངས་དང་སྨན་བཅོས་གོ་རིམ་སོགས་ཀྱང་རྩ་བའི་ཆ་ནས་ཟིན་ཐོ་ལ་བཀོད་ཚར་བ་རེད།ཁྱད་པར་དུ་ཕྱི་ནང་གི་འབྱུང་བ་རིག་པར་ཞིབ་འཇུག་བྱས་ནས་རྟེན་དང་བརྟེན་པའི་འབྲེལ་བ་དང་རྒྱུད་ཕ་མའི་ས་བོན་གྱི་བཟང་ངན་དང་མའི་འཚོ་བའི་བཟའ་བཏུང་སྤྱོད་འཇུག་སོགས་ཀྱིས་ལུས་སེམས་མི་འདྲ་བར་བདུན་དུ་སྐྱེད་པར་བྱེད་པ་ནི་ཤི་ཏུ་ངོ་མཚར་བའི་གནད་ཅིག་ཡིན་ལ་མི་ཡི་རང་བཞིན་དང་སེམས་ཁམས་བྱ་སྤྱོད་ཁ་ཟས་སོགས་ལ་ཞིབ་འཇུག་དང་དབྱེ་ཞིབ་བྱས་པའི་བྱ་རིམ་གྱི་ཁྲོད་ནས་སེམས་ཁམས་རིག་པ་སྐོར་གྱི་གནད་དོན་མི་ཉུང་བ་ཞིག་ཀྱང་རྩ་བའི་ཆ་ནས་ཐག་གཅོད་གནང་ཡོད་པ་རེད།
དེ་ཡང་མི་ལུས་པོའི་དབྱིབས་གཟུགས་དང་དེའི་སེམས་ཁམས།འགྲོ་འདུག་སྤྱོད་པ།འཚོ་བའི་དགའ་ཕྱོགས་སོགས་མི་འདྲ་བ་མང་པོ་ཡོད་པ་ལ་དམིགས་ནས་མི་ལའང་རླུང་གི་རང་བཞིན་དང་མཁྲིས་བའི་རང་བཞིན།བད་ཀན་གྱི་རང་བཞིན།བད་རླུང་གི་རང་བཞིན།བད་མཁྲིས་ཀྱི་རང་བཞིན།རླུང་མཁྲིས་ཀྱི་རང་བཞིན།རླུང་མཁྲིས་བད་གསུམ་འདུས་པའི་རང་བཞིན་ཏེ་རང་བཞིན་མི་འདྲ་བ་བདུན་དུ་བཤད་ཡོད་ལ་རང་བཞིན་བདུན་པོ་ལ་སྐབས་ལ་ལར་མི་ཡི་རང་བཞིན་བདུན་ཡང་ཟེར་ལ་དེ་དག་ལས་རྐྱང་བ་རླུང་མཁྲིས་བད་གསུམ་དུ་བཤད་ཡོད་པ་དང་དེའང་གཟུགས་ཚད་ལ་ཐུང་འབྲིང་རིང་གསུམ་དང་གཟུསགས་དབྱིབས་ལ་སྒུར་དྲང་དགྱེ་གསུམ་དང་རང་མདོག་ལ་སྔོ་སེར་སྐྱ་གསུམ་སོགས་སུ་བཤད་པ་ཡོད་པ་ནི་འཛམ་གླིང་ལོ་རྒྱུས་ལས་མིའི་རིགས་ཀྱི་དབྱེ་བ་ལ་མི་རྒྱུད་དཀར་པོ་དང་ནག་པོ་སེར་པོ་གསུམ་དུ་བཤད་པ་དང་དོན་ཕལ་ཆེར་འདྲ་ལ་དེ་གསུམ་ཡང་གཟུགས་སེམས་མདོག་གསུམ་ལ་ལྟོས་ནས་ལྡན་པ་གསུམ་དང་འདུས་པ་གཅིག་བཅས་རང་བཞིན་མི་འདྲ་བར་བདུན་དུ་བཤད་པའི་རྒྱུ་གཙོ་བོ་ནི་ཁུ་ཁྲག་གཉིས་དང་རྐྱེན་གཙོ་ནི་ཟས་སྤྱོད་གཉིས་ཡིན་པ་སྟེ་གྲུབ་པ་ལུས་ལས་ཁུ་ཁྲག་མངལ་གནས་ཟས་དང་སྤྱོད་ལམ་གྱིས།།ཉེས་པ་ལྷག་འགྱུར་རང་བཞིན་བདུན་དུ་འགྱུར།།ཞེས་གསུངས་ཡོད་དོ།
དེ་ཡང་རླུང་གི་རང་བཞིན་ཅན་གྱི་ལུས་ཀྱི་གཟུགས་དབྱིབས་ནི་དབྱིབས་སྒུར་བ་གཟུགས་ཐུང་བ་དང་ཤ་སྐམ་པ་དང་མདོག་སྔོ་བ་སེམས་མི་བརྟན་པར་གཡོ་པ་དང་དྲན་རྒྱུ་མང་བ་དང་སྤོ་ཐུང་བ་དང་འདོད་ཆགས་ཆེ་བ་དང་སྤྱོད་ལམ་སྐད་ཆ་མང་བ།རྩེད་མོ་དགའ་བ།ཁ་ཟས་ཀྱང་མངར་བ་དང་།སྐྱུར་བ།ཁ་ཚ་བའི་རོ་ལ་སྲེད་པ་ཆེ་བ་ཞིག་ཡིན་ལ་དེ་བཞིན་དུ་མཁྲིས་བའི་རང་བཞིན་ཅན་གྱི་ལུས་ཀྱི་གཟུགས་དབྱིབས་ནི་གཟུགས་དྲང་ཞིང་ལུས་བོངས་འབྲིང་ལ་སྐྲ་ལུས་ཀྱི་མདོག་སེར་བ་དང་སེམས་པ་བློ་རྣོ་བ་དང་ང་རྒྱལ་ཆེ་བ་དང་ཞེ་སྡང་ཆེ་བ།སྤོ་ཆེ་བ་དང་སྤྱོད་ལམ་ལས་ལ་བརྩོན་ཞིང་དཔའ་མཛངས་ཆེ་བ་དང་ཁ་ཟས་ཀྱང་མངར་བ་དང་ཁ་བ་བསྐ་བ་བསིལ་བའི་ཟས་རིགས་ལ་དགའ་བ་ཞིག་ཡིན་ལ་བད་ཀན་རང་བཞིན་ཅན་གྱི་ལུས་ཀྱི་གཟུགས་དབྱིབས་ནི་གཟུགས་རིང་ཞིང་ཤ་རྒྱས་པ་དང་མདོག་དཀར་བ་དང་སེམས་པ་བརྟན་ཞིང་དྲན་པ་མི་གསལ་བར་གཏི་མུག་མང་བ་དང་སྤྱོད་ལམ་དལ་བ་ལ་མོས་པ་དང་རླུང་མཁྲིས་རང་བཞིན་ཅན་གྱི་ལུས་ཀྱི་གཟུགས་དབྱིབས་ནི་དབྱིབས་སྒུར་བ་དང་མདོག་སེར་བ་སེམས་པ་མི་བརྟན་པར་རྣོ་བ་ལ་སོགས་པའི་རླུང་དང་མཁྲིས་བ་གཉིས་ཀྱི་རང་བཞིན་གྱི་རྟགས་གཉིས་འདྲེས་ནས་ཡོད་པ་དང་བད་རླུང་རང་བཞིན་ལྡན་པའི་མི་ལ་གཟུགས་རིང་བ་དང་མདོག་སྔོ་བ།སེམས་བརྟན་ཞིང་འདོད་ཆགས་ཆེ་བ་ལྟ་བུའི་བད་རླུང་གཉིས་ཀའི་རང་བཞིན་གྱི་རྟགས་འདྲེས་ནས་ཡོད་པ་དང་བད་མཁྲིས་རང་བཞིན་ལྡན་པའི་མི་ལ་གཟུགས་རིང་དང་མདོག་སེར་སེམས་རྣོ་ཞིང་བློ་བརྟན་པ་ལྟ་བུའི་བད་ཀན་དང་མཁྲིས་པ་གཉིས་ཀའི་རང་བཞིན་གྱི་རྟགས་འདྲེས་ནས་ཡོད་པ་དང་འདུས་བའི་རང་བཞིན་ཅན་གྱི་མི་ལ་གཟུགས་རིང་ཤ་སྐམ་པ་དང་མདོག་སེར་བ་དང་སེམས་བརྟན་ཞིང་བློ་རྣོ་བ་ཤེས་རབ་ལྡན་པ་ལྟ་བུའི་རླུང་མཁྲིས་བད་གསུམ་གྱི་རང་བཞིན་གྱི་རྟགས་གསུམ་པོ་འདུས་ནས་ཡོད་པ་ཞིག་ཡིན་ནོ།།དེ་ལྟར་མི་ཡི་ལུས་ཀྱི་དབྱེ་བའི་རང་བཞིན་བདུན་ཡོད་པ་དེ་དག་ལ་རང་རང་གི་རང་བཞིན་དང་རང་རང་གི་ཁྱད་ཆོས་སོགས་ཡོད་པ་མ་ཟད།རང་རང་གི་གཟུགས་དབྱིབས་དང་རང་རང་གི་སེམས་ཁམས་དང་རང་རང་གི་སྤྱོད་ལམ་སོགས་ཀྱང་ཡོད་ལ་ལུས་ཀྱི་རང་བཞིན་མི་གཅིག་པའི་རྐྱེན་གྱིས་དེ་དག་གི་སེམས་ཁམས་དང་སྤྱོད་པ་ཁ་ཟས་སོགས་ཀྱང་མི་གཅིག་གོ།
གསུམ་པ།ལུས་ཀྱི་རང་བཞིན་བདུན་པོའི་རྒྱུ་རྐྱེན་བཤད་པ།
ལུས་ཀྱི་རང་བཞིན་བདུན་པོ་ལའང་རང་རང་གི་རྒྱུ་རྐྱེན་ཡོད་པའི་རྐྱེན་གྱིས་དེ་དག་གི་རང་བཞིན་ཡང་མི་འདྲ་བ་སྟེ་ཕ་མ་ཅི་ལྟ་བུ་ཞིག་ཡིན་ན་དེ་གཉིས་ཀྱི་འདོད་སྤྱོད་ལས་བྱུང་བའི་བའི་ཁུ་ཁྲག་ཀྱང་དེ་ལྟ་བུ་ཡིན་ལ་ཁུ་ཁྲག་ཅི་ལྟ་བུ་ཞིག་ཡིན་ན་དེ་ཡིས་སྐྱེད་པའི་ཕྲུ་གུ་ཡང་དེ་ལྟ་བུར་འགྱུར་བ་སྟེ་དཔེར་ན་ཕོ་རླུང་གི་རང་བཞིན་ཅན་ཞིག་ལ་ཁུ་བའང་རླུང་གི་རང་བཞིན་ཅན་ཞིག་ཏུ་གནས་པ་དང་མོ་བད་ཀན་རང་བཞིན་ཅན་ཞིག་ལ་ཁྲག་ཀྱང་བད་ཀན་རང་བཞིན་ཅན་ཞིག་ཏུ་གནས་པ་དང་ཕོ་རླུང་མཁྲིས་རང་བཞིན་ལྡན་པ་ཞིག་ལ་ཁུ་བའང་རླུང་མཁྲིས་རང་བཞིན་ལྡན་ཞིག་ཏུ་གནས་པ་དང་མོ་འདུས་བའི་རང་བཞིན་ཅན་ཞིག་ལ་ཁྲག་ཀྱང་འདུས་བའི་རང་བཞིན་ཅན་ཞིག་ཏུ་གནས་པ་དང་ཁྱོ་ཤུ་ཕོ་མོའི་གཉིས་ཀའི་རང་བཞིན་ནི་རླུང་གི་རང་བཞིན་ཅན་ཞིག་ཡིན་ན་དེ་གཉིས་ཀྱི་རྒྱུད་ས་བོན་ཡང་རླུང་གི་རང་བཞིན་ཅན་ཞིག་ཏུ་གནས་པ་དང་ཕོ་མོའི་གཉིས་ཀའི་རང་བཞིན་ནི་མཁྲིས་པའི་རང་བཞིན་ཅན་མི་ཞིག་ཡིན་ཚེ་དེ་གཉིས་ཀྱི་རྒྱུད་ས་བོན་ཡང་མཁྲིས་བའི་རང་བཞིན་ཅན་ཞིག་ཏུ་གནས་པ་དང་།ཕོ་མོའི་གཉིས་ཀ་ནི་བད་ཀན་རང་བཞིན་ཅན་ཞིག་ཡིན་ཚེ་དེ་གཉིས་ཀྱི་རྒྱུད་ས་བོན་ཡང་བད་ཀན་རང་བཞིན་ཅན་ཞིག་ཏུ་གནས་པ་དང་ཡང་ཕ་རླུང་གི་རང་བཞིན་ཅན་ཞིག་དང་མ་མཁྲིས་བའི་རང་བཞིན་ཅན་གཉིས་འཕྲད་ཚེ་དེ་གཉིས་ལས་བྱུང་བའི་ཁུ་ཁྲག་ཀྱང་རླུང་མཁྲིས་རང་བཞིན་ཅན་ཞིག་ཏུ་འགྱུར་བ་དང་།དེ་བཞིན་དུ་འདུས་བའི་རང་ཅན་གྱི་ཕོ་མོ་གཉིས་ལས་བྱུང་བའི་ས་བོན་ཡང་འདུས་བའི་རང་བཞིན་ཅན་ཞིག་ཏུ་འགྱུར་བ་དང་དེ་མིན་ཕྱི་རང་བྱུང་གི་ནམ་ཟླ་དང་ས་གཤིས་བཟང་ཞིང་ནགས་ཚལ་དང་རྩྭ་རྩི་ཤིང་།སྔོ་མེ་ཏོག།ཆབ་ཆུ་བོ་ལ་སོགས་པ་ཡོངས་སུ་འཛོམས་པའི་ཡུལ་གྲུ་ཁྱད་པར་བ་ཞིག་ལ་མངལ་འཁོར་བའི་སྦྲུམ་མ་ཞིག་དུས་ཡུན་རིང་པོ་ལ་གཏན་སྡོད་བྱས་པ་ཡིན་ནའང་མངལ་གནས་གྱི་ཕྲུ་གུ་དེ་ཉིད་ཀྱི་རང་བཞིན་ལ་འགྱུར་བ་གཏོང་གི་ཡོད་པ་ནི་འཇིག་རྟེན་ཆོས་ཅིག་ཡིན།གཞན་ཡང་སྦྲུམ་མ་ཡིས་ཁ་ཟས་སྐྱུར་ཚ་བའི་རིགས་དག་རྟག་པར་བཟོས་བའང་ཡང་ན་སྤྱོད་ལམ་དྲག་ཤུལ་གྱི་རིགས་དག་བགྱིས་ན་མངལ་གནས་ཀྱི་ཁུ་ཁྲག་དེ་ཉིད་བད་ཀན་རང་བཞིན་ཞིག་ཡིན་ཀྱང་མཁྲིས་པའི་རང་བཞིན་ཅན་དུ་འགྱུར་བ་དང།ཡང་མངལ་གནས་ཀྱི་ཁུ་ཁྲག་དེ་ཉིད་རླུང་གི་རང་བཞིན་ཅན་ཞིག་ཡིན་ཀྱང་མ་ཡིས་ཁ་ཟས་མངར་བ་དང་སྣུམ་ཚིལ་མང་པོ་བཟས་པ་དང་སྤྱོད་ལམ་དལ་བར་བསྡད་དྲག་ནའང་མངལ་གནས་ཀྱི་ཁུ་ཁྲག་དེ་ཉིད་བད་ཀན་རང་བཞིན་ཅན་ཞིག་ཏུ་སྒྱུར་སྲིད་པ་ཡིན་ནོ།དེ་མ་ཟད་ཕྱིའི་རང་བྱུང་གིས་ཀྱང་མངལ་གནས་ཀྱི་ཁུ་ཁྲག་དེ་ཉིད་ཀྱི་རང་བཞིན་གཞན་དུ་སྒྱུར་སྲིད་དེ་དཔེར་ན་སྦྲུམ་མ་འདུས་བའི་རང་བཞིན་ཅན་ཞིག་ཡིན་ཡང་རང་བྱུང་གི་ཁོར་ཡུག་གི་ཆ་རྐྱེན་མི་ལེགས་པར་ཚ་གདུང་ཆེ་ཞིང་བྲག་གཡའ་མང་པའམ་ཡང་ན་ཐང་རྒོད་ལྟ་བུའི་གནས་ཞིག་ནས་དུས་ཡུན་རིང་པོར་བསྡད་ནའང་མངལ་གནས་ཀྱི་སེམས་ཅན་དེ་ཉིད་ཀྱང་རླུང་གི་རང་བཞིན་ཅན་ཞིག་ཏུ་སྒྱུར་འགྲོ་བ་ནི་ཆོས་ཉིད་ཅིག་ཡིན།དེ་ལྟར་རྒྱུ་ཁུ་ཁྲག་དེ་ཉིད་ལ་ཟས་སྤྱོད་དང་ཕྱིའི་རང་བྱུང་གི་ཁོར་ཡུག་ལ་སོགས་པའི་རྐྱེན་དབང་གིས་རང་བཞིན་མི་འདྲ་བ་བདུན་དུ་སྐྱེད་པར་བྱེད་པ་ཡིན་ལ།རྒྱུ་རྐྱེན་འབའ་ཞིག་ལས་སྐྱེད་པའི་རང་བཞིན་བདུན་པོ་དེ་དག་ལ་སེམས་ཁམས་ཀྱང་མི་འདྲ་བ་བདུན་དུ་འབྱུང་བར་བསྟན་པ་ནི་རང་རེ་བོད་ལུགས་གསོ་རིག་གི་སེམས་ཁམས་རིག་པ་ཡི་རྩ་བ་ཡིན་པ་རེད།
བཞི་བ།རླུང་གི་རང་བཞིན་ཅན་གྱི་མི་ཡི་ཐུན་མིན་གྱི་ཁྱད་ཆོས།
རླུང་གི་རང་བཞིན་ཅན་མི་ཡི་ཐུན་མིན་གྱི་ཁྱད་ཆོས་ནི་གཟུགས་དབྱིབས་སྒུར་ཞིང་ཤ་སྐམ་པ་དང་མདོག་སྔོ་བ།སྨྲ་བ་མང་ཞིང་གྲང་ལྷགས་དང་འཕྲད་ཚེ་བཟོད་པ་མི་ནུས་ཤིང་འགྲོ་བའི་ཚེ་རྐང་ལག་གི་སྒྲ་དང་བཅས་པ་ཡོད་པ།ནོར་ཉུང་བ།གཉིད་མང་བ།དྲན་རྒྱུ་མང་བ།འདོད་ཆགས་ཆེ་བ།ཚེ་ཐུང་བ།ལུས་བོངས་ཆུང་བ།གླུ་དང་འཐབ་མོ།མདའ་ལ་སོགས་པ་དགའ་བ་དང་དེ་ལྟ་བུའི་མི་ཡི་རིགས་དེ་དག་གིས་ཁ་ཟས་མངར་སྐྱུར་ཁ་ཚའི་རིགས་བཟའ་བར་དགའ་ཞིང་མཚན་རྟགས་ཀྱང་ཁྭ་ཝའི་དང་འདྲ་བ་ཡིན་ནོ།།
ལྔ་བ། མཁྲིས་བའི་རང་བཞིན་ཅན་གྱི་མི་ཡི་ཐུན་མིན་གྱི་ཁྱད་ཆོས།
མཁྲིས་པའི་རང་བཞིན་ཅན་གྱི་མི་ཡི་ཐུན་མིན་གྱི་ཁྱད་ཆོས་ནི་ཆུ་གྲང་མོར་དགའ་ཞིང་ལྟོགས་སླ་བ་དང་སྐྲ་དང་ལུས་པོའི་མདོག་སེར་བ།བློ་རྣོ་བ།ང་རྒྱལ་ཆེ་བ།ལུས་རྔུལ་སླ་ཞིང་དྲི་ངད་བ།ཚེ་དང་ནོར་ལུས་བོངས་སོགས་འབྲིང་དུ་གནས་པ་ལ་ཁ་ཟས་མངར་བ་དང་ཁ་བ།བསྐ་བ།བསིལ་བའི་ཟས་རིགས་སོགས་ལ་དགའ་བ་དང་སྟག་དང་སྤྲེལ་གནོད་སྦྱིན་སོགས་ཀྱི་མཚན་རྟགས་དང་ལྡན་པའོ།
དྲུག་པ། བད་ཀན་རང་བཞིན་ཅན་གྱི་མི་ཡི་ཐུན་གྱི་ཁྱད་ཆོས།
བད་ཀན་རང་བཞིན་ཅན་གྱི་མི་ཡི་ཐུན་མིན་གྱི་ཁྱད་ཆོས་ནི་ལུས་ཀྱི་དྲོད་ཚད་བསིལ་བ་དང་རྐང་ལག་སོགས་ཀྱི་རུས་པའི་ཚིགས་མི་མངོན་པར་ཤ་རྒྱས་པ་དང་ཤའི་ཁ་དོག་དཀར་བ།གཟུགས་དབྱིབས་ལྟག་པར་ར་དགྱེ་བ།བཀྲེས་སྐོམ་མེད་པ།འདོད་ཆགས་ཆུང་བ།ཐན་ངན་པ་ལ་བཟོད་པ་སྒོམ་ནུས་པ།ལུས་ཚོ་བ།ཚེ་རིང་བ།ནོར་མང་བ།གཉིད་མང་བ།ཞེ་སྡང་ཆུང་བ།རང་བཞིན་བཟང་བ།ངང་རྒྱུད་འཇམ་པ་ལ་ཁ་ཟས་ཚ་སྐྱུར་བསྐ་གསུམ་དང་རྩུབ་གྱོང་གི་རིགས་བཟའ་བར་དགའ་ཞིང་སེང་གེ་དང་གླང་ཆེན་གྱི་མཚན་རྟགས་དང་ལྡན་པ་ཡིན་ནོ།།
བདུན་པ།ལྡན་འདུས་རང་བཞིན་ཅན་གྱི་མི་ཡི་ཐུན་མིན་ཀྱི་ཁྱད་ཆོས།
ལྡན་པ་ཞེས་པ་ནི་བད་རླུང་རང་བཞིན་ལྡན་པའི་ལུས་དང་བད་མཁྲིས་རང་བཞིན་ལྡན་པའི་ལུས།རླུང་མཁྲིས་རང་བཞིན་ལྡན་པའི་ལུས་སྟེ་ལྡན་པ་གསུམ་དང་འདུས་བ་གཅིག་ནི་རླུང་མཁྲིས་བད་གསུམ་པོར་འདུས་ནས་ཡོད་པ་དང་ལྡན་པ་ལ་རང་བཞིན་གཉིས་འདྲེས་ནས་ཡོད་པ་སྟེ་དཔེར་ན་དབྱིབས་སྒུར་ཞིང་ང་རྒྱལ་ཆེ།སྐྲ་ལུས་ཀྱི་མདོག་སེར་བ།ཚེ་ནོར་ལུས་བོངས་འབྲིང་དུ་གནས་བ།གླུ་དང་འཐབ་མོ་མདའ་སོགས་པ་དགའ་བ།འདོད་ཆགས་ཆེ་བ་བློ་རྣོ་བ།དྲན་རྒྱུ་མང་བ་སོགས་ཀྱི་རྟགས་དང་ལྡན་ན་རླུང་མཁྲིས་རང་བཞིན་ལྡན་པའི་མི་ཡིན་པ་སྟེ་ལྡན་པ་ལ་རང་བཞིན་གཉིས་ཀྱི་རྟགས་འདྲེས་ནས་ཡོད་པ་དང་འདུས་བ་ལ་རླུང་མཁྲིས་བད་གསུམ་ཏེ་རང་བཞིན་གསུམ་གྱི་རྟགས་འདྲེས་ནས་ཡོད་པ་ཡིན་ལ།དེ་དག་ལས་རང་བཞིན་ཆེས་མཆོག་ཏུ་གྱུར་བ་ནི་འདུས་བའི་རང་བཞིན་ལྡན་པའི་ལུས་ཡིན་ལ།ལྡན་པ་གསུམ་ནི་འབྲིང་དང་རྐྱང་བ་གསུམ་ནི་ཐ་མ་དང་ཐ་མའི་རྐྱང་བ་གསུམ་པོ་ལས་བད་ཀན་རང་བཞིན་ཅན་གྱི་ལུས་ནི་ཐ་མའི་མཆོག་དང་མཁྲིས་བ་རང་བཞིན་ཅན་གྱི་ལུས་ནི་ཐ་མའི་འབྲིང་།རླུང་རང་བཞིན་ཅན་གྱི་ལུས་ནི་ཐ་མའི་ཐ་མ་ལ་གནས་པ་ཡིན།དེ་ལྟར་ལུས་ཀྱི་རང་བཞིན་གྱི་དབྱེ་བ་བདུན་པོ་ལ་རང་རང་གི་གཟུགས་པོའི་རྣམ་པ་དང་རང་རང་གི་སེམས་ཁམས།རང་རང་གི་བྱ་བ་སྤྱོད་ལམ།རང་རང་གི་ཁ་ཟས་དགའ་ཕྱོགས་སོགས་ཡོད་པའི་རྐྱེན་གྱིས་ལུས་ཀྱི་གཟུགས་དབྱིབས་ཀྱི་དབྱེ་བ་བདུན།སེམས་ཁམས་ཀྱི་དབྱེ་བ་བདུན།བྱ་བ་སྤྱོད་ལམ་གྱི་དབྱེ་བ་བདུན།ཁ་ཟས་དགའ་ཕྱོགས་ཀྱི་དབྱེ་བ་བདུན་ནད་རིགས་ན་སྟངས་ཀྱི་དབྱེ་བ་བདུན།སྨན་བཅོས་གོ་རིམ་གྱི་དབྱེ་བ་བདུན་སོགས་སུ་བཤད་ཡོད་ལ་དེ་དག་གི་ནད་འགྱུར་ན་སྟངས་སྣ་ཚོགས་དང་སྨན་བཅོས་གོ་རིམ་ཡོད་ཚད་སོགས་ཀྱང་ཐ་མལ་བའི་རང་བཞིན་བདུན་པོ་རྩ་བར་འཛིན་དགོས་པ་ཞིག་ཡིན་ལ།ཐ་མལ་བའི་རང་བཞིན་བདུན་པོ་རྩ་བར་བཟུང་ནས་དེ་དག་གི་ནད་འགྱུར་ན་སྟངས་དང་སྨན་བཅོས་གོ་རིམ་ཡང་མི་འདྲ་བ་བདུན་དུ་བཤད་ཡོད་པ་ནི་བོད་ལུགས་གསོ་རིག་གི་ཐུན་མོང་མ་ཡིན་པའི་སེམས་ཁམས་རིག་པའི་ཁྱད་ཆོས་གཙོ་བོ་ཞིག་ཡིན་པ་མ་ཟད།བོད་ལུགས་གསོ་རིག་གི་རིག་པའི་གཞུང་ལུགས་དང་ནད་ཐོག་ཕྱག་ལེན་གྱི་གཉིས་ཀྱི་རྩ་བ་ལྟ་བུར་ཡང་གྱུར་ཡོད་པ་རེད།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com