ནད་ཀྱི་རྐྱུ་རྐྱེན་དང་འཇུག་ཚུལ་སྐོར་ལ་ཅུང་ཙམ་དཔྱད་པ།

རྩོམ་པ་པོ།:གཡུང་དྲུང་ཚེ་རིང་། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2014-10-13 09:09:00 ཀློག་གྲངས།:

  དང་པོ། ནད་ཀྱི་རྒྱུ་བཤད་པ།
  དེ་ཡང་ཚད་མ་རིག་ལས་སྐྱེད་བྱེད་རྒྱུའི་མཚན་ཉིད་ཅེས་གསུངས་བ་དང་འཕེལ་གྲུབ་ནད་ལས་རྒྱུ་ནི་རང་རང་སྐྱེད་པའི་རྐྱེན་ཡིན་ཏེ།།ཞེས་གསུངས་བ་ལྟར་ནད་སྐྱེད་བྱེད་པ་ལ་ནད་རྒྱུ་ཞེས་ཟེར་བ་དང་དེ་ཡང་མ་རིག་པ་དང་འདོད་ཆགས།ཞེ་སྡང་།གཏི་མུག།རླུང་།མཁྲིས་པ།བད་ཀན་ལ་སོགས་པ་རང་རང་གི་ནད་གཞི་མི་གཅིག་པའི་དབང་གིས་དེ་དག་གི་རྒྱུའང་མི་གཅིག་སྟེ་རླུང་ནད་ལ་རླུང་རྒྱུ་དང་མཁྲིས་ནད་ལ་མཁྲིས་རྒྱུ།བད་ཀན་ལ་བད་རྒྱུ་ཡོད་པ་རེད།དེ་བཞིན་དུ་ཕོ་བའི་ནད་ལ་ཕོ་བའི་ནད་ཀྱི་རྒྱུ་དང་གློ་ནད་ལ་གློ་ནད་ཀྱི་རྒྱུ།སྙིང་ནད་ལ་སྙིང་ནད་ཀྱི་རྒྱུའང་ཡོད་པ་རེད།ཡིན་ནའང་མ་རིག་པ་དང་དེ་ལས་བྱུང་བའི་འདོད་ཆགས་ཞེ་སྡང་གཏི་མུག་ལ་སོགས་པ་ཡིས་ནད་རྣམས་དངོས་སུ་སྐྱེད་མི་ཐུབ་པའི་དབང་གིས་ནད་ཀྱི་རྒྱུ་ལའང་རིང་རྒྱུ་དང་ཉེ་རྒྱུ་གཉིས་སུ་དབྱེ་བ་བ་དང་དེ་ལས་དང་པོ་རིང་རྒྱུ་ལ་འང་སྤྱི་རྒྱུ་དང་ཁྱད་པར་རྒྱུ་གཉིས་སུ་བཤད་ཡོད་པ་ཞིག་རེད།དེ་ཡང་ནད་རིགས་ཡོད་ཚད་ཀྱི་ཁུངས་སམ་རྩ་བ་ནི་མ་རིག་པ་ཡིན་ལ།དེའི་རྐྱེན་གྱིས་མ་རིག་པ་ནི་ནད་ཀྱི་སྤྱི་རྒྱུ་རུ་བཞག་པ་དང་དེ་ལས་བྱུང་བའི་འདོད་ཆགས་ཞེ་སྡང་གཏི་མུག་གསུམ་གྱིས་རང་རང་གིས་ནད་གཞི་མི་འདྲ་བའི་རླུང་མཁྲིས་བད་གསུམ་སྐྱེད་པར་བྱེད་པ་ཡིན།དེ་ཕྱིར་འདོད་ཆགས་ཞེ་སྡང་གཏི་མུག་ལ་ཁྱད་པར་རྒྱུ་ཞེས་ཀྱང་བཤད།སྤྱི་རྒྱུ་དང་ཁྱད་པར་གྱི་རྒྱུ།ཉེ་རྒྱུ་གསུམ་ནི་རང་རེའི་བོད་ལུགས་གསོ་རིག་གི་ཐུན་མོང་མ་ཡིན་པའི་ནད་ཀྱི་རྒྱུ་གསུམ་ཡིན་ལ།དེ་དག་གིས་ནད་རྣམས་མི་མངོན་ལྐོགས་གྱུར་གྱི་ཚུལ་དུ་གསོག་པ་མ་གཏོགས་ལྡང་བའི་བདག་རྐྱེན་བྱེད་མི་ཐུབ་ལ།ཉེ་རྒྱུ་རླུང་མཁྲིས་བད་གསུམ་རྐྱེན་དུས་གདོན་ཟས་སྤྱོད་སྨན་དཔྱད་གང་རུང་འཕྲད་ཚེ་མངོན་སུམ་ལྡང་ཞིང་རང་རང་གི་རྟགས་རྣམས་ཀྱང་སྟོན་པ་ཡིན།རིང་རྒྱུ་དང་ཉེ་རྒྱུ་གཉིས་ཀྱིས་ཁྱད་པར་གཙོ་བོ་ནི་ནད་དང་བར་ཐག་ཉེ་མ་ཉེ་ཡི་སྟེང་ནས་འབྱེད་པ་ཞིག་ཡིན་ལ་མ་རིག་པ་དང་དུག་གསུམ་གྱིས་ནད་རྣམས་དངོས་སུ་སྐྱེད་མི་ཐུབ་ལ།ཉེ་རྒྱུ་རླུང་མཁྲིས་བད་གསུམ་ཀྱིས་ནད་རྣམས་དངོས་སུ་སྐྱེད་ཐུབ་པ་ཡིན།ཉེ་རྒྱུ་རླུང་མཁྲིས་བད་གསུམ་ལ་སོགས་པ་རང་རང་གི་གནས་སུ་སྙོམས་པོར་གནས་པའི་སྐབས་སུ་ནད་རྒྱུ་དང་དེ་དག་རྐྱེན་དུས་གདོན་ཟས་སྤྱོད་གང་རུང་དང་འཕྲད་ནས་རང་རང་གི་ལྡང་ཚད་ལས་འཕེལ་བ་དང་ཟད་པ།ཡང་ན་འཁྲུགས་པའི་གནས་སྐབས་གང་རུང་ཞིག་ལ་ནད་ཀྱི་ངོ་བོ་ཞེས་བརྗོད་པ་ཡིན་ལ།ཉེས་པ་རླུང་མཁྲིས་བད་གསུམ་པོ་ནད་ཀྱི་ཉེ་རྒྱུ་རུ་འཇོག་དགོས་དོན་ནི་དེ་དག་རྐྱེན་དུས་གདོན་ཟས་སྤྱོད་བཞི་བོ་དང་བར་མ་ཆོད་པ་སྟེ་ཉེ་བའམ་ཡང་ན་རྒྱུ་རྐྱེན་མཉམ་འཛོམས་ཀྱིས་འབྲས་བུ་ཐད་ཀར་སྐྱེད་ཐུབ་པའི་ཆ་ནས་ཉེ་རྒྱུ་ཞེས་བཏགས་པ་ཡིན།དེའང་རྣམ་པར་མ་གྱུར་ཉེས་པ་དང་རྣམ་འགྱུར་ཉེས་པ་གཉིས་སུ་དབྱེ་བ་ལས་སྔ་མ་ནི་ནད་ཀྱི་རྒྱུ་དང་ཕྱི་མ་ནི་ནད་ཀྱི་ངོ་བོ་ཡིན་ནོ།།དེ་ལྟར་མ་མ་རིག་པ་དང་དེ་ལས་བྱུང་བའི་འདོད་ཆགས་ཞེ་སྡང་གསུམ་གྱིས་ནད་རིགས་བཞི་བརྒྱ་རྩ་བཞི་ལ་སོགས་པ་ཐད་ཀར་སྐྱེད་མི་ནུས་མོད།འོན་ཀྱང་འདོད་ཆགས་ཞེ་སྡང་གཏི་མུག་གིས་ནད་རླུང་མཁྲིས་བད་གསུམ་རང་རང་གི་ཡུལ་དུ་བསགས་པ་དང་དེ་ལ་རྐྱེན་དུས་གདོན་ཟས་སྤྱོད་གང་རུང་ཞིག་ལ་འཕྲད་ན་མངོན་གསལ་གྱི་ལྡིང་ཞིང་ནད་རྟགས་རྣམས་ཀྱང་སྟོན་པར་བྱེད་པ་ཡིན།དེ་ལྟ་བུའི་ནད་ལངས་པ་རྣམས་རང་རང་གི་གནས་སུ་ཞི་པར་བྱེད་པའི་གཉེན་པོ་ལ་འང་ཟས་སྤྱོད་སྨན་དཔྱད་བཞི་ཡི་སྒོ་ནས་བསྟན་པ་དང་ནད་ཡོད་དོ་ཅོག་ལ་ཟས་སྤྱོད་སྨན་དཔྱད་རྣ མ་བཞི་འགྲོ་བ་མ་ཡིན་པར་ན་ཚ་དང་ནད་སྟོབས་ལ་དཔག་ནས་གཉེན་པོ་ཡང་ཟས་སྤྱོད་སྨན་དཔྱད་སོགས་གང་ལ་གང་འཚམས་དང་དེ་ལ་དེ་འཚམས་ཀྱིས་བཅོས་དགོས་པ་སྟེ་ནད་སྟོབས་ཆུང་བ་ཟས་དང་དེ་ལས་ཅུང་སྟོབས་ཆེ་ན་སྤྱོད་ལམ་དང་ནད་སྟོབས་ཆེ་ན་སྨན་དང་ནད་སྟོབས་ཤིན་ཏུ་ཆེ་བ་ལ་དཔྱད་བཅས་རིམ་པ་བཞིན་དུ་བཅོས་པའམ་ཡང་ན་དང་པོ་ཟས་བཅོས་པ་དང་དེ་མ་ཕན་ན་སྤྱོད་ལམ་གཟབ་པ་དང་དེས་ཀྱང་མ་ཕན་ན་སྨན་གཏོང་བ་དང་དེ་དག་གསུམ་གྱིས་ཀྱང་མ་ཕན་ན་དཔྱད་ཀྱི་ནད་གཞི་དབྱུང་དགོས་པ་ཞིག་རེད།དེ་བས་ཟས་སྤྱོད་སྨན་དཔྱད་བཞི་རིམ་པ་བཞིན་དུ་གཏོང་བ་ནི་བོད་ལུགས་གསོ་རིག་གི་ཐུན་མོང་མ་ཡིན་པའི་སྨན་བཅོས་བྱེད་ཐབས་ཤིག་ཡིན་པ་ཟད།སྨན་བཅོས་རིག་པའི་རྩ་བའི་རྩ་དོན་ཡང་ཡིན་ནོ།།


  གཉིས་པ། ནད་ཀྱི་རྐྱེན་བཤད་པ།
  དེ་ཡང་རྐྱེན་ཞེས་པའི་ནད་དངོས་སུ་སློང་བར་བྱེད་མཁན་ལ་ནད་ཀྱི་རྐྱེན་ཞེས་ཟེར་བ་དང་དེ་ཡང་དུས་རྐྱེན་དང་གདོན་རྐྱེན།ཟས་རྐྱེན།སྤྱོད་ལམ་ཀྱི་རྐྱེན།སྨན་རྐྱེན།དཔྱད་རྐྱེན་བཅས་དྲུག་ཏུ་འཆད་ཡོད་ལ།དེ་ལས་དུས་རྐྱེན་ཞེས་པ་ནི་དུས་ཚིགས་བཞི་བོ་དང་མི་མཐུན་པའི་ལུས་ངག་ཡིད་གསུམ་གྱི་བྱ་བ་དམན་ལྷག་ལོག་པ་ལྟ་བུ་གང་རུང་ཞིག་བྱ་བ་དང་གདོན་རྐྱེན་ནི་རྣམ་རྟོག་རང་བཞིན་ལས་བྱུང་བའི་ཡིད་ལམ་ལོག་པའི་བྱ་བ་ཞིག་ཡིན་ལ།ཟས་རྐྱེན་ནི་ཟས་ཚོད་མ་ཟིན་པ་དང་ཚད་ལས་གདའ་བ།ཉུང་ངུ་ཙམ་བསྟེན་པའམ་ཡང་ན་ཁ་ཟས་མི་བཟའ་བ་སྟེ་ཟས་དམན་ལྷག་ལོག་གསུམ་ལ་བྱ།སྤྱོད་ལམ་ཀྱི་རྐྱེན་ནི་ལུས་ངག་ཡིད་གསུམ་གྱི་བྱ་བ་དམན་ལྷག་ལོག་པ་ལ་བྱ།སྨན་རྐྱེན་ནི་ནད་ངོ་མ་ཟིན་པར་སྨན་ལོག་བསྟེན་པ་ལ་བྱ།དཔྱད་རྐྱེན་ནི་དཔྱད་བཅོས་ལོག་པ་ལ་བྱ་བ་ཡིན།དེ་དག་ལས་དུས་གདོན་ཟས་སྤྱོད་བཞི་བོ་ནི་ནད་པ་དང་འབྲེལ་བའི་རྐྱེན་དང་སྨན་དཔྱད་གཉིས་ནི་སྨན་པའི་ནད་བཅོས་ལོག་པ་ལས་བྱུང་བ་ཞིག་ཡིན་ནོ།བོད་ལུགས་གསོ་རིག་ལས་རྐྱེན་དྲུག་དང་ཡང་ན་རྐྱེན་བཞི་བཅས་མི་འདྲ་བ་ཁག་གཉིས་བཤད་ཡོད་ལ།དེ་ལྟར་བཤད་པ་དེ་ལ་གནས་ལུགས་མེད་པ་ཞིག་གཏན་ནས་མ་ཡིན་ཏེ་རིག་པའི་གཞུང་དང་ནད་ཐོག་ཕྱག་ལེན་གཉིས་ལས་ར་སྤྲོད་བྱུང་བ་ཞིག་ཡིན་མོད།འོན་ཀྱང་དེང་སང་གཞུང་དང་ལག་ལེན་གང་ཡང་མེད་པའི་མི་ཕོ་གཡོ་ཅན་འགའ་ཞིག་གི་བོད་སྨན་ཤེས་མདོག་གི་རྩ་ལ་རེག་ཙམ་དང་ཆུ་ལ་ལྟ་ཙམ་གྱིས་ནད་ངོ་མ་ཟིན་མདོག་གིས་ནད་པ་རྣམས་ལ་མགོ་བསྐོར་ནས་གང་བྱུང་དུ་བོད་སྨན་གཏོང་བ་དང་ཁྱད་པར་དུ་ཐང་མ་བཏང་བར་ཁྲག་གཏེར་མཁན་མང་པོ་ཞིག་འབྱུང་དང་འབྱུང་བཞིན་ཡོད་པ་རེད།འདི་དག་ནི་སྨན་དཔྱད་ཀྱི་རྐྱེན་ངོ་མ་ཡིན་པས་འདི་བཀག་འགོག་མ་བྱས་ན་ནམ་ཞིག་བོད་ལུགས་གསོ་རིག་ནི་འཛམ་གླིང་གི་རིག་གནས་ཉེ་ཅན་གྱི་ཁོངས་སུ་སྒྱུར་ཉེན་ཆེ་བས།དུས་ད་ལྟ་ནས་བཟུང་བོད་གསོ་རིག་ཞབས་འདྲེན་པ་འདི་དག་བཀག་འགོག་ངང་རྩ་མེད་བཟོ་རྒྱུ་ནི་ཤིན་གལ་ཆེའོ།


  གསུམ་པ། ནད་ཀྱི་མཚན་ཉིད་བཤད་པ།
  དེ་ཡང་དངོས་བོ་གར་ཡོད་དེར་མཚན་ཉིད་ཀྱིས་ཁྱབ་པ་དང་མཚན་གར་ཡོད་དེར་དངོས་པའི་ཁྱབ་པ་ཞིག་ཡིན་ཕྱིར་ནད་ལའང་མཚན་ཉིད་ཡོད་དེ་དྭངས་མ་དང་ཁྲག་ཤ་ཚིལ་རུས་པ་རྐང་ཁུ་བ་ལ་སོགས་པའི་ལུས་ཀྱི་ཟུངས་བདུན་དང་བཤང་གཅི་རྔུལ་སོགས་པའི་ལུས་ཀྱི་དྲི་མ་གསུམ།རླུང་མཁྲིས་བད་ཀན་ལ་སོགས་པའི་ལུས་ཀྱི་ཉེས་བ་གསུམ་དང་བཅས་པ་རང་རང་གི་ལྡང་ཚད་ལས་འཕེལ་བ་པའམ་ཟད་པ།ཡང་ན་ཕན་ཚུན་འཁྲུག་པའི་གནས་སྐབས་རུང་ཞིག་ལ་ནད་ཅེས་བརྗོད་པ་ཡིན་ཏེ་བཤད་རྒྱུད་ཀྱི་འཕེལ་འགྲིབ་ནད་ནད་ལས་ནད་ཀྱི་མཚན་ཉིད་འཕེལ་ཟད་འཁྲུག་པ་གསུམ།།འཕེལ་ཟད་ནད་ཟུངས་དྲི་མ་རྣམ་གསུམ་སྟེ།།ཞེས་གསུངས་ཡོད་པ་རེད།


  བཞི་བ། ནད་ཀྱི་འཇུག་ཚུལ་མི་འདྲ་བ་བཤད་པ།
  མ་ཞུ་བ་ལ་སོགས་པའི་ཁོང་ནད་ཚང་མ་འཇུག་སྒོ་ཁ་དང་དང་པོ་འབེབས་ས་ཕོ་བ་ཡིན་པ་དང་སྦྱར་དུག་གི་ནད་ལ་སོགས་པའི་དུག་ནད་འགའ་ཞིག་གི་འཇུག་སྒོ་བ་སྤུ་བུ་ག་དང་དང་པོ་འབེབས་ས་པགས་པ་ཡིན།ཆམ་པ་དང་གཉེན་རིམས་ལ་སོགས་པའི་འགོས་ནད་ཀྱི་རིགས་དག་ནི་འཇུག་སྒོ་སྣ་དང་འབེབས་ས་གློ་བ་ཡིན།མཚན་མའི་ནད་རིགས་ལ་སོགས་པའི་ནད་རིགས་ཁ་ཅིག་སྤྱོད་ལམ་ལོག་པའི་དབང་གིས་འཇུག་སྒོ་དང་འབེབས་སའང་མཚན་མ་ཡིན་པའང་ཡོད་པ་རེད།གཞན་ཕྱི་རྐྱེན་གློ་བུར་ལས་བྱུང་བའི་རྨ་ཡི་རིགས་དག་ཀྱང་འཇུག་སྒོ་དང་འབེབས་ས་པགས་ཤ་ཡིན་པ་རེད།དེ་ལྟར་ཁ་སྣ་པགས་མཚན་ལ་སོགས་པའི་འཇུག་སྒོ་མི་གཅིག་པའི་རྐྱེན་གྱིས་ནད་ཀྱི་འབེབས་ས་ཡང་གཅིག་པ་མ་ཡིན་ཏེ་ཆམ་རིམས་སོགས་དང་པོ་དོན་གློ་བ་དང་མ་ཞུ་ཁོང་ནད་ཀྱི་རིགས་སྣོད་ཕོ་བ།མོ་ནད་ཀྱི་རིགས་མཚན་མ།རྨ་ལ་སོགས་པགས་ཤ་འབེབས་པར་བྱེད་པ་ཡིན་ལ་ཁ་སྣ་པགས་མཚན་སོགས་ལ་བརྟེན་ནས་ནད་ནང་ནས་འཇུག་པ་(ཁོང་ནད་དང་གྱུར་དུག།ཆམ་རིམས)དང་ཕྱི་ནས་འཇུག་པ་(སྦྱར་དུག་དང་མཚོན་རྨ)ཕྱི་ནང་ཀུན་ཁྱབ་དུ་འཇུག་པ་(དུག་ནད)རྣམ་པ་མི་འདྲ་བ་གསུམ་ཡོད་པ་ཡིན་ལ་འཇུག་ཚུལ་མི་འདྲ་དེ་གསུམ་ནི་རང་རེ་བོད་ལུགས་གསོ་རིག་གི་ཐུན་མོང་མ་ཡིན་པའི་ནད་འཇུག་ཚུལ་ཡིན་ནོ།།


  ལྔ་བ། ནང་འཇུག་མ་ཞུ་བད་ཀན་བེ་སྣབས་ཀྱིས་ཁོང་ནད་ཀུན་སྐྱེད་ཚུལ།
  དེ་ཡང་དར་མ་དང་སྟོབས་ལྡན་མེ་དྲོད་ཆེ་བ།ཁ་ཟས་གོམས་པའི་མི་རྣམས་ཀྱི་ཁ་ཟས་གྱོང་བོ་དང་མ་ཚོས་པ་རྗེན་པའི་རིགས།ཟས་རུལ་བ།མི་འཕྲོད་པའི་ཟས།སྔ་མ་མ་ཞུ་བར་ཕྱི་མ་ཟོས་བ་ལ་སོགས་བྱས་ཀྱང་མ་ཞུ་བའི་ནད་མི་འབྱུང་བ་དང་དེ་ལས་ལྡོག་ནས་ལོ་རྒན་པ་དང་ཟུངས་ཟད་ཀྱི་རིགས་དང་རྒྱུན་པའི་ཁ་ཟས་སྐྱ་བོའི་རིགས་ཟ་བར་དགའ་བའི་མི་རྣམས་སམ་ཡང་ན་དལ་བར་འདུག་པའི་མི་རྣམས།མྱ་ངན་མང་བོ་བྱེད་པའི་མི་རྣམས།སེམས་ལས་ཆེ་བའི་མི་རྣམས་ལ་སོགས་ཀྱིས་གོང་བཤད་ཀྱི་ཁ་ཟས་གང་རུང་ཞིག་ཟས་པའི་དབང་གིས་མེ་དྲོད་ལ་ཕོགས་ཐུགས་བཟོས་ནས་བད་ཀན་བེ་སྣབས་མང་དུ་འཕེལ་བས་མྱག་བཞུ་དྭངས་སྙིགས་འབྱེད་མ་ཐུབ་པར་མ་ཞུ་བའི་བེ་སྣབས་དང་བསུད་སྣབས་ལ་སོགས་པའི་སྙིགས་མ་མ་ཞུ་བའི་ནད་བྱུང་བ་ཡིན་ལ།སྙིགས་མ་ཞུ་བའི་ནད་དེའང་དུས་ཐོག་མ་བཅོས་བར་དྭངས་སྙིགས་འདྲེས་ཏེ་མཆིན་པའི་གནས་སུ་ཕྱིན་ནས་དྭངས་མ་མ་ཞུ་བའི་ཁྲག་མཁྲིས་ཚ་བའི་ནད་དག་བྱུང་།དེ་དག་ཀྱང་དུས་སུ་མ་བཅོས་བར་རྙིང་ནས་འདྲིལ་ཟགས་བྱེར་འགྱིངས་ལ་སོགས་པའི་གཅོང་ནད་མ་ལུས་སྐྱེད་པར་འགྱུར་བ་ཡིན་ལ།དེ་ཡང་འདྲིལ་བ་ལས་སྐྲན་ནད་ཀྱི་རིགས་དང་བསགས་པ་ལས་སྐྱ་རྦབ་དང་འོར་དམུ་ཆུ་སོགས་པའི་ཆུ་ནད་མཐའ་དག་དང་བྱེར་བ་ལས་དུག་དང་མཛེ།མེ་དབལ།སུར་ཡ།དྲེག་དང་གྲུམ་བུ།འབྲས།རྐང་འབམ།རྩ་སྐྲན་ལ་སོགས་པའི་ནད་རྣམས་སྐྱེད་པ་དང་འགྱིངས་པ་ལས་སྨུག་པོ་རྒྱས་པ་དང་གབ་པ།མཆེར་པའི་ནད་ལ་སོགས་པ་སྐྱེད་པ་དང་ནད་རྣམས་ཕལ་ཆེར་བ་ཞིག་དྭངས་མ་མ་ཞུ་ལས་སྐྱེད་པ་སྟེ་མ་ཞུ་བ་ལས་མེ་མཉམ་རླུང་གིས་དྭངས་སྙིགས་མ་བྱེ་བར།།སྙིགས་མ་དྭངས་མའི་རྩ་མིག་ཤོར་བ་ཡིས།།མདངས་སྒྱུར་མཁྲིས་བའི་ཟུང་ཁྲག་མ་སྨིན་ཏེ།ཡུན་རིང་མཆིན་གནས་དྭངས་མ་ཞུ་འབྱུང་།།དྭངས་མ་རྙིང་ནས་འདྲིལ་ཟགས་བྱེར་འགྱིངས་བཞི།།འདྲིལ་བའི་སྐྲན་རྣམས་སྐྱེད་པར་བྱེད།།ཟགས་པའི་དམུ་འོར་སྐྱ་རྦབ་སྐྱེད།།བྱེར་བའི་དུག་མཛེམེ་དབའ་འོར་དུ་ལྷུང་།།འབྲས་དང་སུར་ཡ་དྲེག་དང་གྲུམ་དང་།།མིག་སེར་རྩ་སྐྲན་རྐང་འབམ་དུ་མར་འགྱུར།།ཞེས་གསུངས་ཡོད།དེ་དག་གི་རྩ་བ་ལྟ་བུའི་མ་ཞུ་ནད་དེའང་མ་ཞུ་བེ་སྣབས་འཕེལ་ལས་འབྱུང་བ་ཡིན་ལ་བེ་སྣབས་འཕེལ་ཡིས་མེ་དྲོད་རྣམ་གསུམ་གྱི་བྱེད་ལས་ཉམས་པར་བྱས་པ་ཡིན་ཏེ་རྒྱུད་ཀྱི་མ་ཞུ་སྐབས་སུ་མ་ཞུ་བེ་སྣབས་བད་ཀན་འཕེལ་ཡིས།།སྟེང་འོག་མེ་ཉམས་རླུང་རྒྱུའི་ལམ་བཀག་པས།།ཁོང་ཐར་ཟུག་ན་ལ་འོག་རླུང་སྡོམ།།སྒྲེག་པ་མི་ཐོན་མ་ཞུ་ཀུན་གྱི་རྒྱུ།།ཞེས་ཡོད།ཡང་ན་བཅུད་མེད་པའི་ཁ་ཟས་སྐྱ་བོ་རིགས་རྒྱུན་དུ་བསྟེན་པས་དྭངས་ཁྲག་ཤ་ལ་སོགས་པ་རིམ་བཞིན་ཉུང་དུ་སོང་བ་བསྟུན་ནས་ལུས་ཀྱི་ཟུངས་རྣམས་ཀྱང་རིམ་གྱིས་ཟད་ནས་རླུང་ནད་མ་ལུས་སྐྱེད་པ་དང་དེ་དག་ཀྱང་དུས་ལྟར་མ་བཅོས་པའི་རླུང་གནས་འཁྲིས་པས་འཕྲོག།མཁྲིས་གནས་བད་ཀན་གྱིས་བཟུང་ནས་ནད་རླུང་མཁྲིས་བད་གསུམ་ལ་སོགས་པ་ཕན་ཚུན་འཁྲུགས་ཏེ་འདུས་ནད་རྣམས་སྐྱེད་པར་བྱས་ནས་ལུས་སྲོག་རྣམས་ཀྱང་འཇོམས་པར་བྱེད་དོ།།དེ་བས་ནད་གང་ཞིག་བཅོས་ཀྱང་མ་ཞུ་ཕོ་བའི་ནད་རྩ་བར་འཛིན་དགོས་པ་མ་ཟད།ནམ་ཡང་བྱ་ར་སྒྲིམས་དགོས་པ་ཞིག་ཀྱང་རེད།དེ་ལྟར་ཕོ་བ་རྩ་བར་བཟུང་ནས་མཆིན་ལ་མཆིན་སྨན་དང་མཆེར་བ་ལ་མཆེར་སྨན།སྐྲན་ནད་ལ་སྐྲན་སྨན།དྲེག་གྲུམ་ལ་ཆུ་སེར་གྱི་སྨན།དམུ་འོར་སྐྱ་རྦབ་ལ་ཆུ་སྨན།སྨུག་པོ་ལ་སྨུག་པོའི་སྨན་རྣམས་གཙོ་བཟུང་ནས་བྱེར་བ་རྣམས་སྡུད་པ་དང་མ་སྨིན་པ་སྨིན་པར་བྱེད་པ་ལ་སོགས་པ་རང་རང་གང་མཁོ་རྟགས་བསྟུན་ནས་གཉེན་པོ་གཏོང་བ་ནི་བོད་གསོ་རིག་གི་གསོ་བཅོས་རིག་པའི་རྩ་དོན་ཡིན་ནོ།།
 


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།