ལུགས་གཉིས་དང་འགལ་བའི་ཁ་ཟས་སྤང་བར་བསྐུལ་བ།
རྩོམ་པ་པོ།:ཚུལ་ཁྲིམས་བློ་གྲོས།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2014-05-26 10:21:00
ཀློག་གྲངས།:9486
འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་ཕྱག་འཚལ་ལོ། །དེང་སང་གངས་ཅན་གྱི་ལྗོངས་འདི་ན་རྙིང་མ། ས་སྐྱ། བཀའ་བརྒྱུད། དགེ་ལུགས་སོགས་ཐེག་པ་ཆེན་པོའི་བསྟན་རྒྱུན་རྣམ་དག་སྐྱོང་བའི་དགེ་འདུན་གྱི་འདུས་སྡེ་ཕལ་མོ་ཆེ་སྤྱི་དང་བླ་གྲྭ་སྒེར་གྱི་ཞལ་ཟས་ནང་དུ་ཤ་ཁྲག་གི་བཟའ་བཏུང་ཤིན་ཏུ་མང་པོ་འདྲེས་ཡོད་ལ། བོད་ཀྱི་དགེ་འདུན་གྲངས་མང་བས་དེ་ལ་ཤ་ཁྲག་གི་ཞལ་ཟས་འབོར་ཆེན་ཞིག་དགོས། དེའི་དབང་གིས་སེམས་ཅན་ཤིན་ཏུ་མང་པོའི་སྲོག་ལ་དངོས་སམ་བརྒྱུད་ནས་གནོད་པར་གྱུར་པ་ནི་མངོན་སུམ་པ་འདི་ག་ལགས། དེ་ལྟ་ན་རང་གི་འཚོ་བའི་དོན་དུ་སེམས་ཅན་ལ་གནོད་འཚེ་བྱེད་པ་ནི་ནང་པ་སངས་རྒྱས་པའི་ལུགས་ལ་སྤང་བྱའི་གཙོ་བོར་གཞག་དགོས་པ་ཁོ་ན་ཡིན་ཏེ། སློབ་དཔོན་འཕགས་པ་ལྷའི་ཞལ་ནས། ཆོས་ནི་མདོར་ན་མི་འཚེ་བར། །དེ་བཞིན་གཤེགས་པ་རྣམས་ཀྱིས་གསུངས། །ཞེས་གསུངས་པ་ལྟར་ཡིན་པའི་ཕྱིར་རོ། །དེ་ལྟར་སེམས་ཅན་གཞན་རྣམས་ལ་གནོད་པ་འབའ་ཞིག་ཏུ་མ་ཟད་ཀྱི། དགོན་པ་ཆེན་པོ་རྣམས་ཀྱི་དུས་མཆོད་སོགས་ཀྱི་ཚེ་ནའང་ཤ་ཁོག་ཤིན་ཏུ་མང་པོ་དགོས། ཤ་དེ་རྣམས་ཐམས་ཅད་ཀྱང་སེམས་ཅན་རང་རང་ལས་ཀྱིས་ཤི་བའི་ཤ་ནི་ཕལ་ཆེར་གཅིག་ཀྱང་མེད་དེ། ཁ་ཟས་ཀྱི་ཆེད་དུ་དམིགས་ཏེ་བསད་པའི་ཤ་འབའ་ཞིག་ཡིན། བཟའ་བའི་ཆེད་དུ་བསད་པའི་ཤ་ནི་བཟའ་བ་པོ་རང་གི་ཆེད་དུ་བྱས་པར་མཐོང་ཐོས་དོགས་གསུམ་ཡོད་དམ་མེད་ཀྱང་རུང་སྟེ། ཐེག་པ་ཆེན་པོའི་ལུགས་ལ་ནི་མི་རུང་བའི་ཤ་ཁོ་ན་ཡིན་པར་ཐེག་པ་ཆེན་པོའི་བཀའ་དང་བསྟན་བཅོས་མང་པོ་ལས་གསུངས་པས་ན་དགེ་འདུན་ལའང་མ་དག་པའི་ཞལ་ཟས་སུ་འགྱུར་རོ། །
འདི་ནི་སྔོན་གྱི་བླ་མ་གོང་མ་རྣམས་ཀྱི་དུས་ནས་དེ་ལྟར་ཡིན་པས་སྐྱོན་མེད་དོ་སྙམ་ན། མ་ཡིན་ཏེ། སྔོན་གྱི་སྐྱེས་བུ་དམ་པ་རྣམས་ལས་མང་པོ་ཞིག་གིས་རང་གིས་ཤ་སྤངས་པ་དང་གཞན་ལ་སྐུལ་མ་མང་དུ་གནང་མོད། དེའི་དུས་སུ་བོད་ཡུལ་ན་འགྲིམ་འགྲུལ་སོགས་དེང་སང་ལྟར་སྟབས་བདེ་པོ་མེད་པ་དང་ཡུལ་གྲུ་མང་པོར་སྔོ་ཚོད་སོགས་དཀོན་པས་དགེ་འདུན་པ་སྤྱི་ནས་ཉན་ཐོས་ཀྱི་འདུལ་བ་ལས་གསུངས་པ་དེ་ཙམ་ཞིག་མི་བསྟེན་ཀ་མེད་བྱུང་བར་སྣང་། འོན་ཀྱང་ད་ལྟ་དེ་དང་མི་འདྲ་བས་ད་ནི་བསྒྱུར་བཅོས་བྱ་བའི་དུས་ལ་བབ་པ་ཁོ་ན་ཡིན་པར་སེམས་ཏེ། ད་ལྟ་འཛམ་བུ་གླིང་འདིར་དམ་པའི་ཆོས་མི་ཤེས་པ་མང་པོས་ཀྱང་རང་གི་ལུས་ཁམས་བདེ་ཐང་ངམ་སེམས་ཅན་གཞན་ལ་སྙིང་རྗེ་ཕྲན་བུ་རེས་ཀུན་ནས་བསླངས་ཏེ། ཤ་ཁྲག་གི་བཟའ་བཏུང་སྤོང་བར་བྱེད་པ་ཇེ་བས་ཇེ་མང་དུ་འགྲོ་བར་འདུག་ན། རང་རེ་རྣམས་ལ་སྟོན་པ་སངས་རྒྱས་ཀྱི་ཞལ་ནས་མདོ་སྔགས་གཉིས་ཆར་ནི་བཀའ་དེ་ཙམ་ཞིག་སྩལ་འདུག་པས་དེའི་རྗེས་སུ་ཅིའི་ཕྱིར་ན་མི་འབྲང་། སྟོན་པ་ཐུགས་རྗེ་ཅན་གྱིས་རྗེས་སུ་གནང་བའི་དཀར་ཟས་ནི། སྡིག་པ་དང་མ་འདྲེས་པས་ཚེ་ཕྱི་མར་རྣམ་སྨིན་ཡིད་དུ་མི་འོང་བ་མེད་པ་དང་། ཁོར་ཡུག་གཏོར་བརླག་དང་སེམས་ཅན་ལ་གནོད་འཚེ་དང་བྲལ་བས་ཞི་བདེའི་འཚོ་བ། ལུས་ཁམས་བདེ་ཐང་གི་འཕྲོད་བསྟེན་དང་ལྡན་པས་ཚེ་གང་པོར་བསྟེན་ཀྱང་རོ་བཅུད་མ་ཚང་བ་མེད་ཅིང་། ལུས་ཡང་ཞིང་ཚེ་རིང་བར་འགྱུར་བ་སྟེ། མདོར་ན། ཆོས་དང་འཇིག་རྟེན་གཉིས་ཀའི་ཆ་ནས་ཆེས་ཕུན་སུམ་ཚོགས་པའི་འཚོ་བ་ཞིག་ཡིན་པར་མ་ཟད་དུས་རབས་ཀྱི་འགྲོས་དང་མཐུན་ཞིང་། འཛམ་གླིང་གི་མིས་སྔོན་ཐོན་གྱི་འཚོ་བར་རྩི་བའི་ལྗང་མདོག་དང་བདེ་ཐང་གི་ཁ་ཟས་ཀྱང་ཡིན་ནོ། །རང་རེ་བོད་ན་ཁོ་བོ་ཅག་ཐེག་པ་ཆེན་པོ་པ་དང་གསང་སྔགས་བླ་མེད་ཉམས་སུ་ལེན་མཁན་ཡིན་ཟེར་བ་ལས་ངེད་ཐེག་དམན་པ་ཡིན་ཟེར་མཁན་གཅིག་ཀྱང་མེད། དོན་ལའང་དེ་ག་ཡིན་ཏེ་གསང་སྔགས་བླ་མེད་ཀྱི་དབང་དང་ཐེག་ཆེན་སེམས་བསྐྱེད་ཀྱི་ཆོ་ག་མ་ཞུས་པའམ་མི་ཞུ་བ་གཅིག་ཀྱང་མེད། དེའི་ཕྱིར་ཤའི་ཁ་ཟས་སྤང་བ་ལྟ་བུའི་བྱ་བ་ལ་ཐེག་པ་གོང་འོག་གི་བསླབ་བྱ་ནང་འདོམ་ན་གོང་མ་གཙོ་བོར་བྱ་དགོས་པ་ནི་སྨོས་མ་དགོས་སོ། །
དེ་ལས་གཞན་དུ་རང་རེས་ཤ་ཁྲག་མང་པོ་ལ་ལོངས་སྤྱོད་པའི་སྔོན་གྱི་ཁ་ཟས་བསྟེན་ཚུལ་ལོ་སྟོང་ལྷག་གི་རིང་ལ་འཕྲོ་མ་ཆོད་པ་དེ་ནི་སྟོན་པ་སངས་རྒྱས་ཀྱིས་སྐས་ཀྱི་གདང་བུ་བཞིན་དུ་བཅས་པའི་བསླབ་བྱ་གོང་མའམ་མཐར་ཐུག་པ་དང་མི་མཐུན་པས་སངས་རྒྱས་ཀྱི་ཐུགས་དགོངས་མཐར་ཐུག་པ་དང་འགལ། ཤའི་དོན་དུ་གསད་བྱ་ཟོག་ལུག་སོགས་དང་གསོད་བྱེད་ཤན་པ་གཉིས་ཀ་ལ་དངོས་སམ་བརྒྱུད་ནས་གནོད་པ་ཆེན་པོ་བྱས་པས་དམ་པའི་ཆོས་ཀྱི་སྙིང་པོ་མི་འཚེ་བ་དང་འགལ། རང་དོན་དུ་སེམས་ཅན་རྣམས་ལ་སྡུག་བསྔལ་ཆེན་པོ་མྱོང་དུ་བཅུག་པས་འགྲོ་བ་རྣམས་བདེ་ནས་བདེ་བར་འཁྲིད་པའི་འདྲེན་པ་དགེ་འདུན་གྱི་སྤྱོད་ཚུལ་དང་འགལ་ཏེ། དེ་ལྟ་ན་དཀོན་མཆོག་གསུམ་དང་འགལ་ཞིང་། གཞན་གྱི་ལུས་དང་སྲོག་གི་སྡུག་བསྔལ་ལ་ཅི་མི་སྙམ་དུ་འཇོག་པས་རྒྱལ་སྲས་བྱང་ཆུབ་སེམས་དཔའི་བསླབ་བྱ་དང་འགལ། དཔལ་ལྡན་དུས་ཀྱི་འཁོར་ལོ་སོགས་རྒྱུད་དག་ལས་ཀྱང་བཀག་པས་གསང་བ་སྔགས་ཀྱི་དམ་ཚིག་དང་ཡང་འགལ། ཤ་ཁྲག་གི་ཁ་ཟས་མང་དུ་བསྟེན་པས་ཤ་རྒྱགས། གཉིད་རྨུགས་ཆེ། ནད་རིགས་དུ་མ་བསྐྱེད་ནས་དགེ་སྦྱོར་དང་ལུས་སྲོག་གི་བར་ཆད་དུ་འགྱུར་བས་ཤེས་རབ་དང་ལྡན་པའི་འཚོ་བ་བསྟེན་ཚུལ་དང་འགལ། གདུག་རྩུབ་ཀྱི་སྤྱོད་པ་ཡ་ང་བ་དང་དངོས་སུ་འབྲེལ་བས་འཛམ་གླིང་གི་མིས་ཡིད་སྨོན་བྱ་ཡུལ་ཞི་བདེའི་འཚོ་བ་དང་འགལ། ཁྱད་པར་དུ་ཐེག་པ་ཆེན་པོའི་མདོ་སྔགས་ཆོས་ཚུལ་རྒྱ་མཚོའི་སྙིང་པོ་བྱམས་སྙིང་རྗེ་དང་འགལ་བ་ལ་སོགས་པ་ཉེས་པ་ཆེས་ཤིན་ཏུ་མང་བས་དགེ་འདུན་གྱི་འདུས་སྡེ་སོ་སོའི་དགེ་སྐོས་སོགས་དགེ་འདུན་གྱི་ཞལ་ཏ་བྱེད་པ་རྣམས་ཀྱིས་དགེ་འདུན་ལ་གྲོས་བསྡུར་དང་ཐུགས་བབས་ཞུས་ཏེ། སྟོན་པ་ཐམས་ཅད་མཁྱེན་པ་འགྲོ་བ་ཡོངས་ཀྱི་མ་འདྲིས་པའི་མཛའ་བཤེས་ཆེན་པོ་དེ་ཉིད་ཀྱིས་བྱང་ཆུབ་སེམས་དཔའི་སྡེ་སྣོད་ལས་ཇི་ལྟར་བཅས་པ་བཞིན་དུ་ཕྱག་ལེན་དུ་ཐེབས་པར་མཛད་པ་ནི་གངས་ཅན་གྱི་བསྟན་འགྲོ་སྤྱི་ལ་ཆེས་གལ་ཆེ་བས། རང་གི་ལྕེ་ཤེས་ཀྱི་དོན་དུ་སེམས་ཅན་གཞན་གྱི་ལུས་སྲོག་གི་གནོད་འཚེ་ལ་ཅི་མི་སྙམ་པའི་གང་ཟག་བརྩེ་མེད་འདོད་རྔམས་ཅན་དག་གི་ངག་ལ་མི་ཉན་པར་སྟོན་པའི་བཀའ་དཔང་པོར་བྱས་ཏེ་བསྒྱུར་བཅོས་ཡང་དག་པ་ཞིག་བྱ་དགོས་ཏེ། རང་རེ་རྣམས་ཀྱི་འཚོ་བའི་དོན་དུ་སེམས་ཅན་དེ་འདྲ་མང་པོ་ཞིག་གིས་སྲོག་འདོར་བའི་སྡུག་བསྔལ་མྱང་དགོས་པར་འདུག་ན་ད་དུང་དེ་མ་གོ་ཁུལ་བྱ་རྒྱུ་ག་ལ་ཡོད། སེམས་ཅན་ལ་ཕན་པའི་བསམ་པ་དང་སྦྱོར་བ་མེད་ན་མི་ཚེ་གང་པོར་མཚན་ཉིད་སྦྱངས་ནས་ཚིག་གི་འཐེན་ཁྱེར་གྱིས་དུས་འདའ་བར་བྱས་ཀྱང་དོན་འབྲས་ཅི་ལྟ་བུ་ཞིག་ཡོད་པ་བསམ་པར་བྱ་དགོས་སོ། །བླ་ཆེན་དང་སྤྲུལ་ཆེན་ནུས་པ་ཅན་དག་གིས་གསུངས་ན་ལས་སླ་མོད། དེ་མིན་ཡང་ཁོ་བོ་ཅག་གྲྭ་རྐྱང་དཀྱུས་མ་ཡན་ཆད་ལའང་ལྷག་བསམ་དང་སྙིང་སྟོབས་ཡོད་ན་རང་ཚོད་དང་བསྟུན་པའི་བྱ་བ་ཅིའི་ཕྱིར་མི་འགྲུབ། གཞན་དུ་མི་སྐྱ་ཕོ་མོ་རྣམས་ལ་ཐ་མག་འཐེན་མི་ཆོག ཆང་བཏུང་མི་ཆོག་ཟེར་ཞིང་། རང་གིས་སེམས་ཅན་བསད་པའི་ཤ་ཁྲག་ལ་ངོམས་མེད་དུ་ལོངས་སྤྱད་ནས་བཞུགས་ཚེ་ཐེག་པ་ཆེན་པོའི་ཆོས་ཀྱི་སྙིང་དོན་ཤེས་མཁན་ཞིག་གིས་བལྟས་ན་ཅི་འདྲ་ཞིག་ཡིན་འོང་། དེས་ན་ཁོ་བོ་ཅག་གིས་རང་ནུས་དང་བསྟུན་ཏེ། དཀར་ཟས་ལ་དོན་དང་མཐུན་པའི་བསྔགས་པ་དང་། དེ་དང་དུ་ལེན་པར་བསྐུལ་སློང་དང་། དེའི་སྐོར་གྱི་སློབ་གསོ་སོགས་ཀྱི་བྱ་བ་ཕྲན་བུ་རེ་སྤེལ་མུས་སུ་ལགས་ཏེ། རིས་སུ་མ་ཆད་པའི་སེར་སྐྱ་ལྷག་བསམ་ཅན་དང་སྙིང་རྗེ་ཅན་ཐམས་ཅད་ཀྱིས་རྒྱབ་སྐྱོར་དང་ཤུགས་སྣོན་ཅི་འབྱོར་གནང་བར་ཞུའོ། །ཞེས་པ་ནི་རབ་རྒྱན་ཤིང་སྤྲེལ་དབྱར་ཟླ་ཐ་ཆུང་གི་ཚེས་ཉི་ཤུ་ཉིན་གངས་ཅན་གྱི་བསྟན་འགྲོ་ཡོངས་ལ་བཀའ་དྲིན་ལྷག་པར་ཆེ་བ་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་སྐུ་གདུང་མཆོད་རྟེན་བཞུགས་གནས་སྙེ་ཐང་སྐུ་འབུམ་ལྷ་ཁང་དུ་ཚུལ་ཁྲིམས་བློ་གྲོས་ཀྱིས་བྲིས་པ་དགེ་ལེགས་སུ་གྱུར་ཅིག། །།

འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།