ཨེ་ཛི་ནད་ཡམས་སྔོན་འགོག་གི་ཤེས་བྱ་ཕྲན་བུ།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2013-07-16 15:56:00 ཀློག་གྲངས།:

ཨེ་འགོག་ཉིན་རེའི་ལན་ལས།  བོད་རིགས་བུད་མེད་ཚོས་ཇི་ལྟར་རང་རྟོགས་སྒོས་ཨེ་ཛི་ནད་ཡམས་སྔོན་འགོག་བྱ་དགོས།

  སྤྱིར་བོད་པའི་བུད་མེད་ཀྱི་གོ་གནས་མཐོ་དམན་གྱི་ཐད་ལ་ལྟ་སྟངས་མི་འདྲ་བ་དུ་མ་ཞིག་ཡོད་ལ། དེ་དག་ལ་རེ་རེ་ནས་དབྱེ་ཞིབ་བྱ་དགོས་ན་བོད་ཀྱི་རིག་གནས་དང་ལོ་རྒྱུས། སྤྱི་ཚོགས་སྒྲིག་གཞི། ཁྱིམ་མིའི་ལས་བགོས་སོགས་ཕྱོགས་མང་པོ་ཞིག་གི་ཐད་ནས་ཞིབ་འཇུག་དང་རྒྱུས་ལོན་བྱ་དགོས་རུང་། སྐབས་འདིར་གླེང་བྱ་གཙོ་བོ་ནི་མོ་དབང་མ་ཡིན་པར་ཨེ་ཛི་ཡིན་པས་དེའི་སྐོར་འདིར་མི་སྤྲོས། ཡིན་ནའང་། རིག་གནས་ཀྱི་དབང་གིས་བརྩེ་སྦྱོར་དང་འབྲེལ་བའི་བགྲོ་གླེང་བྱས་ན་ངོ་ཚ་བ་དང་། གསང་ནད་སོགས་བརྟག་བཅོས་བྱ་བར་ངོ་ཚ་བ། བུད་མེད་ཀྱིས་སྲུང་ཤུབས་ཉོ་བ་ངོ་ཚ་བ་དང་། བུད་མེད་ལ་སྐྱེས་པ་འདེམས་པའི་དབང་ཆ་ཡོད་མེད་དང་། བུད་མེད་ལ་བརྩེ་སྦྱོར་བྱེད་མི་བྱེད་ཀྱི་དབང་ཆ་ཡོད་མེད། བརྩེ་སྦྱོར་བྱས་རུང་སྲུང་ཤུབས་གྱོན་མི་གྱོན་གྱི་དབང་ཆ་ཡོད་མེད་སོགས་ཚང་མ་ནི་ཨེ་ཛི་སྔོན་འགོག་བྱེད་པར་ངེས་པར་ཏུ་བསམ་བློ་གཏོང་དགོས་པའི་གནས་རེ་ཡིན་ཞིང་། གནད་དོན་དེ་སེལ་བར་སྤྱི་ཚོགས་ཡོངས་ཀྱིས་དོ་སྣང་བྱ་དགོས་ལ། བུད་མེད་ཙམ་གྱིས་མ་ཚད། སྐྱེས་པ་ཚོས་ཀྱང་མངོན་དུ་མ་གྱུར་བའི་བུད་མེད་ཀྱིས་ཁེ་དབང་དེ་དག་ལ་བརྩོན་ལེན་བྱེད་པར་རྒྱབ་སྐྱོར་བྱ་འོས། སྤྱིར་ཕྱི་ཚུལ་ནས་བལྟས་ན་གོང་གི་གནད་དོན་དེ་དག་སེལ་བར་མི་རིགས་ཀྱི་རིག་གནས་དང་སྤྱི་ཚོགས་ཀྱི་སྒྲིག་གཞི་མང་པོ་ཞིག་ལ་ཕོག་ཐུག་གཏོང་དགོས་པ་འདྲ་ཞིག་ཡོད་རུང་། དོན་དུ་གཤམ་གྱི་བྱེད་སྒོ་དག་སྤེལ་བས་ཀྱང་གང་ལ་གང་འཚམས་ཀྱིས་གནད་དོན་སེལ་ཐུབ་ཀྱི་ཡོད་ལ། རིམ་བཞིན་འབྲེལ་ཡོད་ཀྱི་རིག་གནས་དང་སྒྲིག་གཞི་ལའང་འགྱུར་བ་འགྲོ་ཐུབ་པ་ཞིག་ཡིན་ཏེ། བུད་མེད་སྨན་པ་དང་ཨེ་འགོག་སློབ་གསོ་དྲིལ་སྒྲོག་པ་སྟེ་ལྷག་པར་ཏུ་ཇོ་མོ་སྨན་པ་དང་སློབ་གསོ་དྲིལ་སྒྲོག་པ་གསོ་སྐྱོང་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་། སྤུན་གྲོགས་སློབ་གསོ་བ་(同伴教育员)གསོ་སྐྱོང་བྱ་བ། སྤུན་གྲོགས་སློབ་གསོ་ཟེར་བ་ནི་ལོ་ཚོད་གཅིག་པ་དང་། རིག་གནས་ཀྱི་རྒྱབ་ལྗོངས་གཅིག་པ། ལས་རིགས་དང་དགའ་ཕྱོགས་གཅིག་པའི་སྤུན་ཟླའམ་གྲོགས་པོའི་ཁ་ཏ་དང་སློབ་གསོ་ལ་ཟེར་གྱི་ཡོད། ཐབས་ལམ་དེ་རང་བཞིན་གྱི་བུད་མེད་དང་། མོ་ནད་ཅན་གྱི་བུད་མེད། ཨེ་ཛིའི་ནད་དུག་ཅན་དང་ནད་པ་སོགས་གང་རུང་ལ་འབྲེལ་ཡོད་ཀྱི་ཤེས་བྱ་ངོ་སྤྲོད་བྱེད་པར་འཚམ་པོ་ཡོད། ཁོང་ཚོ་བོད་ཡུལ་གྱི་ས་ཆ་སོ་སོར་ཕྱིན་ཏེ་ཨེ་འགོག་ཤེས་བྱ་དྲིལ་སྒྲོག་དང་བདེ་སྲུང་རྒྱུ་ཆ་སྟེ། བུད་མེད་ཀྱི་སྲུང་ཤུབས་ཏེ་མོ་ཤུབས་མཁོ་འདོན་བྱེད་པ། སྲུང་ཤུབས་བེད་སྤྱོད་བྱ་ཐབས་དང་དེ་བེད་སྤྱོད་བྱས་པའི་དགོས་པ་ངོ་སྤྲོད་བྱ་རྒྱུ། སྐྱེས་པ་ཚོར་སྲུང་ཤུབས་བེད་སྤྱོད་བྱ་དགོས་པའི་སྐོར་གྱི་སློབ་གསོ་གཏོང་ཐབས་སློབ་པ། གཞན་ས་ཆ་སོ་སོར་བུད་མེད་བདེ་ཐང་བློ་འདོན་ཞབས་ཞུ་ལྟེ་གནས་འཛུགས་པ་དང་། བུད་མེད་བདེ་སྲུང་ཤེས་བྱ་དྲིལ་སྒྲོག་རུ་ཁག་འཛུགས་པ། བུད་མེད་ཀྱི་བདེ་ཐང་སྐོར་གྱི་ཚོགས་འདུ་ཚོགས་པ་དང་བགྲོ་གླེང་བྱས་པ། བུད་མེད་བདེ་ཐང་ཤེས་བྱའི་འཕྲིན་ལམ་གསར་འཛུགས་བྱེད་པ་སྟེ། དཔེར་ན། བརྙན་འཕྲིན་ལེ་ཚན་དང་དྲྭ་ཚིགས། དུས་དེབ་དང་ཚགས་པར། ཕྲན་འཕྲིན་དང་པོད་ཕྲན་ཚོགས་པ། བུད་མེད་ཀྱི་བདེ་ཐང་བློ་འདོན་ཁ་པར་སོགས་འཛུགས་གཉེར་བྱེད་པ་སོགས་བྱ་དགོས་ཤིང་། མི་སྒེར་ངོས་ནས་ཨ་རོགས་མང་པོ་མི་འཚོལ་བ་དང་། ཨ་རོགས་བཙལ་ཀྱང་གཉེན་སྒྲིག་བྱ་བའི་འཆར་གཞི་སོགས་མེད་ན་ལུས་འབྲེལ་བྱེད་སྐབས་སྲུང་ཤུབས་གྱོན་དུ་འཇུག་པ། ནམ་རྒྱུན་ལུས་པོར་བདག་གཅེས་བྱེད་པ་དང་། མཚན་མ་དང་འབྲེལ་བའི་ན་ཚ་བྱུང་སྐབས་དུས་ལྟར་སྨན་པར་བསྟེན་པ། སྨན་པའི་བཀའ་བཞིན་སྨན་ཐུན་ཚང་མ་ཡང་དག་པའི་སྒོས་འཐུང་བ་དང་། ནམ་རྒྱུན་ལུས་པོ་ཞིབ་བཤེར་བྱ་བའི་གོམས་གཤིས་ཆགས་པ་དང་། གཉེན་བསྒྲིགས་མ་བྱས་པའི་བུད་མེད་ཡིན་ན་སྲུང་ཤུབས་ཉོས་ཏེ་ལུས་ལ་ཉར་བ་དང་། གཉེན་བསྒྲིགས་བྱས་རྗེས་བཟའ་རོགས་དང་ལུས་གཅིག་སེམས་གཅིག་གིས་བརྩེ་བ་རོལ་ཐབས་ཀྱི་ཡོན་ཏན་ལ་ལུས་སེམས་གོམས་པར་བྱེད་རྒྱུ་བཅས་སོ། ། 


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།