ཨེ་ཙི་འགོས་ནད་སྔོན་འགོག་སྐོར་གྱི་བྱེད་སྒོ་ཞོན་ཧྭ་ནས་སྤེལ་བ།
མཚོ་སྔོན་གསོ་རིག་སློབ་གླིང་གི་ཤེས་རམས་པ་གཡང་མོ་ཚེ་རིང་ལ་སྐུད་ལམ་བརྒྱུད་དེ་བཅའ་འདྲི་བྱས་པ་ལྟར་ན། ཁོ་ཚོའི་བོད་ཁུལ་བོད་རིགས་བུད་མེད་ཡོངས་ལ་ལུས་པོ་བདེ་ཐང་དང་ཚེ་སྲོག་ལ་གཅེས་སྤྲས་བྱས་པའི་སྐོར་གྱི་ཤེས་བྱ་བརྒྱུད་བསྒྲགས་བྱེད་ཆེད། ལོ་རེར་རོང་འབྲོག་ས་ཁུལ་མང་པོ་ཞིག་ཏུ་ཨེ་ཙི་མཚན་མའི་འགོས་ནད་སྔོན་འགོག་སྐོར་གྱི་བྱེད་སྒོ་སྤེལ་ཞིང་། ད་ལོ་ཡང་ཞོན་ཧྭ་རྡོ་སྦིས་ནས་སྤེལ་བ་རེད།
སྤྱི་ཟླ12བའི་ཚེས1ཉིན་ནི་འཛམ་གླིང་ཨེ་ཙི་ནད་ཀྱི་ཉིན་མོ་ཡིན་ལ། ཉེ་ལམ་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོ་ནང་དུ་ཡང་སློབ་མ་ཚོགས་པ་གཙོ་བྱེད་པའི་ཚོགས་པ་མང་པོ་ཞིག་གིས་ཨེ་ཙི་འགོག་ནད་བྱ་ཐབས་སྐོར་གྱི་ཤེས་བྱ་དང་འཕྲོད་སྟེན་རྒྱུན་ཤེས་སྐོར་གྱི་ཤེས་བྱ་བརྒྱུད་བསྒྲགས་བྱེད། ཨེ་ཙི་འགོས་ནད་བརྗོད་བྱ་གཙོ་བོ་བྱེད་པའི་ཟློས་གར་འཁྲབ་སྟོན་སོགས་བྱ་འགུལ་རབ་དང་རིམ་པ་སྤེལ།
ཐེངས་འདིའི་བྱེད་སྒོ་ལ་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་རྒན་དཔའ་མོ་ལགས་ཀྱིས་མ་དངུལ་བཙལ་ཏེ་མཐུན་རྐྱེན་སྦྱར་བ་དང་། མཚོ་སྔོན་ཞིང་ཆེན་སློབ་གསོ་ཐིན་གྱི་མཁར་མོ་རྒྱལ། མཚོ་སྔོན་གསོ་རིག་སློབ་གླིང་གི་ཤེས་རམས་པ་གཡང་མོ་ཚེ་རིང་སོགས་ཀྱིས་རྩ་འཛུགས་བྱས་ནས། སྲིན་མོ་བུད་མེད་ཚོགས་པས་ཉིན་གཉིས་ཀྱི་རིང་ལ་ཞོན་ཧྭ་རྡོ་སྦིས་ཀྱི་རོང་སྡེ་དྲུག་ནས་བརྙན་རིས་དང་འདྲ་པར་གྱི་ལམ་ནས་ཨེ་ཙི་མཚན་མའི་འགོས་ནད་སོགས་ཀྱི་འབྱུང་རྐྱེན་དང་འགོག་ཐབས་སྐོར་གྱི་ཤེས་བྱ་བརྒྱུད་བསྒྲགས་བྱེད་པ་མ་ཟད། མི་རེར་སྨན་དང་ནང་གོས་རེ་སྦྱིན།
ཐེངས་འདིའི་བྱ་འགུལ་ལ་འདོད་རྩེ་སྡེ་བའི་སྐྱེས་མ40ལྷག་དང་། ཉིན་པ་སྡེ་བའི་སྐྱེས་མ20ལྷག སྤྲེལ་ལུང་དང་ཧོར་གྲོལ་བ། ཧོར་རོལ་འབོལ་བཅོས་སྡེ་བ་གསུམ་གྱི་སྐྱེས་མ80ལྷག་བཅས་ཁྱོན་སྡོམ་སྐྱེས་མ་140ལྷག་འདུས། དེ་མིན་ད་དུང་རྡོ་སྦིས་ཡུལ་ཚོ་སྲིད་གཞུང་འབྲེལ་ཡོད་མི་སྣ་དང་སྡེ་བ་སོ་སོའི་སྡེ་དཔོན་རྒྱབ་སྐྱོར་ཆེན་པོ་ཐོབ།
བྱ་འགུལ་ཁྲོད་སྐྱེས་མ་མང་པོ་ཞིག་གིས་འདིའི་སྐོར་ཀྱི་ཤེས་བྱ་བརྒྱུད་བསྒྲགས་བྱེད་པ་ལ་བཀའ་དྲིན་དང་རྗེས་ཕྱོགས་ཀྱང་འདིའི་ཐད་ནས་བྱེད་སྒོ་མང་དུ་སྤེལ་བའི་རེ་བ་བཏོན། ཐེངས་འདིའི་བྱེད་སྒོ་བདེ་ལེགས་ངང་མཇུག་སྒྲིལ་ཞིང་། བོད་ཁུལ་ཀྱི་བུད་མེད་ཡོངས་ལ་བདེ་ཐང་གཙིགས་སུ་འཛིན་པ་དང་། བདག་གཅེས་ཀྱི་འདུ་ཤེས་ཞིག་གམ་ཡང་ན་ཚེ་སྲོག་ལ་གཅེས་སྤྲས་བྱེད་པའི་འདུ་ཤེས་ལེགས་པོ་ཞིག་ཆགས་ཕྱིར།ཨེ་ཙི་མཚན་མའི་འགོས་ནད་འགོག་ཐབས་ལ་སོགས་ཀྱི་བདེ་ཐང་སྐོར་མང་དུ་སྤེལ་བ་དང་། རྒན་དཔའ་མོ་ལ་སོགས་པའི་གཞན་ཕན་གྱི་སྙིང་སྟོབས་ལ་རྗེས་སུ་ཡི་རངས་དང་སློབ་སྦྱོང་བྱས་ནས། བོད་རིགས་བུད་མེད་ཀྱི་བདེ་ཐང་ལ་ཐུགས་ཁུར་གནང་བའི་མི་ཡང་ཇེ་མང་ནས་ཇེ་མང་དུ་འགྲོ་བར་ངེས།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com