གློ་གཅོང་ནད་ཇི་ལྟར་སྔོན་འགོག་བྱེད་དགོས།
རྩོམ་པ་པོ།:སྒྲོལ་མ་སྐྱིད།
ཡོང་ཁུངས།:
དུས་ཚོད།:2010-11-08 11:05:00
ཀློག་གྲངས།:
གལ་ཏེ་རང་ཉིད་ལ་གློ་གཅོང་ནད་བྱུང་ཚེ་ཇི་ལྟར་བྱེད་དགོས།
གལ་ཏེ་རང་ཉིད་ལ་གློ་གཅོང་ནད་བྱུང་ཚེ། སྨན་པའི་བཤད་པ་ལྟར་དུ། སྨན་འཐུང་བ་རྒྱུན་འཁྱོངས་བྱས་ཏེ། གསོ་བཅོས་ཀྱི་དུས་ཡུན་ལོངས་སུ་འཇུག་དགོས་བ་མ་ཟད། ད་རུང་དུས་ལྟར་སྨན་ཁང་ལ་སོང་ནས་ལུད་པར་ཞིབ་བཤེར་བྱེད་དགོས། དེ་མིན་ཁྱིམ་མི་དང་ལས་གྲོགས། སློབ་གྲོགས་བཅས་ཀྱི་ཁྲོད་གློ་གཅོང་ནད་ཡིན་པར་དོགས་པ་ཟ་མཁན་ལ་མྱུར་དུ་གློ་གཅོང་ནད་འགོག་བཅོས་སྡེ་ཁག་ཏུ་སོང་ནས་ལུས་པོར་ཞིབ་བཤེར་བྱེད་པར་སྐུལ་སློང་བྱེད་དགོས། དེ་མིན་འཕྲོད་བསྟེན་གོམས་སྲོལ་བཟང་བོ་ཆགས་པར་བྱེད་པ་དང་། མི་གཞན་པའི་མདུན་དུ་མི་ལུ་བ། གང་སར་ཁ་ལུད་མི་འཕེན་པ། ཁ་ཐུམ་རྒྱག་པ། རྒྱུན་དུ་སྒོ་དང་དྲ་མ་ཕྱེས་བ། དུ་བ་ཆང་གཅོད་པ། ངལ་གསོ་འོས་འཚམ་བྱེད་དགོས། ཟ་མའི་ཕྱོགས་ནས་ཤ་གསར་བ་དང་སྔོ་ཚོད། སིལ་ཏོག་སོགས་མང་པོ་ཟ་དགོས། ལྭ་ཅོ་དང་ཚུའུ་སོགས་ཕོག་ཐུག་ཆེ་བའི་ཟས་རིགས་གཏན་ནས་ཟ་མི་རུང་། གཞན་ད་རུང་ལུས་ཕུང་སྦྱོང་བརྡར་འོས་འཚམ་བྱས་ན་ནད་དྲག་པར་ཕན་པ་དང་། གློ་གཅོང་ནད་པས་ངེས་པར་དུ་གློ་གཅོང་ནད་ཆེད་བཅོས་སྨན་ཁང་དུ་སོང་ནས་སྨན་བཅོས་བྱེད་དགོས་ལ། སྨན་པ་དང་གསོ་སྦྱོང་བྱས་མྱོང་བའི་ཁྱིམ་མི་བཅས་ཀྱི་ལྟ་སྐུལ་འོག་ནས། ཇ་ཁ་རེ་རེའི་སྨན་དུས་ཚོད་ལྟར་དུ་འཐུང་དགོས་ལ། སྨན་འཐུང་རྒྱུ་བརྗེད་པ་དང་ཡང་ན་ཇེ་ཉུང་དུ་བཏང་ནས་འཐུང་བ་བཅས་བྱེད་མི་རུང་། གློ་གཅོང་ནད་གསོ་བཅོས་བྱེད་ན་ངེས་པར་དུ་སྨན་བཅོས་ཀྱི་དུས་ཡུན་ལོངས་བར་ཁག་ཐེག་བྱེད་དགོས་བ་དང་། ཚད་ལྡན་ལྟར་སྨན་བཅོས་བྱེད་རྒྱུ་རྒྱུན་འཁྱོངས་བྱས་ན། བརྒྱ་ཆའི་གོ་ལྔ་ཡན་གྱི་ནད་པ་དྲག་ཐུབ་པ་ཡིན། སྨན་བཅོས་བྱས་ནས་ནད་རྟགས་ཡོངས་སུ་མེད་ན་ཡང་། གློ་གཅོང་ནད་དྲག་ཟིན་པ་མིན་ལ། གལ་ཏེ་ཚད་ལྡན་གྱི་སྨན་བཅོས་དུས་ཡུན་ལྟར་སྨན་བཅོས་མ་བྱས་པར་རང་ཤུགས་ཀྱིས་སྨན་འཐུང་མཚམས་འཇོག་པའམ་ཡང་ན་མཚམས་རེར་འཐུང་བ་དང་མཚམས་རེར་འཐུང་མཚམས་འཇོག་པ་བཅས་བྱས་ན། གློ་གཅོང་ནད་གསོ་བཅོས་བྱེད་དཀའ་བ་མ་ཟད། ཡང་བསྐྱར་འཕར་སླ་བས། གློ་གཅོང་ནད་པས་སྨན་བཅོས་ཀྱི་དུས་ཡུན་ལོངས་སུ་འཇུག་རྒྱུ་ནི་ཧ་ཅང་གལ་ཆེ་བ་རེད།
གློ་གཅོང་ནད་བྱུང་ཚེ་དྲག་ཏུ་འཇུག་ཐུབ་བམ། དེ་ལ་ལྟ་སྟངས་ཇི་འདྲ་འཛིན་དགོས།
ལོ་ལྔ་བཅུ་ནས་དྲུག་ཅུའི་སྔོན་ལ། གློ་གཅོང་ནད་གསོ་བཅོས་བྱེད་པའི་སྨན་རྫས་མེད་ལ། གློ་གཅོང་ནད་བྱུང་ཚེ་ངལ་གསོ་དང་འཚོ་བཅུད། དེ་མིན་ཕྱི་ནད་ཚན་ཁག་གི་བཅོས་ཐབས་ཁོ་ནར་བརྟེན་བཞིན་ཡོད་པས། གློ་གཅོང་ནད་སངས་དྲག་འབྱུང་ཚད་དེ་བརྒྱ་ཆའི་ཉེར་ལྔ་ཙམ་རེད། དུས་རབས་ཉི་ཤུ་བའི་ནང་གློ་གཅོང་ནད་འགོག་པའི་སྨན་རྫས་གསར་དུ་ཐོན་ནས་གློ་གཅོང་ནད་བྱུང་བའི་ནད་པ་སངས་དྲག་འབྱུང་བའི་གོ་སྐབས་ཐོབ། རྒྱལ་ཁབ་ཕྱི་ནང་གི་ཞིབ་འཇུག་རབ་དང་རིམ་པ་ལས་ཤེས་བ་ལྟར་ན། སྨན་རྫས་ལེན་མིས་སུའུ(链霉素)དང་། ཡིས་ཡན་ཅིན(异烟肼) ལིས་ཧྥུའུ་ཕེན(利福平) པིས་ཆིན་ཞན་ཨན(吡嗪酰胺)བཅས་སྨན་རྫས་བཞི་བོ་དེ་མཉམ་དུ་བཀོལ་བའི་ཐབས་ཀྱིས་གློ་གཅོང་ནད་གསོ་བཅོས་བྱས་པའི་ཕན་ནུས་དེ་བརྒྱ་ཆའི་དགུ་ཅུ་ཡན་ཡིན་པ་དང་། བྱེད་ཐབས་གཞན་པས་གསོ་བཅོས་བྱས་པའི་ཕན་ནུས་ཅུང་ཞན་པ་རེད།
གློ་གཅོང་ནད་འགོག་བཅོས་བྱེད་སྐབས་སྨན་གྱི་ཕན་ནུས་མཐོ་ཞིང་དུག་ཚད་དམའ་བའི་སྨན་རྫས་གདམ་ནས་བཀོལ་བ་དང་། གསོ་བཅོས་ཀྱི་ཇུས་གཞིའི་ནང་ཉུང་མཐར་ཡང་འབུ་ཕྲ་གསོད་པའི་སྨན་སྣ་གསུམ་འཛོམ་དགོས། ཡིས་ཡན་ཅིན(异烟肼)དང་ ལིས་ཧྥུའུ་ཕེན(利福平)ནི་གཞི་རྩའི་སྨན་རྫས་གལ་ཆེན་ཡིན་ལ། དེའི་ཁར་པིས་ཆིན་ཞན་ཨན(吡嗪酰胺)དང་ཡིས་ཨན་ཏེན་ཁྲོན(乙胺丁醇) ཡང་ན་ལེན་མིས་སུའུ(链霉素)བཅས་མཉམ་དུ་བཀོལ་ན། འབུ་ཕྲ་བསད་ནས་ནད་ཡང་བསྐྱར་འཕར་བ་ཇེ་ཉུང་དུ་གཏོང་བའི་ནུས་པ་ཐོན་ཐུབ། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་གློ་གཅོང་ནད་པའི་གསོ་བཅོས་དུས་ཡུན་དེ་ཟླ་དྲུག་ནས་ཟླ་བརྒྱད་བར་དུ་གཏན་ཁེལ་བྱས་ཡོད་ལ། ནད་དྲག་ཚད་བརྒྱ་ཆའི་གྱ་ལྔ་ཡན་དུ་བསླེབས་ཐུབ།
གློ་གཅོང་ནད་ལ་ངོས་འཛིན་བྱས་པའི་ནད་པ་དང་ནད་གཞི་རྙོག་འཛིང་ཆེ་བའི་ནད་པ། ནད་གཞི་ཇེ་སྡུག་ལ་སོང་བའི་ནད་པ་བཅས་ཚང་མས་དུས་སྔ་མོ་དང་ཆོས་ཉིད་ལྡན་པ། ཚད་ལོངས་བ། མཉམ་འབྲེལ། ཚད་རན་པ་བཅས་ཀྱི་གསོ་བཅོས་རྩ་དོན་ལྟར། སྨན་བཅོས་མི་སྣའི་མཛུབ་སྟོན་དང་རོགས་རམ་འོག་གློ་གཅོང་ནད་འགོག་པའི་སྨན་རྫས་བཀོལ་ནས་གསོ་བཅོས་བྱས་ན་གློ་གཅོང་འབུ་ཕྲ་བསད་ནས་ནད་སངས་དྲག་འབྱུང་བའི་དམིགས་ཡུལ་དུ་བསླེབས་ཐུབ། གལ་ཏེ་ཚད་ལྡན་གྱིས་གསོ་བཅོས་བྱེད་པ་དང་གསོ་བཅོས་ཀྱི་དུས་ཡུན་ལོངས་སུ་འཇུག་ཚེ། གློ་གཅོང་ནད་པ་མང་ཆེ་བ་ཞིག་གི་ནད་སངས་དྲག་འབྱུང་ཐུབ།
གློ་གཅོང་ནད་པར་སྨན་གྱི་ནུས་པ་མི་ཐོན་པའི་རྒྱུ་རྐྱེན་ཅི་ཡིན།
སྨན་གྱི་ནུས་པ་མི་ཐོན་པའི་རྒྱུ་རྐྱེན་གཙོ་བོ་ནི་ནད་པས་ནད་གཞིར་ངོས་མ་ཟིན་པ་དང་འགོར་འགྱངས་སུ་བཏང་བ། རྫས་འགྱུར་སྨན་ཀྱི་གསོ་བཅོས་ཇུས་གཞི་ལུགས་མཐུན་མིན་པ། སྨན་གང་བྱུང་དུ་བཀོལ་བ། ནད་པའི་རིག་གནས་བྱང་ཚད་དང་བདེ་ཐང་ཆུ་ཚད། དཔལ་འབྱོར་རྨང་གཞི། སྨན་དུག་སོགས་ཀྱི་རྐྱེན་གྱིས་ནད་པས་སྨན་འཐུང་ཚད་ཇེ་ཉུང་དུ་བཏང་སྟེ། ཚད་གཞི་ལྟར་སྨན་མ་འཐུང་བ་ལས་སྨན་ནུས་མི་ཐོན་པའི་གློ་གཅོང་ནད་བྱུང་བ་དེ་རེད།
སྨན་གྱི་ནུས་པ་མི་ཐོན་པའི་གློ་གཅོང་ནད་ནི་གནད་དོན་ཚབས་ཆེན་ཞིག་ཡིན་པའི་རྒྱུ་མཚན་ཅི་ཡིན།
རང་རྒྱལ་ནི་འཛམ་གླིང་སྟེང་གློ་གཅོང་ནད་འབྱུང་ཚད་མཐོ་བའི་རྒྱལ་ཁབ་ཉེར་གཉིས་གྲས་ཀྱི་གཅིག་ཡིན་ལ། སྨན་གྱི་ནུས་པ་མི་ཐོན་པའི་གློ་གཅོང་ནད་ཀྱི་གནས་ཚུལ་ཧ་ཅང་ཚབས་ཆེ་བ་རེད། གཅིག་ནི་བརྟག་དཔྱད་ངོས་འཛིན་རྙོག་འཛིང་ཆེ་བ་ཡིན། སྤྱིར་བཏང་གི་གློ་གཅོང་ནད་དེ་ལུད་པར་ཞིབ་བཤེར་དང་བྲང་ཁོག་ལxགློག་འོད་ཀྱིས་བརྟག་དཔྱད་བྱས་ཚེ་འཕྲལ་དུ་ངོས་འཛིན་བྱེད་ཐུབ་པ་དང་། སྨན་གྱི་ནུས་པ་མི་ཐོན་པའི་ནད་པར་མཚོན་ན་ལུད་པའི་ནང་ནད་ཡོད་མེད་ལ་བརྟག་དཔྱད་དང་སྨན་འཕྲོད་མིན་གྱི་ཚོད་ལྟ་བྱེད་དགོས་བ་རེད། གཉིས་ནི་གསོ་བཅོས་ཀྱི་དུས་ཡུན་རིང་བ་ཡིན། སྤྱིར་བཏང་གི་གློ་གཅོང་ནད་པའི་སྨན་བཅོས་དུས་ཡུན་ནི་ཟླ་དྲུག་ཡིན་པ་དང་། སྨན་གྱི་ནུས་པ་མི་ཐོན་པའི་གློ་གཅོང་ནད་པའི་སྨན་བཅོས་དུས་ཡུན་ནི་ཟླ18ནས24བར་དང་ཐ་ན་ཟླ36ཡིན། གསུམ་ནི་སྨན་ལོག་བྱུང་ནས་ནད་འབྱུང་ཚད་མཐོ་བ་ཡིན། སྨན་གྱི་ནུས་པ་མི་ཐོན་པའི་ནད་པས་ཉུང་མཐར་ཡང་སྨན་རྫས་སྣ་ཁ་ལྔ་ནས་དྲུག་བར་འཐུང་དགོས་བ་མ་ཟད། དེ་དག་ནི་སྨན་ལོག་འབྱུང་ཚད་མཐོ་བའི་སྨན་རྫས་ཡིན་པ་རེད། བཞི་ནི་ནད་དྲག་ཚད་དམའ་བ་ཡིན། གློ་གཅོང་ནད་དྲག་ཚད་དེ་བརྒྱ་ཆའི་ལྔ་བཅུ་ནས་དྲུག་ཅུ་ཙམ་ཡིན་པ་དང་། ནད་པ་ཕྱེད་ཀ་ཙམ་གྱི་ནད་སངས་དྲག་འབྱུང་མི་ཐུབ་པ་རེད། ལྔ་ནི་སྨན་རིན་མཐོ་བ་རེད། སྨན་གྱི་ནུས་པ་མི་ཐོན་པའི་ནད་པའི་ཟླ་ཉེར་བཞིའི་སྨན་རིན་དེ་སྒོར་མོ་ཁྲི་གཉིས་ཙམ་ཡིན་པ་དང་། སྤྱིར་བཏང་གི་གློ་གཅོང་ནད་པ་དང་བསྡུར་ན་ལྡབ་བརྒྱ་ལྷག་གིས་མཐོ་བ་རེད།
གློ་གཅོང་ནད་དེ་ཇི་ལྟར་སྔོན་འགོག་བྱེད་དགོས།
ནད་འདི་སྔོན་འགོག་བྱེད་ཐབས་ནི་གློ་གཅོང་ནད་ཡོད་པའི་ནད་པའི་དཀར་ཡོལ་དང་ཐུར་མ་སོགས་སྣོད་ཅ་ལག་ལོགས་སུ་འཇོག་པ་དང་། ནད་པའི་ལུད་པ་གང་བྱུང་དུ་མི་འཐེན་པ། རྒྱུན་དུ་གཙང་སྦྲར་དོ་སྣང་དང་ལུས་ཕུང་སྦྱོང་བརྡར་བཅས་བྱེད་དགོས། གཞན་ད་རུང་གློ་གཅོང་ནད་སྔོན་འགོག་བྱེད་པའི་འགོག་ཁབ་རྒྱག་དགོས།
གློ་གཅོང་ནད་སྔོན་འགོག་གི་འགོག་ཁབ་སྟེ་ཁྭ་ཅེ་མེའོ་ཟེར་བ་ནི་བྱིས་པའི་གློ་གཅོང་ནད་སྔོན་འགོག་བྱེད་པར་བཀོལ་བའི་འགོག་ཁབ་ཅིག་ཡིན་ལ། འགོག་ཁབ་དེ་བརྒྱབ་རྗེས་བྱིས་པར་གློ་གཅོང་ནད་འགོག་པའི་ནུས་པ་ཁྱད་པར་ཅན་ཐོན་པ་རེད། མིག་སྔར། འཛམ་གླིང་སྟེང་གི་རྒྱལ་ཁབ་མང་ཆེ་བས་ཁ་ཅེ་མེའོ་འགོག་ཁབ་དེ་འཆར་ལྡན་རིམས་འགོག་གི་ངེས་པར་དུ་རྒྱག་དགོས་པའི་འགོག་ཁབ་གྲས་སུ་བཞག་ཡོད་ལ། ཁ་ཅེ་མེའོ་འགོག་ཁབ་རྒྱག་ས་གཙོ་བོ་ནི་གསར་སྐྱེས་བྱིས་པ་རྣམས་ཡིན་ལ། འགོག་ཁབ་བརྒྱབ་རྗེས་བྱིས་པའི་གློ་གཅོང་ནད་འབྱུང་བ་སྔོན་འགོག་བྱེད་ཐུབ། ལྷག་པར་དུ་ཚབས་ཆེན་རང་བཞིན་གྱི་གློ་གཅོང་ནད་དེ་དག་སྔོན་འགོག་བྱེད་ཐུབ། དཔེར་ན་འདུས་འདྲིལ་ཀླད་སྐྱིའི་གཉན་ཚད་ལྟ་བུ་རེད། ཁ་ཅེ་མེའོ་འགོག་ཁབ་རྒྱག་པ་དེ་བྱིས་པ་བདེ་ཐང་ངང་འཚར་ལོངས་འབྱུང་བར་དགེ་མཚན་ཆེན་པོ་ཡོད་། ཁ་ཅེ་མེའོ་འགོག་ཁབ་དེ་བྱིས་པ་སྐྱེས་མ་ཐག་ཏུ་རྒྱག་དགོས་བ་ཞིག་ཡིན་ལ། གལ་ཏེ་དུས་ཐོག་ཏུ་འགོག་ཁབ་དེ་རྒྱག་མ་ཐུབ་ན། བྱིས་པ་ལོ་གཅིག་ལ་མ་བུད་པའི་སྔོན་ལ་ངེས་པར་དུ་ས་གནས་ཀྱི་གློ་གཅོང་ནད་འགོག་བཅོས་ས་ཚིགས་དང་ཡང་ན་འཕྲོད་བསྟེན་རིམས་འགོག་ས་ཚིགས་སུ་སོང་ནས་འགོག་ཁབ་ཁ་གསབ་བྱས་ནས་རྒྱག་དགོས།
ཞོར་ལས་ལ་སོང་ནས་གློ་གཅོང་ནད་བྱུང་ཚེ་ཇི་ལྟར་ནད་བརྟག་སྨན་བཅོས་བྱེད་དགོས།
འཁོར་བསྐྱོད་བྱེད་པའི་མིའི་ཁྲོད་ཀྱི་གློ་གཅོང་གནད་དོན་ནི་ད་ལྟའི་འཛམ་གླིང་ཐོག་གློ་གཅོང་ནད་འགོས་མཆེད་དང་འབྱུང་བའི་ཉེན་ཁ་ཆེ་བའི་རྒྱུ་རྐྱེན་གཙོ་བོ་ཡིན་ཞིང་། གྲོང་ཁྱེར་ནང་གི་ཡུལ་གཞན་ནས་ཡོང་བའི་མི་གྲངས་ཁྲོད་ཀྱི་གློ་གཅོང་ནད་པས་ས་དེའི་གློ་གཅོང་ནད་ཚོད་འཛིན་བྱ་བར་ཤུགས་རྐྱེན་ངེས་ཅན་ཞིག་བཟོ་བཞིན་ཡོད་པས། ཤུགས་ཆེན་པོས་འཁོར་བསྐྱོད་མི་གྲངས་ཀྱི་གློ་གཅོང་ནད་ཚོད་འཛིན་བྱེད་པའི་བྱ་བར་ཤུགས་སྣོན་བྱེད་དགོས།
འཁོར་བསྐྱོད་མི་གྲངས་མང་ཆེ་བ་ནི་ཨར་ལས་དང་བཟའ་བཏུང་སོགས་ལུས་ཤུགས་ངལ་རྩོལ་དང་ཞབས་ཞུ་ལས་རིགས་སུ་ལས་ཀ་གཉེར་བཞིན་ཡོད་ལ། མི་མང་ཆེ་བ་ལོ་20ནས40བར་ཡིན་པས། གློ་གཅོང་ནད་འབྱུང་ཚད་མཐོ་བའི་ལོ་ཚད་དུ་གནས་བ་དང་། དེའི་ཁར་དེ་དག་མང་ཆེ་བ་ནི་གློ་གཅོང་ནད་མཆེད་པ་ཅུང་ཚབས་ཆེ་བའི་ཞིང་སྡེའི་དབུལ་ཕོངས་ས་ཁུལ་ནས་ཡོང་བ་ཡིན་ལ། ཁོ་ཚོ་གྲོང་ཁྱེར་དུ་ཡོང་རྗེས་ཁོར་ཡུག་གི་འགྱུར་ལྡོག་དང་། དངངས་འཚབ་སྐྱེས་བ། ཐང་ཆད་པ། སྡོད་གནས་འཚང་ཁ་ཆེ་བ་སོགས་རྒྱུ་རྐྱེན་སྣ་ཚོགས་ཀྱི་དབང་གིས་ནད་འབྱུང་བའི་གོ་སྐབས་ཇེ་མང་དུ་སོང་བ་རེད། གལ་ཏེ་ཡུལ་གཞན་ནས་ཡོང་བའི་ཞོར་ལས་པའི་ཁྲོད་གྱི་གློ་གཅོང་ནད་པ་དུས་ཐོག་ཏུ་མ་ཤེས་པ་དང་གསོ་བཅོས་མ་བྱས་ཚེ། རྒྱུན་དུ་སྡོད་གནས་འཚང་ཁ་ཆེ་བར་བརྟེན་ནས་གློ་གཅོང་ནད་མཆེད་དུ་འཇུག་པ་དང་ཐ་ན་གློ་གཅོང་ནད་ཆེས་ཆེར་མཆེད་དུ་འཇུག་སྲིད།
གཅིག གྲོང་ཁྱེར་དུ་ཞོར་ལས་ལ་མ་སོང་བའི་སྔོན་ལ་ལུས་པོར་ཞིབ་བཤེར་བྱེད་དགོས། དེའི་ནང་བྲང་ཁོག་ལxགློག་འོད་ཀྱི་ཞིབ་བཤེར་སོགས་འདུས་ཡོད། དེ་ལྟར་བྱས་ན་དུས་ཐོག་ཏུ་གློ་གཅོང་ནད་ཡོད་པ་ཤེས་པ་མ་ཟད་ས་དེ་ནས་གསོ་བཅོས་བྱེད་ཐུབ།
གཉིས། གྲོང་ཁྱེར་དུ་ཡོང་ནས་བཟའ་བཏུང་དང་བྱིས་པའི་སློབ་གསོ། ཁྱིམ་ལས་སོགས་ཀྱི་ལས་ཀ་གཉེར་ཚེ། དེའི་སྔོན་ལ་ངེས་པར་དུ་གློ་བར་ཞིབ་བཤེར་བྱེད་དགོས་ལ། གལ་ཏེ་ཞིབ་བཤེར་བྱས་ནས་གློ་གཅོང་ནད་ཡོད་པ་ཤེས་ཚེ་དུས་ཐོག་ཏུ་གསོ་བཅོས་བྱེད་དགོས།
གསུམ། ལས་རིགས་སྣ་ཚོགས་སུ་ལས་ཀ་གཉེར་བའི་ཞོར་ལས་པས། གལ་ཏེ་གློ་ལུ་བ་དང་གཟའ་འཁོར་གཉིས་ཡན་ལ་གློ་ལུ་ཚེ་དོ་སྣང་བྱེད་དགོས་ལ། ཐང་ཆད་པ་དང་བྲང་ཁ་ན་བ། ཚ་ཅུང་ལངས་བ། ཁྲག་ལུ་བ། རྒྱུ་རྐྱེན་གསལ་བོ་མི་ཤེས་པར་ཟླ་མཚན་འགགས་པ་དང་ཟླ་མཚན་མི་སྙོམས་པ་སོགས་གློ་གཅོང་ནད་ལ་དོགས་པ་ཟ་མཁན་གྱིས་དུས་ཐོག་ཏུ་ས་དེའི་གློ་གཅོང་ནད་འགོག་བཅོས་ལྟེ་གནས་དང་ཡང་ན་ཉེ་འདབས་ཀྱི་སྨན་ཁང་ལ་སོང་ནས་གློ་བར་ཞིབ་བཤེར་བྱེད་དགོས།
བཞི། རྒྱལ་ཡོངས་ཀྱི་རྫོང་རིམ་པའི་གློ་གཅོང་ནད་འགོག་བཅོས་སྒྲིག་གཞི་དང་ནད་ཡམས་སྔོན་འགོག་ཚོད་འཛིན་ལྟེ་གནས་ཀྱིས་གློ་གཅོང་ནད་ལ་དོགས་པ་ཟ་བའི་ནད་པར་རིན་མ་བླངས་བར་ཞིབ་བཤེར་དང་གློ་གཅོང་ནད་འགོག་བཅོས་སྨན་རྫས་འདོན་སྤྲོད་བྱེད་དགོས།
ལྔ། འཁོར་བསྐྱོད་བྱེད་པའི་མི་སྣའི་ཁྲོད་དུ། གལ་ཏེ་གློ་གཅོང་ནད་ལ་ངོས་འཛིན་བྱས་པའི་ནད་པས་རྒྱུན་པར་རང་གི་བྱ་བ་ལག་ནས་ཤོར་བར་སྐྲག་ནས་ནད་གཞི་སྦས་གསང་བྱས་ཏེ། དུས་ལྟར་སྨན་བཅོས་མི་བྱེད་པ་དང་ཡང་ན་རང་ཉིད་ཀྱིས་སྨན་ཉོས་ནས་གསོ་བཅོས་བྱེད་ཀི་ཡོད་པ་རེད། དེར་བརྟེན་གསོ་བཅོས་འགོར་འགྱངས་བྱས་ནས་ནད་གཞི་ཇེ་སྡུག་ཏུ་བཏང་བ་མ་ཟད། སྨན་གྱི་ནུས་པ་མི་ཐོན་པའི་གློ་གཅོང་ནད་བྱུང་ནས། རང་ལ་གྱོང་གུན་སྔར་ལས་ཆེན་པོ་བཟོས་བ་རེད།
འཁོར་བསྐྱོད་བྱེད་པའི་མིའི་ཁྲོད་ཀྱི་གློ་གཅོང་ནད་པས་ངེས་པར་དུ་ཞོལ་གྱི་དོན་ཚན་འགའ་སྒྲུབ་ཐུབ་པ་བྱེད་དགོས།
གཅིག ས་དེའི་གློ་གཅོང་ནད་འགོག་བཅོས་སྒྲིག་གཞི་དང་ནད་ཡམས་སྔོན་འགོག་ཚོད་འཛིན་ལྟེ་གནས་སུ་སོང་ནས་“ཕྱོགས་ཡོངས་ཀྱི་ལྟ་སྐུལ་གསོ་བཅོས”དང་ལེན་བྱེད་དགོས། དེ་ནི་ནད་སངས་དྲག་འབྱུང་ཚད་ཇེ་མཐོར་གཏོང་བའི་བྱེད་ཐབས་བཟང་བོ་ཞིག་ཡིན།
གཉིས། ཟླ་དྲུག་ནས་ཟླ་བརྒྱད་བར་གྱི་གསོ་བཅོས་དུས་ཡུན་ལྟར་གསོ་བཅོས་བྱེད་པ་རྒྱུན་འཁྱོངས་བྱེད་དགོས།
གསུམ། གལ་ཏེ་ལས་ཀ་གཉེར་བའི་གྲོང་ཁྱེར་དེ་ནས་ནད་ལ་གསོ་བཅོས་བྱེད་མ་ཐུབ་ཚེ། ཕ་ཡུལ་ལ་སོང་ནས་དུས་ཐོག་ཏུ་ས་གནས་ཀྱི་གློ་གཅོང་ནད་འགོག་བཅོས་སྒྲིག་གཞིར་འབྲེལ་གཏུག་བྱས་ནས། གསོ་བཅོས་དུས་ཡུན་ལོངས་སུ་འཇུག་རྒྱུ་དེ་ཧ་ཅང་གལ་ཆེ་བ་ཡིན།
མིག་སྔར་རང་རྒྱལ་གྱིས་གློ་གཅོང་ནད་པའི་གཟིགས་སྐྱོང་སྲིད་ཇུས་ནི་ཅི་ཞིག་ཡིན།
མིག་སྔར། རང་རྒྱལ་ཀྱིས་གློ་གཅོང་ནད་པར་རིན་མི་ལེན་པར་ལུད་པར་བརྟག་དཔྱད་དང་བྲང་ཁོག་ལxགློག་འོད་ཀྱིས་བརྟག་དཔྱད་བྱེད་པ་དང་། རིན་མི་ལེན་པར་གློ་གཅོང་ནད་འགོག་བཅོས་སྨན་རྫས་ཀྱིས་གསོ་བཅོས་བྱེད་པ་ལག་བསྟར་བྱས་ཡོད་ལ། གློ་གཅོང་ནད་པར་ལྟ་སྐུལ་གསོ་བཅོས་དང་དོ་དམ་བྱེད་པ་དངོས་འབེབས་བྱས་ཡོད། །
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།