མ་ཞུ་བའི་ནད་བཅོས་ཐབས།
མ་ཞུ་བའི་ནད་བཅོས་ཐབས་ལ། གསར་རྙིང་གཉིས་ལས། གསར་དུས་བཅོས་ཐབས་ལ་སྤྱི་དང་བྱེ་བྲག་གཉིས། སྤྱི་ལ་སྨན་དཔྱད་ཟས་སྤྱོད་བཞི་མ་ཞུ་ཆུང་འབྲིང་ཆེན་པོའི་ནད་སྟོབས་དང་སྦྱར་དགོས་པས། མ་ཞུ་ཆུང་ངུ་ཟས་ཀྱིས་བཀྲེས་སྐོམ་བྱས་ཏེ་ནངས་ནུབ་རྒྱམ་ཚྭའི་ཆུ་སྐོལ་བཏུང་། ཁ་ཟས་ཡང་བ་དང་དྲོ་བ་འཇུ་སླ་བ་ཉུང་ཤས་རེ་བསྟེན། སྤྱོད་ལམ་རླན་གྲང་བསེར་བུ་ཉིན་གཉིད་ལོག་པ་བཅས་སྤང་ཞིང་སྐམ་སར་ལུས་དྲོ་བའི་སྒོ་ནས་རྡུལ་ཙམ་བཅགས་པར་བྱའོ། །མ་ཞུ་འབྲིང་བོ་ལ་རྒྱམ་ཚྭ་བཞི་ཐང་སེ་འབྲུ་ལྔ་བ་སོགས་སེ་འབྲུ་སྦྱོར་བའི་རིགས། ཅོང་ཞི་ཅིར་ནིས་རྒོད་མ་ཁ་ཕྱེ་སོགས་གཏོང་། རྡོ་དང་སོ་ཕག་ཚྭ་ཡིས་དྲོད་དུགས་བྱ་ཞིང་། གཡི་སྦྱང་སོགས་ཀྱི་སྤུ་དུགས་བྱའོ། །
མ་ཞུ་ཆེན་པོ་ལ་སྨན་གྱིས་ནད་རྩེ་གཞོམ་པའི་རྗེས་སུ་སྦྱོང་དགོས་པས་ནད་སྟོད་ན་གནས་ཚེ་སྐྱུགས་སྨན་གྱིས་སྦྱང་། བར་ན་གནས་ཚེ་བཤལ་གྱིས་སྦྱང་། སྨད་ན་གནས་ཚེ་ནི་རུ་ཧས་དྲངས། རྗེས་ལ་ལྕི་སྣུམ་སོགས་འཇུ་དཀའ་བའི་ཟས་དང་སྤྱོད་ལམ་མི་འཕྲོད་པ་རྣམས་སྤང་ཞིང་། ཡང་ལ་དྲོ་བའི་ཟས་སྤྱོད་ལ་བསྟེན་པ་དང་མི་རྔུལ་རན་པར་རྩོལ་བཅག་བྱ་དགོས། དེས་ཀྱང་རྩ་བ་མ་ཐོན་ན་ཕོ་གསང་རྣམས་སུ་མེ་བཙའ་གདབ།
བྱེ་བྲག་ཏུ་བཅོས་པ་ལ། སྙིགས་མ་མ་ཞུ་བ་ལ་ཕོ་བའི་དྲོད་སྐྱེད་སེ་འབྲུ་ཚ་བ་གསུམ་དང་འཇུ་བྱེད་རྒྱམ་ཚྭ་ཁ་རུ་ཚ་རྒྱ་ཚྭ་སྦྱར་བའི་ཕྱེ་མ་ལ། ཤ་མ་ཞུ་བ་ལ་སྤྱང་ཀིའི་ཕོ་བ་བསྣན་པ་སོགས་མན་རྒྱུད་དུ་གསུངས་པ་ལྟར་ཁ་འཛིན་དང་ལག་ལེན་ཕྲ་ཞིབ་བྱས་ན་ཤིན་ཏུ་ཕན་པ་མྱོང་གྲུབ་བོ། །དྭངས་མ་མ་ཞུ་བ་ལ་ཆ་མཉམ་བཞི་ཐང་ཡང་ན་སེ་འབྲུ་ལྔ་བའི་སྟེང་བྲག་ཞུན་དང་པྲི་ཡངྐུ་བསྣན་པ་ཟབ། མ་ཞུ་རླུང་ལྡན་ལ་སྤྱི་བཅོས་བྱས་པའི་རྗེས་སུ་འཇམ་རྩི་བཀྲུ་འཇམ་བསྟེན། མཁྲིས་ལྡན་ལ་ག་བུར་ནག་པོ་བྲག་ཞུན་དུག་མོ་ཉུང་བསྣན་པ་བཏང་རྗེས་སུ་བཤལ་གྱིས་སྦྱངས། བད་ཀན་ལྡན་པ་ལ་སྐྱུགས་བྱ་ཞིང་རང་རང་གི་ཁ་འཛིན་ཟས་སྨན་གང་འཚམས་པས་བཅོས། ནད་དམིགས་གང་དང་ཉེ་བའི་ཕོ་གསང་བསྲེག
མདོར་བསྡུས་ན་མ་ཞུ་སྤྱི་ལ་མངོན་སུམ་མེ་འདྲའི་སྦྱོར་བ། བདུད་རྩི་རིལ་དཀར། སྒ་རྒོད་དགུ་བ། འཕྲུལ་ཐབས་སྦྱོར་བ་དང་། སེ་འབྲུ་སྦྱོར་བ་བརྟེན་པ་སོགས་ཕྲོད། མ་ཞུ་གསར་བ་ལ། ཞི་བྱེད་དྲུག་པ། དཀར་བོ་དྲུག་སྦྱོར། བཅོ་ལྔ་དྲགས་སྦྱོར་སོགས་དང་། རྙིང་བ་ལ་གུར་ཀུམ་བསྣན་པའི་སེ་འབྲུ་ལྔ་བ། བདེ་བྱེད་སྙོམས་ལྡན། རུ་རྟ་དྲུག་པ། གཡུ་དྲིལ་བཅུ་གསུམ། ཟླ་ཤེལ། གྲུབ་ཐོལ་རིལ་དཀར་སོགས་དང་། ཡུན་རིང་ལོན་པ་ལ་རིན་ཆེན་རིལ་བུ། རིན་ཆེན་མང་སྦྱོར། དབང་རིལ་ཉེར་ལྔ་སོགས་དུག་གི་བཅོས་བྱ་དགོས། མ་ཞུ་བ་འདི་ཁོང་ནད་ཀུན་གྱི་རྩ་བ་ཡིན་པས་དང་པོ་ཇ་འཁྱག་པ་དང་ཟས་འཇུ་དཀའ་བའི་རིགས་སྤང་ནས་མི་འབྱུང་བ་ལ་འབད་ཅིང་། བྱུང་མ་ཐག་བཏང་སྙོམས་སུ་མི་བཞག་པར་བཅོས་པ་གལ་ཆེ། འདི་ལ་རྫས་ངོ་བོ་རིགས་གྲོགས་དུས་ཀྱི་ཁྱད་པར་རྐྱང་བ་ལྡན་འདུས་བླ་གཉན་གློ་མཆིན་སོགས་ནད་གཞན་དང་ལྡན་མི་ལྡན་སྟོབས་ཆེ་ཆུང་སོགས་ཞིབ་ཏུ་རྟགས་ནས་གོང་སྨན་དཔྱད་འདི་དག་གིས་མཚོན་གང་ལ་གང་འཚམས་ཀྱི་སྒོ་ནས་སྨན་དཔྱད་འདི་རྣམས་ཀྱིས་བཅོས་ན་ཤིན་ཏུ་ཕན་པ་ཡོང་བ་རང་གི་མྱོང་བས་ཀྱང་གྲུབ་པ་ཡིན་ནོ། །
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com