བདུད་རྩི་རིལ་བུ་བསྒྲུབ་ཚུལ།
རྩོམ་པ་པོ།:དངུལ་ཆུ་དྷརྨ་བྷ་དྲ།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2018-04-12 10:14:00
ཀློག་གྲངས།:
བདུད་རྩི་རིལ་བུ་བསྒྲུབ་ཚུལ།
དངུལ་ཆུ་དྷརྨ་བྷ་དྲ།
བདུད་རྩི་ཡོན་ནོ། དང་པོ་གང་གིས་སྒྲུབ་པའི་རྟེན་ནི། འདིར་བསྒྲུབ་པར་བྱ་བའི་རི་ལུ་ནི། འདུས་པའི་བཤད་རྒྱུད་ལྷ་མོ་བཞིས་ཞུས་ལས་གསུངས་པའི་དངོས་གྲུབ་འབྲིང་གྲུབ་པ་ཆེན་པོ་བརྒྱད་ཀྱི་དང་པོ་རི་ལུའི་དངོས་གྲུབ་བསྒྲུབ་ཚུལ་དེ་ཡིན་པས་དེ་ཉིད་སྒྲུབ་པ་པོ་དེ་ལམ་མཐུན་མོང་བས་རྒྱུད་ལེགས་པར་སྦྱངས་ཏེ་དབང་བསྐུར་བ་རྣམ་པར་དག་པ་ཐོབ་ཅིང༌། དམ་ཚིག་དང་སྡོམ་པ་ལ་གཅེས་སྤྲས་སུ་བྱས་པའི་ངང་ནས། ལྷའི་གསལ་གནང་དང་ང་རྒྱལ་ལ་གནས་ཏེ། རྒྱུད་ལས་བཤད་པའི་གྲངས་བསྙེན་ཁ་སྐོང་གི་སྦྱིན་སྲེག་དང་བཅས་པ་སོང་ཞིང་ཕྱག་ལེན་མཐོང་བརྒྱུད་ཀྱི་སྒོ་ནས་རི་ལུ་བསྒྲུབ་ཚུལ་གྱི་གནད་ལ་སྒྲོ་འདོགས་ལེགས་པར་ཆོད་པ་ཞིག་དམའ་མཐར་དགོས་པ་འདྲའོ། གཉིས་པ་གང་དུ་བསྒྲུབ་པའི་གནས་ནི། གསང་འདུས་རྩ་རྒྱུད་ལེའུ་བཅུ་གཉིས་པ་ལས། དགོན་པ་ཆེན་པོའི་ས་ཕྱོགས་སུ། ། མེ་ཏོག་འབྲས་བུ་སོགས་ཀྱིས་བརྒྱན། ། རི་བོ་དབེན་པའི་ས་ཕྱོགས་སུ། ། དངོས་གྲུབ་ཐམས་ཅད་བསྡུས་པ་བསྒྲུབ། ཅེས་གསུངས་པ་ལྟར། དགོན་པ་ལ་སོགས་པ་རང་གི་ཡིད་དང་མཐུན་པ་དང་གཙང་ཞིང་འདུ་འཛིས་དབེན་པའི་གནས་གང་ཡང་རུང་བ་ཞིག་ཏུ་བསྒྲུབ་དགོས་སོ། ། གསུམ་པ་གང་བསྒྲུབ་པའི་རྫས་ནི། གསང་འདུས་རྩ་རྒྱུད་ལེའུ་བཅུ་དྲུག་པ་ལས། བཤད་གཅི་དང་ནི་ཤ་ཆེན་རྣམས། ། ཆ་ནི་མཉམ་པར་གྱས་ནས་སུ། ། ཁམ་པོར་སྦྱར་མར་བཞག་ན་ནི། ། སངས་རྒྱས་ཀུན་དང་ལྷན་ཅིག་འཁོད། ། ཅེས་དང༌། བཤད་རྒྱུད་ལྷ་མོ་བཞིས་ཞུས་ལས། ཤ་དགུ་དང་བདུད་རྩི་ལྔ་ལས་བསྒྲུབ་པར་གསུངས་མོད་ཀྱང༌། འདིར་ནི་རྗེ་བདག་ཉིད་ཆེན་པོས། འཇིགས་བྱེད་ཀྱི་སྒྲུབ་ཐབས་གཉིས་སུ། བ་ལང་ཁྱི་གླང་པོ་ཆེ་རྟ་མིའི་ཤ་སྟེ་ཤ་ལྔ་དང༌། དྲི་ཆེན་རཀྟ་བྱང་སེམས་དཀར་པོ་རྐང་མར་དྲི་ཆུ་སྟེ་བདུད་རྩི་ལྔར་གསུངས་པ་གཤིན་རྗེའི་གཤེད་དམར་པོའི་རྒྱུད་ཀྱི་རྗེས་སུ་འབྲངས་པ་ཡིན་པས་དེ་བཞིན་དུ་བྱ་བ་སྐབས་སུ་བབ་མོད་ན་ཡང༌། དམ་ཚིག་ལྔ་པ་ལས། གང་ཡང་དག་ནི་མི་སྙེད་པའམ། སྣོད་མ་ཡིན་པས་འཇིགས་པ་ཡང༌། ། བདུད་རྩི་ལྔ་དང་ཤ་ལྔ་དག ། བསམ་གཏན་གྱིས་ནི་ཡོངས་སུ་བརྟག། ཅེས་གསུངས་པ་ལྟར། བ་ལང་ཞེས་པ་མ་ཧེ་དང༌། ཁྱི་སེངྒེ་དང༌། གླང་པོ་ཆེ་ཐལ་ཀར་མཆེ་བ་དྲུག་ལྡན་དང༌། རྟ་ཅང་ཤེས་དང༌། མི་བྲམ་ཟེ་སྐྱེ་བ་བདུན་པ་སོགས་ལ་བྱས་ན་ཡུལ་དུས་ཀྱི་དབང་གིས་རྙེད་དཀའ་བ་དང༌། ཚིག་ཟིན་ལྟར་ལ་བྱས་ན་དེང་སངས་གི་གདུལ་བྱ་ཕལ་ཆེར་ཟབ་མོའི་སྣོད་པ་ཡིན་པའི་དབང་གིས་རྟོག་པས་འཆུན་དཀའ་བ་དང༌། བསྒྲུབ་གཞི་ཅི་ཡང་མེད་པར་བསམ་གཏན་ཁོ་ནས་བྱེད་པ་སྐད་བྱས་ཀྱང་ལག་བཅངས་སྟོད་པས་བྱས་པ་འདྲིད་པ་ངང་ཚུལ་མཚུངས་པར་དགོངས་ནས་བླ་མ་སྔ་མ་རྣམས་ཀྱི་ཕྱག་བཞེས་སུ་ཤ་ལྔ་དང་ཤ་ཆེན་གྱི་དོད་ལ་ཨ་རུ་གསེར་མདོག་དང༌། དྲི་ཆེན་གྱི་དོད་ལ་ཛཱ་ཏི་དང༌། རཀྟའི་དོད་ལ་ཙནྡན་དམར་པོ་དང༌། བྱང་སེམས་དཀར་པོའི་དོད་ལ་ཅུ་གང་དང༌། དྲི་ཆུའི་དོད་ལ་ཁྲུས་ཆུ་གཏོང་བར་གསུངས་པ་ནི་གསང་འདུས་ཀྱི་དབང་དུ་བྱས་པར་སྣང་ཡང་འདིར་ཕལ་ཆེར་དེ་བཞིན་དུ་བྱ་ལ། འོན་ཀྱང་ཤ་ཆེན་གྱི་གནས་སུ་རྐང་མར་འབྱུང་བས་དེའི་དོད་ལ་གོང་ལྟར། གསེར་མདོག་གཏང་བས་ཆོག་གམ་སྨན་གཞན་ཞིག་གཏོང་དགོས་བརྟག་པར་བྱའོ། ། བཞི་པ་ཇི་ལྟར་བསྒྲུབ་པའི་ཆོ་ག་ལ་གསུམ། རིལ་བུའི་རྫས་སྦྱར་བ་དང་སྦྱང་བའི་ཚུལ། སྦྱངས་ནས་རིལ་བུ་བྱ་བའི་ཚུལ། བྱས་ནས་བཟླས་པ་བྱ་ཚུལ་ལོ། ། དང་པོ་རིལ་བུའི་རྫས་སྦྱར་བ་དང་སྦྱང་བའི་ཚུལ་ནི། ལྷ་མོ་བཞིས་ཞུས་ལས། ཤའི་ཚད་མཐེ་བོང་གི་ཚིགས་ཙམ་པ་དང༌། བདུད་རྩིའི་ཚད་ནས་ཙམ་རེ་ཆ་མཉམ་དུ་བྱ་བར་གསུངས་པ་དེ། སྤྱིར་ཐུན་ཚད་དེ་ལས་ཆེ་བ་དང་ཆུང་བ་བྱེད་མི་རུང་བའི་སྟོན་པ་ནི་མ་ཡིན་ནོ། ། འོ་ན་ཇི་ལྟར་ཡིན་ཞེ་ན། ཤ་རྣམས་ཀྱི་ཐུན་ཚར་ཀྱི་བརྒྱད་ཆ་རེ་བདུད་རྩི་རྣམས་ཀྱི་ཐུན་ཚད་རེ་ཡིན་པར་སྟོན་པ་སྟེ། དུས་འཁོར་རྩ་རྒྱུད་ལས། ལྟོས་འགྲོ་ནས་ཀྱིས་སོར་ཏེ། ཞེས་གསུངས་པ་ལྟར་རོ། ། དེས་ན་ཀུན་སློང་རྣམ་པར་དག་པའི་ངང་ནས་རང་ཉིད་དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་བདག་བསྐྱེད་སྒོམ་པ་དང་བླ་མེད་ཀྱི་བུམ་རྫས་ཕུན་སུམ་ཚོགས་པ་དང་ལྡན་པའི་རྣམ་རྒྱལ་བུམ་པ་དང་ལས་བུམ་གཉིས་ལེགས་པར་སྒྲུབ་པ་རྣམས་སྔོན་དུ་བཏང་ནས། མདུན་དུ་སྟེགས་བུ་མཐོ་དམའ་འཚམས་པ་ཞིག་གི་ཁར་ཟངས་གཞོང་ལ་སོགས་པའི་སྣོད་ཡངས་པ་ཞིག་གི་དབུས་དང་ཤར་ལ་སོགས་པའི་ཕྱོགས་བཞིར་ཤ་ལྔའི་དོད་དུ་ཚེ་གུ་མེད་པའི་ཨ་རུ་གསེར་མདོག་རྒྱ་ཐུར་སོགས་ལ་གཞལ་ཏེ་མང་ཉུང་ཆ་མཉམ་བ་ཇི་ལྟར་མཚམ་པ་རེ་དང༌། ཤར་ལྷོ་ལ་སོགས་པའི་མཚམས་བཞིར་བདུད་རྩི་བཞིའི་དོད་དུ་ཛཱ་ཏི་དང་ཙནྡན་དམར་པོ་དང༌། ཅུ་གང་དང༌། གསེར་མདོག་གམ་བུ་རམ་རྣམས་ཆད་ཤའི་ཐུན་ཆད་གཅིག་གི་བརྒྱད་ཆ་རེ་དང༌། དབུས་སུ་སྣོད་ཀྱི་ནང་དུ་དྲི་ཆུའི་དོད་ཀྱི་ཁྲུས་ཆུ་ལེགས་པར་བསྒྲུབས་པ་མ་ཉུངས་ཙམ་བཅས་སྦྱར་ནས། གུ་གུལ་གྱིས་བདུགས་ཤིང་བུམ་ཆུ་གཏོར་ནས། བསང་བ་དང༌། སྦྱང་བ་དང༌། བསྐྱེད་པ་དང༌། བྱིན་གྱིས་བརླབ་པ་རྣམས་འོག་ནས་འབྱུང་བ་ལྟར་བྱས་ཏེ་ཨོཾ་ཨཱཿཧཱུྂ་མང་དུ་བགྲངས་ལ་སྨན་སྒྲུབ་ཐུན་གཅིག་ཙམ་ཉུང་མཐར་བྱའོ། ། གཉིས་པ་སྦྱངས་ནས་རིལ་བུ་བྱ་བའི་ཚུལ་ནི། རང་ཉིད་ལྷའི་གསང་སྣང་དང་ང་རྒྱལ་ལ་གནས་པས་ཁ་ནུབ་ཏུ་ཕྱོགས་ཏེ་ཨོཾ་ཨཱཿཧཱུྂ་ལན་ཉི་རྩ་གཅིག་བཟླས་ཏེ་རྫས་རྣམས་ཤིན་ཏུ་ཞིབ་པར་བཏགས་ནས་ཕྱེ་མར་བྱས་པ་ལ་རིལ་བུ་སྒྲིལ་བླ་མའི་ཕྱིར་དུ་རྩམ་ཞིབ་ཀྱང་ཅུང་ཟད་བསྲེ་ཞིང༌། བླ་མ་གོང་མ་རྣམས་ཀྱིས་བསྒྲུབ་པར་མཛད་པའི་བདུད་རྩི་རིལ་བུ་སོགས་བྱིན་རླབས་རྟ་ཡིད་ཆེས་ངེས་གང་རྙེད་ཀྱང་བཏབ་སྟེ་གོང་དུ་བཤད་པའི་ཁྲུས་ཆུས་ཁུ་བ་བྱས་ལ་འདམ་བཏགས་ཀྱིས་བསྐ་ཟླ་ཤིན་ཏུ་འཚམས་པར་བྱས་པའི་སྨན་འདམ་དེ་སྔར་བཞིན་མདུན་དུ་སྣོད་ཀྱི་ནང་དུ་བཞུག་ལ་བསང་བ་དང༌། སྦྱང་བ་དང༌། བསྐྱེད་པ་དང༌། ཨོཾ་ཨཱཿཧཱུྂ་བཟླས་ཏེ་བྱིན་གྱིས་བརླབ་པ་རྣམས་ཀྱི་སྒོ་ནས་འདམ་སྒྲུབ་ཇི་ལྟར་རིགས་པ་ཞིག་བྱས་པའི་མཐར་ཡུངས་ཀར་ལྔའམ་སྲན་མ་དང་ཚད་མཉམ་པའི་རིལ་བུ་སྒྲིལ་ཏེ་ཆགས་ལེགས་པར་བྱས་ནས་གྲིབ་སྐམ་བྱ་བ། གསུམ་པ་རིལ་བུ་བྱས་ནས་བཟླས་པ་བྱ་ཚུལ་ནི། དེ་ནས་རིལ་བུ་རྣམས་གཤེར་ཐག་ཆོད་ཅིང་ཚེས་བརྒྱད་དང་བཅུ་བཞི་གང་རུང་གི་གཟའ་སྐར་ཤིས་པ་ཞིག་གི་དུས་སུ་རང་ཉིད་ཁ་ནུབ་ཏུ་ཕྱོགས་པའི་མདུན་དུ་སྟེགས་བུའི་ཁར་པདྨའི་སྣོད་ཐོད་པ་མཚན་ཉིད་དང་ལྡན་པ་གཞག་པའི་ནང་དུ་རིལ་བུ་རྣམས་བླུག་སྟེ་རྟེན་ཁེབས་ཀྱིས་ཁ་གཡོགས་པའི་སྟེང་དུ་རྡོ་རྗེ་གཟུངས་ཐག་བཞག་ནས་དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་བདག་བསྐྱེད་བཟླས་པ་དང་བཅས་པ་སྔོན་དུ་བཏང་ནས་བསྒྱུར་བ་དང༌། སྦྱང་བ་དང༌། བསྐྱེད་པ་དང༌། བྱིན་གྱིས་བརླབ་པ་རྣམས་འཇིགས་བྱེད་ཟ་མ་ཏོག་གི་ནང་མཆོད་བྱིན་རླབས་ཀྱི་དམིགས་རིམ་རྒྱལ་མཆོག་བསྐལ་བཟང་རྒྱ་མཚོས་སྩལ་བ་ལྟར་དལ་བུ་དལ་བུས་གསལ་བཏབ་ནས་རྡོར་བཟླས་ལ་ཨོཾ་ཨཿཧཱུྂ་སྟོང་ཕྲག་བརྒྱད་བཟླས་ཏེ་ཡིག་བརྒྱས་བརྟན་པར་བྱས་ནས་ཐུན་མཚམས་ཀྱི་བྱ་བ་ལ་འཇུག དེ་བཞིན་དུ་ཐུན་གཞན་རྣམས་ཀྱང་འདྲ་སྟེ་ཉི་མ་རེ་ལ་ཐོ་རངས་དང༌། སྔ་དྲོ་དང༌། ཕྱི་དྲོ་དང༌། སྲོད་དང་དུས་བཞིར་བཅད་ནས་ལེགས་པར་བསྒྲུབས་པས་གྲུབ་པའི་རྟགས་རབ་ཨེ་འོད་འཕྲོ་བ། འབྲིང་དུ་བ་སྟེ་རླངས་ཐོན་པ། ཐ་མ་དྲོད་སྐྱེ་བ་གསུམ་གང་རུང་ཞིག་འོང་བར་གསུངས་ཤིང་དེ་འདྲའི་མངོན་རྟགས་མ་བྱུང་ཡང་ཇི་སྐད་བཤད་པའི་དམིགས་པ་མ་ཡེངས་པའི་ངང་ནས་ཞག་བདུན་ནམ་ཉེར་གཅིག་ལ་སོགས་པར་བསྒྲུབས་ན་རྫས་སྔགས་ཏིང་འཛིན་རྣམས་ཚོགས་པའི་མཐུས་ནུས་ལ་ཁྱད་པར་ཅན་དུ་འགྱུར་བ་ཡིན་ནོ། ། ལྔ་པ་བསྒྲུབས་ནས་ལོངས་སྤྱད་པའི་ཕན་ཡོན་ནི། གསང་འདུས་རྩ་རྒྱུད་ལེའུ་བཅུ་དྲུག་པ་ལས། གླང་པོའི་ཤ་དང་རྟ་ཡི་ཤ ཤ་ཆེན་དག་ཀྱང་བཟའ་བྱ་ཞིང་། ། སྔགས་རྣམས་ལ་ནི་དབུལ་བར་བྱ། ། དེ་ལྟར་བྱས་ན་མགོན་པོ་མཉེས། ། ཞེས་གསུངས་པ་ལྟར་རྒྱུད་སྡེ་ལས་གསུངས་པ་བཞིན་དུ་བསྒྲུབས་པའི་རིལ་བུ་དེ་ཉིད་ཉི་མ་རེ་རེ་ལ་རེ་རེ་རང་ཉིད་ཀྱིས་ལོངས་སྤྱོད་ཅིང་བླ་མ་དང་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ལ་ཕུལ་ན་མཆོག་དང་མཐུན་མོང་གི་དངོས་གྲུབ་རྣམ་པ་གཉིས་མྱུར་དུ་འགུགས་པས་ན་ལྷགས་ཀྱུ་དང་གསལ་བར་བྱེད་པས་ན་སྒྲོན་མ་དང་འདྲ་བ་ཡིན་ཏེ། གནས་སྐབས་སུ་ལུས་འོད་ཟེར་གྱི་གཟི་བརྗིད་དང་ལྡན་པ་དང༌། གསེར་གཙོ་མའི་མདངས་དང་ལྡན་པ་དང༌། སྲེད་མོད་ཀྱི་བུའི་སྟོབས་དང་ལྡན་པ་དང༌། དགེ་བ་ལ་སྤྲོ་ཤུགས་ཀྱི་བརྩོན་འགྲུས་དང་ལྡན་པ་དང༑ཇི་ལྟར་འདོད་པའི་སྨོན་ལམ་རྣམས་འགྲུབ་པ་དང༌། རྫུ་འཕྲུལ་དང༌། ལྷའི་རྣ་བ་དང༌། གཞན་གྱི་སེམས་ཤེས་པ་དང༌། སྔོན་གནས་རྗེས་དྲན་དང༌། ལྷའི་མིག་སྟེ་མངོན་ཤེས་ལྔ་འཐོབ་པ་སྟེ་ཕ་ཡོན་དྲུག་འབྱུང་བ་དང༌། མཐར་ཐུག་སངས་རྒྱས་ཀྱི་སར་འགྲོ་བར་ལྷ་མོ་བཞིས་ཞུས་ལས་གསུངས་པའི་ཕྱིར་རོ། ། གཞན་ཡང་ལམ་བསྒོམ་པ་ལ་རིག་པ་དྭངས་པ་དང༌། ནད་རིམས་དང་གྲིབ་དང་གནོད་འཚེ་ལས་གྲོལ་བ་དང་སངས་རྒྱས་ཀུན་དང་ལྷན་ཅིག་འཁོད་ཅེས་པ་ལྟར་གྲུབ་པ་ཐོབ་པ་དང་ཚེ་མཉམ་པ་སོགས་མཐའ་ཡས་སོ། ། དེ་ལྟར་རྣལ་འབྱོར་བླ་མེད་ཀྱི་དམ་རྫས་བདུད་རྩི་རིལ་བུ་ཇི་ལྟར་བསྒྲུབ་ཚུལ་གྱི་ཆོ་ག་ཁུངས་དང་འབྲེལ་ཞིང་ཤིན་ཏུ་གསལ་ལ་ལག་ཏུ་བླང་བདེ་བར་རྗེ་བདག་ཉིད་ཆེན་པོས་སྩལ་བའི་བཤད་རྒྱུད་ལྷ་མོ་བཞིས་ཞུས་ཀྱི་ཊཱིཀྐ་དང་རྒྱུད་ཆེན་སྦྱིན་པ་དཔལ་བའི་རྒྱུད་ཊཱིཀ་གཉིས་ལ་གཞི་བྱས་ཤིང༌། ཡོངས་འཛིན་པཎྜི་ཏ་དང་བཀྲས་ལྷུན་རིལ་སྒྲུབ་ཀྱི་ཕྱག་ལེན་གྱིས་ཟུར་བརྒྱན་ཏེ། དགེ་སློང་དྷརྨ་བྷ་དྲས་རྔ་ཆེན་ཀྱི་ལོ་སྣོན་ཟླ་བའི་ཚེས་ལ་སྦྱར་བའོ། །
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།