གྲོང་སྡེ་རིམ་པའི་འཕྲོད་བསྟེན་བདེ་ཐང་དང་ཁོར་ཡུག་གཙང་སྦྲའི་ཐད་ཟབ་སྦྱོང་བྱས།
ཉེ་སྔོན། མཚོ་སྔོན་ཞིང་ཆེན་དམངས་སྲིད་ཐིན་དང་ཡུལ་ཤུལ་ཁུལ་རྒྱ་གྲམ་དམར་པོས་གཙོ་སྐྱོང་དང་བཀོད་སྒྲིག་བྱས་པའི་གྲོང་སྡེ་རིམ་པའི་འཕྲོད་བསྟེན་བདེ་ཐང་དང་ཁོར་ཡུག་གཙང་སྦྲ་ཞེས་པའི་ཟབ་སྦྱོང་སྐོར་གྱི་གནས་ཚུལ་གནད་བསྡུས་ཏེ། ཁུལ་རྒྱ་གྲམ་དམར་པོས་བརྡ་སྦྱོར་རམ་བཀའ་མངགས་ལྟར་ཡུལ་ཤུལ་ཁུལ་སྦྱིན་པ་ཚོགས་པས་ནང་ཆེན་རྫོང་སྡོམ་པ་ཡུལ་ཚོའི་མངའ་ཁོངས་ཀྱི་རུ་ཆེན་ལྔ་ནས་གྲོང་སྡེའི་སྨན་པ་དང་ས་གནས་རང་གི་ཁོར་ཡུག་གཅེས་སྐྱོང་དང་བླངས་ཞབས་ཞུ་མི་སྣ་བཅས་ཁྱོན་སྡོམ20བསྡུ་ནས། ཡུལ་ཤུལ་ཁུལ་རྒྱ་གྲམ་དམར་པོའི་ལས་ཁུངས་ས་ཚིགས་ནས་ཟབ་སྦྱོང་དངོས་སུ་མགོ་བརྩམས།
གཅིག ཟབ་སྦྱོང་གི་བརྒྱུད་རིམ།
ཐེངས་འདིའི་ཟབ་སྦྱོང་གི་དུས་ཡུན་ནི་ཉིན་ཞག་ཧྲིལ་བོ20(སྤྱི་ཟླ9བའི་ཚེས15ནས་ཟླ10བའི་ཚེས7བར)ལྷག་དང་། ཟབ་སྦྱོང་ཚོགས་ཡུལ་དང་ཟབ་ཞུགས་མཁན་རྣམས་ཀྱི་སྡོད་གནས། ཟབ་སྦྱོང་གི་འགྲོ་གྲོན་དང་འགྲིམ་འགྲུལ་གླ། དགེ་རྒན་གྱི་གླ། ཐེངས་འདིའི་འགྲོ་གྲོན་ཡོངས་རྫོགས་ཁུལ་རྒྱ་གྲམ་དམར་པོས་བཏང་ཞིང་ཟབ་སྦྱོང་འདི་དོན་དང་ལྡན་པ་དང་། ཕན་འབྲས་ཡོད་པར་དམིགས་ཏེ་བཙུགས་པ་ཞིག་རེད།
གཉིས། ཟབ་སྦྱོང་གི་དམིགས་ཡུལ།
ཞིང་ཕྱུགས་ས་ཁུལ་གྱི་ས་ཆ་མང་པོར་འགྲིམ་འགྲུལ་སྟབས་མི་བདེ་བ་དང་བརྡ་འཕྲིན་སྤྱོད་མི་ཐུབ་པ། གཙང་སྦྲ་དང་འཕྲོད་བསྟེན་གྱི་འདུ་ཤེས་ཞན་པ། མྱུར་སྐྱོབ་དང་སྟབས་བདེ་གསོ་ཐབས་ཀྱི་རྒྱུན་ཤེས་མེད་པའི་རྐྱེན་གྱིས་དུས་ངེས་མེད་ཀྱི་ཆགས་སྐྱོན་དང་ཤི་རྨས་ཀྱི་གནས་ཚུལ་གང་མང་འབྱུང་བཞིན་ཡོད། དེ་ལས་ཚབས་ཆེ་བ་ནི་དེང་གི་དུས་འདིར་གསར་བྱུང་གི་དངོས་རྫས་དང་ཞོར་ཟས། འགྱིག་རིགས་སོགས་འབག་བཙོག་རིགས་ཀྱི་མཁོ་མེད་དངོས་རྫས་མང་པོ་ཁོར་ཡུག་ལ་སེམས་ཁུར་དང་གཅེས་སེམས་མེད་པར་གང་སར་གཡུགས་ཏེ་ས་གཙང་ཆུ་དྭངས་ཡིན་པའི་ཞིང་ཕྱུགས་ས་ཁུལ་ལ་འབག་བཙོག་ཐེབས་པ་དང་ཞོར་སྐྱོན་བཟོ་བ། མཛེས་ལྗོངས་བརླག་པ། འཐུང་ཆུར་ལྷད་འདྲེས་པ་བཅས་རང་བྱུང་ཁོར་ཡུག་ལ་གཏོར་སྐྱོན་ཐེབས་པ་དང་། མི་ཕྱུགས་བདེ་ཐང་ལ་གནོད་འཚེ་བཟོ་ན་ཡང་། ཞིང་ཕྱུགས་ལས་མང་ཚོགས་ཕལ་ཆེ་བས་དེར་དོ་ཁུར་དང་སེམས་ཚབས་བྱེད་ཀྱིན་མེད་མོད། རྒྱུ་མཚན་ནི། ཁོང་ཚོར་མཚོན་ན་མ་འོངས་དང་འབྱུང་འགྱུར་གྱི་གནས་བབས་ལ་རྒྱུས་ལོན་དང་འཕོ་འགྱུར་ལ་ཆ་རྒྱུས་རབ་རིབ་ཙམ་ལས་མེད།
ཐེངས་འདིའི་ཟབ་སྦྱོང་གི་དམིགས་ཡུལ་གཙོ་བོ་དྲུག་སྟེ།
༡ གྲོང་སྡེ་རིམ་པའི་ཁོར་ཡུག་སྲུང་སྐྱོབ་དང་ཁོར་ཡུག་གཙང་སྦྲའི་འདུ་ཤེས་མཐོ་རུ་གཏོང་བ།
༢ ནད་ངན་ཨེ་ཙི་གཙོས་པའི་ནད་ཡམས་སྔོན་འགོག་སྐོར་གྱི་ཤེས་བྱ་མཐོར་འདེགས་སུ་གཏོང་བ།
༣ གཙང་སྦྲ་རྒྱུན་ཤེས་སྐོར་གྱི་གོ་རྟོགས་སྤེལ་ཞིང་རྒྱུན་འཁྱོངས་བྱ་བར་འབད་པ།
༤ གྲོང་སྡེ་རིམ་པའི་གད་སྙིགས་དོ་དམ་དང་གཙང་སེལ་སྐོར་གྱི་རྒྱུས་ལོན་བྱེད་པ།
༥ སྨན་པ་མེད་སྐབས་མྱུར་སྐྱོབ་སྐོར་གྱི་ཤེས་བྱ་དང་སྟབས་བདེ་གསོ་བཅོས་རྒྱུན་ཤེས་ལག་བསྟར་བྱེད་ཚུལ།
༦ གྲོང་སྡེ་རིམ་པའི་སྤྱི་དམངས་ཀྱི་འཕྲོད་བསྟེན་བདེ་ཐང་དང་བསམ་བློའི་ཀུན་སྤྱོད་མཐོར་འདེགས་སུ་གཏོང་བའི་སྐུལ་སློང་བྱེད་པ་བཅས་སོ།།
གསུམ། ཟབ་སྦྱོང་གི་སློབ་ཁྲིད་ནང་དོན།
གྲོང་སྡེ་རིམ་པའི་འཕྲོད་བསྟེན་བདེ་ཐང་དང་ཁོར་ཡུག་གཙང་སྦྲའི་ཟབ་སྦྱོང་ཞེས་པའི་ཉིན་ཞག་ཧྲིལ་བོ20ལ་ཚོགས་པའི་ཟབ་སྦྱོང་གི་ནང་དོན་གཙོ་བོའི་ཁྱབ་ཁོངས།
༡ སྟབས་བདེའི་གསོ་ཐབས་སྐོར།
༢ བདེ་འཇགས་མིན་པའི་ལུས་འབྲེལ་བརྒྱུད་ནས་འགོས་པའི་ནད་ཡམས་སྐོར་དང་དེ་དག་སྔོན་འགོག་བྱེད་ཚུལ།
༣ གཙང་སྦྲ་ཞན་པའི་རྐྱེན་གྱིས་ནད་འབུ་ཁྱབ་ཚུལ་དང་སྔོན་འགོག་བྱེད་ཚུལ།
༤ བཟའ་ཆས་རིགས་དང་འཐུང་ཆུ་གཙང་ཉར་བྱེད་ལུགས་སྐོར།
༥ ལུས་ཀྱི་པགས་ནད་དང་རྨ་སོགས་སྟབས་བདེ་བཅོས་ཐབས་བྱེད་ལུགས།
༦ དུ་ཆང་གི་གནོད་སྐྱོན་དང་དཔལ་འབྱོར་གྱོང་རྒུད་ཐེབས་ཚུལ།
༧ མི་ལུས་གྲུབ་ཚུལ་དང་དེའི་བྱེད་ལས།
༨ བཏུང་ཁུ་དང་ཞོར་ཟས་ཀྱི་གནོད་སྐྱོན།
༩ ཁོར་ཡུག་སྲུང་སྐྱོབ་དང་སྐྱེ་ཁམས་ལ་གཅེས་སྲུང་དགོས་པའི་སྐུལ་མ།
༡༠ གཅོང་ནད་དང་མཆིན་ནད་ཀྱི་རྒྱུན་ཤེས། ཕྱི་ནད་དང་བྱ་ནད། ཁྱི་སྨྱོན་ནད་སོགས་འགོས་ཚུལ་གླེང་བ།
༡༡ བཀྲ་ཤིས་དང་འཕྲུལ་གཡག་ཅེས་པའི་འཕྲོད་བསྟེན་རྒྱུན་ཤེས་སྤེལ་བ།
༡༢ གྲོང་སྡེ་རིམ་པའི་གད་སྙིགས་དོ་དམ་དང་གཙང་སེལ་བྱ་བར་ཤུགས་སྣོན་དང་རྒྱུན་ཤེས་སྒྲོག་པ་བཅས་སྣ་མང་རང་བཞིན་གྱི་བརྗོད་བྱ་ཕུན་སུམ་ཚོགས་པས་ཉིན་རེར་སློབ་ཐུན་དྲུག་དང་། སྔ་དགུང་རང་སྦྱོང་གི་དུས་ཚོད་བཀོལ་ཞིང་བསླབ་ཟིན་པའི་རྒྱུན་ཤེས་བསྐྱར་སྦྱོང་དང་། ཕན་ཚུན་བགྲོ་གླེང་ངམ་བསམ་ཚུལ་བརྗེ་རེས་བྱེད་པ།
གསལ་བཤད། འབྲོག་སའི་རྩྭ།
ཚོགས་པའི《འབྲོག་སའི་རྩྭ》ལས་ཚན་ངོ་སྤྲོད་དང་འབྲེལ། རྩྭ་ས་བདག་སྐྱོང་སྐོར་ནས་རང་ནུས་ལྕོགས་ཚོད་ཀྱིས་སྒྲོག་སྤེལ་བྱས། དེ་དང་ལྷན་དུ། དེ་སྔོན་ལྷག་ཡོད་པའི《འབྲོག་སའི་རྩྭ》ཡི་དུས་བབས་ཚགས་ཤོག་གམ་གསར་འགྱུར་ཁ་ཤས་ཡོད་པ་དག་བཀྲམ་ཞིང་གསལ་འགྲེལ་རྒྱས་སྣོན་བྱས་པས་སློབ་མ་ཚོར་མཚོན་ན། གོ་རྟོགས་གསར་བ་དང་ཤེས་བྱ་གསར་བ། བློ་སྟོབས་གསར་བ་དང་རྒྱུན་ཤེས་གསར་བ་ཞིག་ཐོབ་ཡོད་ངེས་སོ།།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com