བོད་ཀྱི་གསོ་དཔྱད་རིག་པའི་འཕེལ་རིམ་ལས་ཉེ་རབས་ཀྱི་སྐོར།

རྩོམ་པ་པོ།:《ཀྲུང་གོའི་བོད་ཀྱི་གསོ་བ་རིག་པ ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2015-03-24 10:07:00 ཀློག་གྲངས།:

     མངའ་རིས་རྒྱལ་བརྒྱུད་ལྷ་བླ་མ་ཡེ་ཤེས་འོད་ཀྱི་སྐུ་དུས་སུ་སྔར་ཕན་བོད་ཀྱི་ཆོས་དང་རིག་གནས་ཉམས་ཆག་བྱུང་བ་གསོ་བའི་ཆེད་དུ་ཐབས་ཤེས་དུ་མ་ཕྱག་བཞེས་གནང་བའི་ནང་ནས་བོད་ཕྲུག་བློ་རྣོ་བ་ཁག་ཅིག་བདམས་ཏེ་སྐབས་དེར་རིག་གནས་དར་རྒྱས་ཆེ་བའི་འཕགས་ཡུལ་དང་ཁ་ཆེའི་ཡུལ་དུ་བརྫངས་ནས་ཤེས་ལྡན་སྐྱེད་བསྲིངས་གནང་རྒྱུའི་ཐབས་ལམ་ཁོ་ན་ཡིན་པར་ཐུགས་རྩེ་གཏད་དེ་བཟང་པོའི་སྐྱེས་དང་བཅས་བཀུར་ཏེ་སློབ་སྦྱོང་དུ་གཏོང་གནང་མཛད། དེའི་འབྲས་བུར་ལོ་ཆེན་རིན་ཆེན་བཟང་པོ་དང་ལོ་ཙཱ་བ་བློ་ལྡན་ཤེས་རབ་སོགས་གཅིག་མཇུག་གཉིས་མཐུད་དུ་བྱུང་སྟེ་སངས་རྒྱས་ཀྱི་བསྟན་པ་དང་རིག་གནས་གཞན་དང་བཅས་པར་མི་ནུབ་པའི་ཕྱག་རྗེས་བཞག།ལོ་ཆེན་རིན་ཆེན་བཟང་པོ་འཕགས་ཡུལ་དུ་ལོ་ངོ་བཅུ་བདུན་བཞུགས་ཏེ་པཎྜིཏ་རྒྱལ་བའི་བཤེས་གཉེན་བདུན་ཅུ་དོན་ལྔ་ཙམ་བསྟེན་ནས་མཁས་པའི་ཡང་རྩེར་སོན་ཏེ་སྨན་དཔྱད་ཀྱི་སྐོར་ལ་ཕ་ཁོལ་གྱི་གསུང་སྨན་གཞུང་ཡན་ལག་བརྒྱད་པ་བོད་ཡིག་ཏུ་བསྒྱུར་ཞིང་གཏན་ལ་ཕབ།བོད་ཡུལ་དུ་གསོ་དཔྱད་བསྟན་པ་དར་རྒྱས་གཏོང་སྐབས་ལོ་ཆེན་རིན་ཆེན་བཟང་པོའི་མཚན་གྱི་ཆེ་དོད་ལ་ནམ་མཁའ་ལྟར་ཁྱབ་པ་གཅིག་ཅེས་པ་དང་ལོ་ཙཱ་བ་བློ་ལྡན་ཤེས་རབ་ཀྱིས་བོད་ཀྱི་ལོ་ཙཱ་བ་བཀའ་དྲིན་ཅན་ཚོའི་དཔེ་དོན་གསུང་སྐབས།བེེ་རོ་ཙ་ན་ནམ་མཁའ་མཐའ་དང་མཉམ།།སྐ་ཅོག་གཉིས་ནི་ཉི་ཟླ་ཟུང་གཅིག་འདྲ།། ལོ་ཆེན་བཟང་པོ་ཐོ་རེངས་སྐར་ཆེན་འདྲ།།ཁོ་བོ་ཡང་ནི་སྲིན་འབུ་མེ་འཁྱེར་ཙམ།།ཞེས་བསྔགས་བརྗོད་མཛད།སྐབས་འདིར་བོད་ཀྱི་གསོ་དཔྱད་འདི་ཉི་ཀྱང་རྣམ་པ་གསར་པ་ཞིག་གི་ཐོག་ལ་གོམ་པ་སྤོ་ཐུབ་པ་དང་སླར་ཡང་ཕྱི་ཕྱོགས་ནས་དར་བའི་གསོ་རིག་ཉིང་ཁུ་མཐའ་དག་བླངས་ཏེ་རང་མི་རིགས་ཀྱི་སྨན་གཞུང་ནང་དུ་ཁ་སྐོང་ལེགས་སྒྲིག་ཡོང་རྒྱུར་རྨང་གཞི་ཤིན་ཏུ་བཟང་པོ་ཞིག་གཏིང་ཐུབ་པ་བྱུང་།
     དེ་བཞིན་དབྱིག་དགུ་དགེ་སློང་ཞེས་པས་ཁ་ཆེ་པཎྜིཏ་ཟླ་བ་མངོན་དགའ་མཛད་པའི་ཡན་ལག་བརྒྱད་པའི་འགྲེལ་བ《ཟླ་ཟེར》ཞེས་བ་བྱ་བ་ཡང་བོད་ཡིག་ཏུ་བསྒྱུར་ནས་ཁྱབ་གདལ་ཤུགས་ཆེན་བྱུང་བ་དང་།མངའ་རིས་ས་ཁུལ་དུ་ཡང་ལོ་ཆེན་གྱི་སློབ་མ་ཕུལ་དུ་བྱུང་བ་དཔེར་ན་མྱང་འདས་སེང་གེ་སྒྲ  ཤཱཀ་ཁྲི་ཡེ་ཤེས་འབྱུང་གནས། ཨོང་སྨན་ཨ་ནེ། མང་པོ་སྨན་བཙུན་སོགས་མང་དུ་བྱུང་ཡོད། དེའི་རྗེས་སུ་འཕགས་ཡུལ་གྱི་པཎྜིཏའི་གཙུག་ཕུད་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་བོད་ཡུལ་དུ་བྱོན་སྐབས་ཡན་ལག་བརྒྱད་པ་ལ་བརྟེན་ནས་སྨན་དཔྱད་ཀྱི་འགྲོ་དོན་རྒྱ་ཆེར་བསྐྱངས།གཞན་ཡང་བརྒྱུད་སྤེལ་གྱི་སྐོར་ལ་ཀོང་སྤྲུལ་ཡོན་ཏན་རྒྱ་མཚོས་མཛད་པའི《ཤེས་བྱ་མཛོད》ལས།ཡང་ལོ་ཆེན་རིན་ཆེན་བཟང་པོའི་སློབ་མ་ཞང་ཞུང་ཤེས་རབ་འོད་ཀྱིས་རྒྱ་སྟོན་གྲགས་པ་ཤེས་རབ།དེས་གཡུ་ཐོག་རྒྱ་གར་རྡོ་རྗེ་ལ་བཤད།དེས་ཀྱང་ཡིག་ཆ་གསལ་བར་མཛད་ཅིང་གཡུ་ཐོག་ཡོན་ཏན་མགོན་པོ་ལ་བརྒྱུད།ཅེས་གསལ་བ་སོགས་མདོར་ན་ལོ་ཆེན་རིན་ཆེན་བཟང་པོ་དང་ཇོ་བོ་རྣམ་གཉིས་ཀྱི་སྤེལ་གནང་མཛད་པའི་ཡན་ལག་བརྒྱད་ལྡན་པའི་ཕྱག་རྒྱུན་མཐའ་དག་གཡུ་ཐོག་གསར་མ་ཡོན་ཏན་མགོན་པོས་ཉམས་བཞེས་མཛད་པ་གཡུ་ཐོག་གསར་མའི་རྣམ་ཐར་དུ་འཁོད་ཡོད།
     གཡུ་ཐོག་རྙིང་མའི་གདུང་རབས་བཅུ་གསུམ་པ་བོད་རྒྱལ་རྩེ་རྫོང་གི་སྒོ་བཞི་རེ་ཐང་ལ་འཁྲུངས་པའི་གསར་མ་ཡོན་ཏན་མགོན་པོ་མཆོག་ནི་འབྲོམ་སྟོན་རྒྱལ་བའི་འབྱུང་གནས་དང་དུས་མཉམ་ཡིན།རྣམ་ཐར་དངོས་གཞི་རྒྱལ་བ་ལྔ་པ་ཆེན་པོའི་ཐུགས་རྗེའི་བཀའ་དྲིན་ལས་དགའ་ལྡན་ཕུན་ཚོགས་གླིང་དུ་ཤིང་པར་གྱི་ཕྱི་མོ་བཞུགས་པ་དེ་ལྟར་དང་སྔ་ཕྱིར་བལ་ཡུལ་དང་སིངྒལ་ཚུད་ཆད་དུ་ངོ་མཚར་དང་རྫུ་འཕྲུལ་བསམ་གྱིས་མི་ཁྱབ་པའི་བཀོད་པ་མང་པོ་བསྟན་ནས་ལན་དྲུག་ཏུ་ཕེབས།དམ་པ་འདི་བས་ཡན་ལག་བརྒྱད་པའི་ཉིང་ཁུ་མང་དག་ཅིག་བསྡུ་ལེན་མཛད་དེ་སྒྲིག་ཞུས་ལེགས་པར་མཛད་ཅིང་།རྗེས་འཇུག་གི་སློབ་མ་གནམ་གྱི་སྐར་མ་དང་སའི་དྲེགས་པའི་དཔེ་བཞིན་བྱུང་། དེ་ལྟར་གཡུ་ཐོག་གསར་མས《རྒྱུད་བཞི》ཡི་བཀའ་རྒྱ་བཀྲོལ་གནང་མཛད་པའི་རྗེས་སུ་བུའི་དོན་དུ་གསེར་མཆན་དང་སློབ་མའི་དོན་དུ་ཟངས་མཆན་རྒྱས་བསྡུས་གཉིས་དང་རྒྱུད་བཞི་འཆད་ཐབས་སུ་ཆ་ལག་བཅུ་གསུམ་སོགས་བརྩམས་ཏེ་བོད་མུན་པའི་གླིང་དུ་སྤྲིན་བར་གྱི་ཉི་མ་ཤར་བ་ལྟར་གསོ་རིག་གི་བསྟན་པ་དར་རྒྱས་སུ་མཛད་དོ།།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།