ཐང་ཆེན་ཉེར་ལྔའི་སྦྱོར་ཚུལ་དང་ཕན་ནུས་བཤད་པ།
རྩོམ་པ་པོ།:གཡུང་དྲུང་ཚེ་རིང་།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2014-08-05 09:34:00
ཀློག་གྲངས།:
སྨན་ནུས་བཟང་མིན་ནི་གཙོ་བོ་སྨན་གྱི་སྦྱོར་སྡེབ་ལེགས་མིན་དང་སྦྱར་ཚད་ཚད་ལྡན་ཡིན་མིན་གཉིས་ལ་རག་ལས་པ་ཡིན་ལ་སྨན་སྣ་ཆ་ཚང་ཞིང་སྦྱོར་བ་ཚད་ལྡན་ཡིན་ན་སྨན་རྫས་དེ་ལའང་ནུས་པ་ཁྱད་པར་པ་ཐོན་པ་ཡིན། རང་རེའི་བོད་ལུགས་གསོ་རིག་གི་དགོངས་དོན་ལྟར་ན་སྦྱོར་སྡེབ་ལ་གཙོ་བོ་རོ་སྦྱོར་དང་ནུས་སྦྱོར་གཉིས་སུ་དབྱེ་ཡོད་པ་དང་སྦྱར་ཚད་ལའང་ཚད་ཡོད་དང་ཚད་མེད་གཉིས་ལས་སྦྱར་ཚད་བཤད་ཡོད་པ་རྣམས་ཚད་བཞིན་དུ་སྦྱར་དགོས་པ་དང་སྦྱོར་ཚད་བཤད་མེད་པ་ལ་གཙོ་ཕལ་གཉིས་སུ་བཤད་ནས་ཕལ་བའི་སྨན་རྣམས་ཀྱི་ཐུན་ཚད་ཆ་མཉམ་པ་སྟེ་མང་ཉུང་ཚད་ནི་གཅིག་པ་ཡིན་ཞིང་གཙོ་བོ་སྨན་གྱི་སྦྱར་ཚད་དེ་ཕལ་བའི་སྨན་ལས་ལྡབ་གཅིག་མང་དུ་སྐྱེད་པ་ཡིན་ཏེ་དཔེར་ན་བོད་སྨན་ཐང་ཆེན་ཉེར་ལྔ་ལས་ཁ་ཆེ་གུར་གུམ་ནི་སྦྱོར་བ་གཙོ་བ་ཡིན་དང་ཨ་བར་སྐྱུར་གསུམ་དང་མ་ནུ་པ་ཏྲ་(མ་ནུ་དངོས)། མ་ནུ་པུཥྐར(ཁམས་རུས)། འུ་སུ། པར་པ་ཏ། རྒྱལ་བའི་སྤྱན་ཅན(ལུག་མིག)།འཁྲི་ཤིང(འོམ་བུ)། ཧོང་ལེན། ཏིག་ཏ། ཀྱི་ལྕེ་དཀར་དཀར་བོ། པ་ཏོལ(དངོས་སམ་གསེར་མེ་གང་རུང)། ལྡུམ་བུ་རེ་རལ་(རྒྱལ་བོ་རེ་རལ)།ཕག་རྒོད་གྱི་ཁྲག།གངྒ་ཆུང་། ཨུཏྤལ། བ་ལེ་ག པྲི་ཡང་ཀུ། བྲག་ཞུན། སུག་སྨེལ། སེ་འབྲུ། སེ་ཡབ་བཅས་ནི་ཕལ་བ་ཡིན་པ་དང་ཕལ་བའི་རྣམས་ཀྱི་མང་ཉུང་ཚད་སྲང་གཅིག་རེ་ཡིན་པའི་དབང་བཏང་ན་ཁ་ཆེའི་གུར་གྱི་ཚད་རྒྱ་མ་གཅིག་ཏག་ཏག་ཡིན་ལ་དེ་ལ་གཙོ་གཅིག་དང་ཕལ་བ་ཉེར་བཞི་བསྡོམས་པའི་སྨན་སྣ་ཉེར་ལྔ་ཡོད་པ་དང་སྨན་འདི་ངོ་བོ་ཅུང་ཙམ་བསིལ་ཞིང་བཟི་མེད་པ་དང་ནུས་པས་དུག་དང་སྨུག་པོའི་ནད། ཚ་བ་བྱེར་བ། འདུ་བ་ཚ་གྲང་སྙོམ་པ། རླུང་མི་སྐྱེད་པར་བད་ཀན་སེལ་པ། མཁྲིས་པ་སེལ་བ་སོགས་ཀྱི་དབང་གིས་སྨན་རིགས་ཀུན་གྱི་ཡང་རྩེ་སོན་ཞིང་ཨ་གར་སོ་ལྔ་དང་དྭ་ལི་བཅུ་དྲུག་ལ་སོགས་པའི་སྨན་རྫས་ཀྱི་སྦྱོར་བ་མི་གཅིག་པ་མང་པོ་ཡོད་པ་ལས་ཐང་ཆེན་ཉེར་ལྔའི་སྨན་སྦྱོར་གྱི་སྦྱར་ཚད་ལེགས་ཤིང་ཕན་ནུས་ཤིན་ཏུ་མང་པས་ན་སྨན་སྦྱོར་ཀུན་གྱི་རྒྱལ་བོ་ལྟ་བུ་ཡིན་ལ། སྨན་མཆོག་འདིས་གོང་བཤད་ལས་གཞན་སྣ་ཁྲག་བརྡོལ་པ་དང་མོ་ནད་དབང་གིས་ཟླ་མཚན་མང་པོ་འབེབས་པ་དང་ཀླད་ཁྲག་ཤོར་བ། སྨུག་པོ་བརྡོལ་རལ་ལ་སོགས་པའི་ཁྲག་ཤོར་བའི་ནད་རིགས་ཀུན་ལ་ཕན་པ་མ་ཟད། དྲེག་གྲུམ་ཆུ་སེར་གྱི་ནད་དང་མེ་དབལ་གྱི་ནད། འོར་ནད། འབྲས་ནད། སུར་ཡའི་ནད། ཤ་སེར་མིག་སེར་གྱི་ནད། རྐང་འབམ་གྱི་ནད་ལ་སོགས་པའི་བྱེར་བའི་ནད་ཀུན་ལའང་རང་རང་གི་ནད་རྟགས་གང་སྟོན་དེའི་གཉེན་པོ་དང་བསྟུན་ནས་སྨན་གཏོང་ཤེས་ཡིན་ན་ནད་རིགས་ཡོད་ཚད་ལ་ཤིན་ཏུ་ཕན་པ་ཡིན་ལ། སྨན་སྦྱོར་འདི་ཐང་སྦྱོར་ཁོངས་སུ་གཏོགས་རུང་རིལ་བུ་དང་བྱེ་མའི་སྦྱོར་བ་ལའང་སྤྱོད་རུང་བ་ནི་རྒྱལ་བོ་གདོང་ནག་ལུགས་ཀྱི་སྨན་སྦྱོར་ཁྱད་པར་བ་ཡིན་ནོ།།
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།