འབུམ་བཞིའི་དོགས་དཔྱོད་ཁྲོད་ཕྱོགས་སུ་མ་ལྷུང་བའི་རྒྱུད་བཞི་གླེང་བ།

རྩོམ་པ་པོ།:གཡུང་དྲུང་ཚེ་རིང་། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2014-07-01 09:11:00 ཀློག་གྲངས།:
དང་པོ། གླེང་གཞི་བཤད་པ།
     བོད་ལུགས་གསོ་རིག་རྒྱུད་བཞི་མཆེད་ཁུངས་ལ་ཡོངས་གྲགས་སུ་གཙོ་ཆེ་བར་གསུམ་ཡོད་དེ། བོན་ལུགས་གྲུབ་མཐའ་སྨྲ་བ་དག་གིས་རྒྱུད་བཞི་ནི་འབུམ་བཞི་ལས་འགྱུར་བར་འདོད་པ་དང་ནང་བསྟན་སྨྲ་པའི་དགོངས་ཚུལ་ལྟར་ན་རྒྱ་གར་འཕགས་ཡུལ་ནས་བོད་དུ་འགྱུར་བར་འདོད། གྲུབ་མཐའི་ཕྱོགས་སུ་མ་ལྷུང་བའི་མཁས་པ་འགའ་རེ་བོད་མཁས་པའི་མཛད་པའི་བསྟན་བཅོས་སུ་འདོད་པ་ལས་དང་པོ་བོན་གྱི་སྟོན་པ་གཤེན་རབ་མི་བོ་ཆེས་གསོ་བྱེད་འབུམ་བཞི་ལས་རྒྱུད་བཞི་བར་འདོད་པ་ལ་ཅུངབློ་མ་བདེ་བར་དོགས་དཔྱོད་བྱས་པ་གཤམ་གསལ་ལྟར་རོ།།
གཉིས་པ། འབུམ་བཞི་བྱུང་ཚུལ་བཤད་པ།
     ད་ནས་རྩིས་པའི་ལོ་ངོ་བོ་བཞི་སྟོང་ལྷག་གི་ཡར་སྔོན་དུ་སྟོད་ཀྱི་མངའ་རིའི་ཞུང་ཞུང་ཞེས་པའི་ས་ཆར་བོན་གྱི་སྟོན་པ་གཤེན་རབ་མི་བོ་ཆེ་སྐུ་འཁྲུངས་བ་དང་གཤེན་རབ་མི་བོ་ནི་ནང་པའི་སྟོན་པ་ཤཀྱ་ཐུབ་པ་དང་དུས་མཉམ་པའི་ཞུང་ཞུང་བོད་ཀྱི་ས་ཆ་སྟོད་མངའ་རིས་ཡུལ་གྱི་བོན་ལུགས་ཀྱི་གྲུབ་མཐའ་སྲོལ་གཏོད་མཁན་ཞིག་ཡིན་ལ་དེས་བོན་ཆོས་དང་བོན་ཡིག་གསར་བྱས་བ་མ་ཟད། འབུམ་དཀར་ནག་ཁྲ་གསུམ་ལ་སོགས་པའི་གསོ་བྱེད་ཀྱི་གཞུང་ཡང་མཛད་པར་གྲགས་སོ།། དེ་ལ་བརྟེན་ནས་བོན་གྱི་ཕྱི་རབས་རྣམས་ཀྱི་གཤེན་རབ་མི་ཆེ་ནི་བོན་ལྷ་ལ་བཀུར་ནས་དད་མོས་བྱེད་ཀྱི་ཡོད། དེ་ཕྱིར་བོན་པོ་རྣམས་ཀྱི་གཤེན་རབ་མི་བོ་ཆེ་ནི་ཆོས་སྟོན་མཁན་གྱི་སྟོན་པ་དང་བོན་གསོ་གནང་མཁན་གྱི་སྨན་པ་ཐོག་མ་ཞིག་ལ་ངོས་འཛིན་གྱི་ཡོད།
གསུམ་པ། ལོ་རྒྱུས་ཡིག་ཐོག་དོན་དངོས་དང་སྦྱར་ནས་གསོ་བྱེད་འབུམ་བཞི་ལས་བྱུང་བ་མིན་ཚུལ་སྒྲུབ་པ།
     མཁས་དབང་དགེ་འདུན་གྱིས་མཛད་པའི་བོད་ཀྱི་ལོ་རྒྱུས་དེབ་ཐར་དཀར་བོ་ལས་བཙད་པོ་ནི་བཙན་པོའི་བརྡ་རྙིང་བ་དང་བོན་པོ་ནི་བོད་ཀྱི་བརྡ་རྙིང་བར་ངོས་བཟུང་ནས་ནང་ཆོས་མ་དར་བའི་ཡར་སྔོན་དུ་བོད་འབངས་མི་ཡོངས་ཀྱི་བོན་ཆོས་ལ་དད་མོ་བྱེད་ཀྱི་མདོག་བསྟན་ནའང་དོན་དངོས་སུ་དེ་ལྟར་ཨེ་ཡིན་ནམ་སྙམ། རྒྱུ་མཚན་ནི་རྒྱུད་བཞི་གླེང་གཞི་ལེའུ་དུ་དྲང་སྲོང་གི་འཁོར་དང་ལྷ་ཡི་འཁོར། ཕྱི་བའི་འཁོར། ནང་བའི་འཁོར་ལ་སོགས་པའི་འཁོར་སྡེ་མི་འདྲ་བ་བཞི་གསུངས་བ་འདིས་མ་མཐའ་ཡང་སྐབས་དེའི་སྤྱི་ཚོགས་སུ་ཆོས་ལུགས་མི་འདྲ་བ་བཞི་ཡོད་པ་གཏན་འཁེལ་བྱས་པ་དང་དེ་མ་ཟད་ད་དུང་ཚིག་དུམ་འདི་འདྲ་བ་ཞིག་ཀྱང་གསུངས་ཡོད་དེ་དེའི་ཚེ་དུས་ན་སྟོན་པས་གསུངས་བའི་ཚིག་གཅིག་ལ་འཁོར་རྣམ་པ་བཞི་སོ་སོ་རང་རང་གིས་སྟོན་པའི་ལུགས་སུ་གོ་བར་ཟད་དོ་ཞེས་བསྟན་པ་ལས་བོན་གྱི་སྟོན་པ་དང་ནང་བའི་སྟོན་པ་གཉིས་ལས་གཞན་ལྷའི་ལུགས་ཀྱི་སྟོན་པ་དང་དྲང་སྲོང་གི་ལུགས་ཀྱི་སྟོན་པའང་ཡོད་གསལ་བོར་བསྟན་པ་མ་ཡིན་ནམ། དེ་མ་ཟད་ཚིག་གི་གོ་རིམ་སྒྲིག་སྟངས་ལས་ཀྱང་དྲང་སྲོང་གི་འཁོར་ཐོག་མ་བཞག་པ་དང་དེ་ནས་རིམ་གྱིས་ལྷའི་འཁོར་དང་ཕྱི་བའི་འཁོར་ནང་བའི་འཁོར་བཅས་གོ་རིམ་སྒྲིག་ནས་བཤད་པ་ཡང་སྐབས་དེའི་ཆོས་ལུགས་ཀྱི་སྟོབས་ཤུགས་ཆེ་ཆུང་དང་དབང་ཤུགས་ཆེ་ཆུང་གི་དབང་གིས་བཞག་པར་འདོད། ཚིག་དུམ་དེ་དག་ལས་ང་ཚོའི་རྟོགས་ཐུབ་པ་ནི་རྒྱུད་བཞི་དྲང་སྲོང་གི་ལུགས་དང་ལྷའི་ལུགས། ཕྱི་བའི་ལུགས།ནང་བའི་ལུགས་ལ་སོགས་པའི་འཁོར་བཞི་ཕྱོགས་སུ་མ་ལྷུང་བའི་རིག་གཞུང་ཟླ་མེད་ཞིག་ཡིན་པ་གསལ་བོར་བསྟན་པ་མ་ཡིན་ནམ། ལྷག་པར་དུ་སྐབས་དེའི་སྤྱི་ཚོགས་སུ་བོད་ལ་ཆོས་ལུགས་ཀྱི་གྲུབ་མཐའ་མི་གཅིག་བཞི་ཡོད་པ་ལས་བོན་པོ་ནི་བོད་ཀྱི་ཆོས་ལུགས་ཀྱི་བྱེ་བྲག་ཅིག་ཡིན་པ་མ་གཏོགས་བོད་སྤྱི་ཡི་མིང་དུ་མི་འགྲོ་ལ།བོད་ཡོངས་ཀྱིས་དད་མོས་བྱེད་པའི་ཆོས་ལུགས་ཅིག་ཏུ་དེ་བས་ཀྱང་མི་འགྱུར་བ་རེད། ཆོས་ལུགས་ཀྱི་གྲུབ་མཐའ་བྱེ་བྲག་པ་གཅིག་བོད་ཀྱི་བརྡ་རྙིང་བ་ལ་འགྲོ་བའི་དབང་དུ་བཏང་ནའང་ནང་བསྟན་རིག་པ་དང་དེ་མིན་གྱི་ཆོས་ལུགས་མང་པོ་ཡང་བོད་ཀྱི་བརྡ་རྙིང་བ་ལ་འགྲོ་བ་དང་དེ་ལྟར་གྱུར་ན་ལྷ་དང་དྲང་སྲོང་ཡང་བོད་ཀྱི་བརྡ་རྙིང་བ་ལ་འགྲོ་བས་ན་ཤིན་ཏུ་མི་རིགས་སོ།།
     བདག་གི་བསམ་ན་བོན་ནི་བོད་ཀྱི་ཆོས་ལུགས་ཀྱི་བྱེ་བྲག་ཅིག་ལ་ཁྱབ་པ་མ་གཏོགས་བོད་ཀྱི་བརྡ་རྙིང་བ་ལ་ནམ་ཡང་མི་འགྲོ་སྟེ་བོད་ཅེས་པ་ནི་སྟོད་ཀྱི་མངའ་རིས་སྐོར་གསུམ་དང་བར་གྱི་དབུས་གཙང་རི་བཞི་སྨད་ཀྱི་མདོ་ཁམས་སྒང་དྲུག་བཅས་ལ་འཚོ་སྡོད་བྱེད་པའི་བོད་མིི་སྤྱི་ཡི་མིང་ལ་བརྗོད་པ་ཡིན་ལ། བྱེ་བྲག་གི་དབང་གིས་ཨ་མདོ་པ་དང་ཁམས་པ། གཙང་པ་སོགས་སུ་དབྱེ་ཆོག་ལ་ཆོས་ལུགས་ཀྱི་དབང་གིས་ཕྱི་བ་དང་ནང་བ། ལྷ་བ།དྲང་སྲོང་པ་སོགས་སུ་དབྱེ་ཆོག་པར་འདོད། བོན་པོ(ཕྱི་བ་དོན་གཅིག)ནི་སྟོད་ཀྱི་མངའ་རིས་དང་སི་ཁྲོན་ཟིལ་ཚ་སྡེ་དགུ་དང་རེ་གོང་བོན་སྡེ་སོགས་ས་གནས་འགའ་ལས་མཚོན་པའི་བོད་ཀྱི་བྱེ་བྲག་གི་ཆོས་ལུགས་མ་གཏོགས་བོད་སྤྱི་ཡི་ཚབ་བྱེད་པའི་ཆོས་ལུགས་སུ་ནམ་ཡང་མི་འགྲོ་བ་དང་སྟོན་པ་ལ་ཕྱི་བའི་སྟོན་པ་དང་ནང་པའི་སྟོན་པ་ལ་སོགས་པ་ཆོས་ལུགས་ལུགས་མི་འདྲ་བ་ལ་དམིགས་ནས་སྟོན་པའང་རིགས་མང་པོ་དབྱེ་ཆོག་པར་འདོད། དུས་རབས་བརྒྱད་པའི་ནང་དུ་བོད་ཡུལ་དུ་ཆོས་ལུགས་ཆེན་པོ་གཉིས་སྟེ་ཕྱི་བ་བོན་གྱི་ཆོས་ལུགས་དང་ནང་བ་སངས་རྒྱས་ཆོས་ལུགས་གཉིས་དར་རྒྱས་ཆེན་པོ་བྱུང་། ཆོས་ལུགས་མི་འདྲ་བ་དེ་གཉིས་ཀྱི་རང་རང་གི་ལུགས་ཀྱི་གྲུབ་མཐའི་ཆེ་བ་དང་ལྟ་བ་མི་མཐུན་པའི་གཞན་པར་སྐྱོན་བརྗོད་དང་དམའ་འབེབས་བྱས་ནས་གྲུབ་མཐའ་རྩོད་གླེང་བྱུང་། གྲུབ་མཐའ་དེ་གཉིས་ཀྱིས་རྒྱལ་བའི་ནང་འཁོར་གྱི་སྐུ་དྲག་དང་ནང་བློན་ཕན་ཚུན་འགལ་ཟླ་བཟོས་པས་རྒྱལ་བོའི་ཐུགས་དགོང་དཀྲུགས། རྒྱུ་རྐྱེན་དེ་ལ་བརྟེན་ནས་རྒྱལ་བོའི་བོད་ཁམས་ཡོངས་ཀྱི་གྲུབ་མཐའ་གཅིག་གྱུར་བྱེད་རྒྱུའི་བཀའ་ཁྱབ་བསྒྲགས། དེ་ལ་ནང་པའི་སློབ་དཔོན་པད་མ་འབྱུང་གནས་དང་མཁན་ཆེན་ཞུ་བ་ཚོ་ལ་སོགས་པ་གདན་དྲངས་ནས་བོན་ཆོས་དང་རྩོད་པ་བྱས་པས་བོན་པོ་རྣམས་ཕམ། རྒྱལ་བོས་ཀྱང་དེ་དང་བསྟུན་ནས་བོན་ཆོས་སྤེལ་མི་ཆོག་པ་དང་ནང་ཆོས་སྤེལ་དགོས་པའི་བཀའ་བསྒྲགས།དེ་དུས་ནས་དར་རྒྱས་ཆེ་བའི་བོན་ཆོས་དེ་ཉམས་རྒུད་གྱུར་ཡང་འཐབ་རྩོད་ནི་ད་དུང་རྒྱུན་ཆད་མེད་པ་དང་བོན་པོ་ཚོས་བོད་ཡིག་གཤེན་རབ་ཀྱི་མཛད་པར་འདོད་པ་དང་རྒྱུད་བཞི་ཡང་འབུམ་བཞི་ལས་བྱུང་བར་འདོད། བོན་ཆོས་དེ་ནང་ཆོས་དང་བསྡུར་ན་བྱུང་སྔ་བ་དང་ལོ་རྒྱུས་ཀྱང་རིང་བ་སོགས་ཀྱི་དབང་གི་ཅུང་གནས་ལུགས་ཅུང་མང་བ་བདེན་ཡང་ཡོད་ཚད་བོན་ནས་འགྱུར་བ་དང་ཐམས་ཅད་བོན་གྱི་ཡིན་ཟེར་ན་གཏན་ནས་ཁེས་ལེན་དཀའ་བའོ།། བོད་ཀྱི་ལོ་རྒྱུས་འགའ་ལས་རྒྱལ་པོ་གཉའ་ཁྲི་བཙན་པོ་དུས་སྐབས་སུ་བོན་ཡིག་དང་བོན་གྱི་རིག་གནས་བཅུ་འགའ་ཤས་ཡོད་པར་གསུང་ནའང་སྲོང་བཙན་ཡར་སྔོན་དུ་བོན་གྱི་ཡི་གེ་ཞེས་བོན་ཡོངས་ཀྱིས་བེད་སྤྱོད་གནངས་ཆོག་ཡི་གེ་ཞིག་དམིགས་བསལ་མེད་ལ་གལ་སྲིད་དེ་འདྲ་ཡོད་པའི་དབང་དུ་བཏང་ནའང་བོན་ལ་མ་མཐའ་ཡང་ད་ལྟ་མིག་མཐོང་ལག་ཟིན་གྱི་རིག་པའི་གཞུང་དང་ཡི་གེ་ཞིག་ཡོད་དགོས་མོད། འོན་ཀྱང་བོན་པོ་རྣམས་ལ་བོན་གྱི་ཡི་གེ་དང་བོན་ཡིག་ཡིག་གཟུགས་སུ་བཀོད་པའི་གཞུང་འདི་ཞེས་ད་ལྟའི་བོད་ཡིག་ཙམ་ལས་གང་ཡང་སྟོན་རྒྱ་མེད།སྣང་ཚུལ་འདི་དག་གིས་སྲོང་བན་ཡར་སྔོན་དུ་བོན་ལ་བོན་སྤྱི་ཡིས་བཀོལ་ཆོག་པའི་ཡི་གེ་ཞིག་མེད་པ་གསལ་བོར་བསྟན་པ་མ་ཡིན་ནམ། ཡིན་ནའང་རིག་གཞུང་སྨྲ་བ་འགའ་རེ་ཡང་གྲུབ་མཐའི་ཕྱོགས་ལྷུང་ལྟ་བ་ཁྱེར་ནས་གནས་ལུགས་དང་མི་མཐུན་པའི་དཔྱད་བརྗོད་སྤེལ་བ་ནི་ཅི་འདྲའི་ཡིད་སྐྱོ་བ་ཞིག་རེད་ཨང་། ལྷག་པར་དུ་གསོ་རིག་རྒྱུད་བཞི་བོན་གྱི་འབུམ་བཞི་ལས་འགྱུར་བ་ཡིན་ཚུལ་ལབ་པ་ནི་དེ་བས་ཀྱང་ཁོང་མེད་འཆལ་གཏམ་འབའ་ཞིག་ལས་མ་མཆིས་སོ།།
     སྤྱིར་བོན་པ་ཡིན་ཡང་ཆོག་བན་པ་ཡིན་ཡང་འགྲིག མི་རིགས་གཅིག་ལ་རིག་གཞུང་ཡང་གཅིག་ཏུ་བྱས་པ་དང་སྒོས་སུ་རིག་གཞུང་གཅིག་ལ་ལྟ་བ་ཕྲག་བཟུང་བྱས་ན་ཅུང་མི་ལེགས་པ་ཞིག་ཏུ་སྣང་ནའང་ཁུངས་མེད་ཀྱི་གཏམ་ལ་མཁས་པའི་ལུང་དང་བདེན་གཏམ་ག་ཚོད་བཤད་ཡང་ནམ་སྙིང་བོ་མེད་པ་རེད། ཕྱི་རོལ་པ་བོན་གྱི་ལུགས་ལ་ལོ་རྒྱུས་སུ་འཆད་པའི་བོན་གྱི་ཡི་གེ་དང་རིག་གནས་སོགས་ཡོད་པའི་དབང་དུ་བཏངཡང་དུས་ད་ལྟ་བོན་གྱི་ཡི་གེ་དང་བོན་གྱི་ཡི་གེ་ཡིས་བཀོད་པའི་གཅིག་ཀྱང་མི་མཐོང་བ་དང་ད་ལྟའི་བོན་གྱི་རིག་གཞུང་དང་བོན་ཆོས་དག་ཀྱང་སློབ་དཔོན་ཐོན་མིས་མཛད་པའི་བོད་ཡིག་གི་ཡིག་གཟུགས་ཡིན་ལ། བོན་ཡིག་གིས་བྲིས་པའི་བོན་གྱི་ལོ་རྒྱུས་དང་རིག་གཞུང་འདི་ཡིན་ཞེས་དམིགས་བསལ་ཞིག་སྟོན་རྒྱུ་གང་ཡང་མེད། དེ་མ་ཟད་ད་ལྟའི་མཐོང་ཡུལ་དུ་མངོན་པའི་འབུམ་བཞི་ཟེར་བ་འདིའི་ནང་གི་ཡིག་གཟུགས་ལ་བལྟས་ནའང་བཀས་བཅད་བྱས་ཟིན་པའི་ད་ལྟའི་བོད་ཡིག་དང་གཅིག་པ་ཡིན། ཉེ་བའི་ལོ་གསུམ་ཡར་སྔོན་དུ་བདག་བོན་གྱི་བླ་མ་ཞིག་དངོས་སུ་ཐུག་ནས་ལབ་གླེང་བྱས་མྱོང་། བོན་གྱི་བླ་མ་དེ་བདག་ལ་འདི་འདྲ་བཤད་མྱོང་།ད་ལྟ་བདག་ཅག་གི་སྤྱོད་བཞིན་པའི་ཡི་གེ་འདི་ནི་བོན་གྱི་གཤེན་རབ་མི་བོ་ཆེས་མཛད་པ་ཡིན་དང་ཐོན་མི་བོད་ཡིག་གསར་བཟོ་གནང་མཁན་མིན་པ་སོགས་མང་པོ་བཤད་མྱོང་། འདི་དག་ལས་བོན་ལ་གནའ་སྔ་མོ་དུས་ནས་རང་རྐྱ་འཕར་པའི་བོན་ཡིག་ཞིག་མེད་པ་བདེན་དཔང་བྱས་པ་མ་ཟད།བོན་གྱི་ཡི་གེ་ཡིས་བཀོད་པའི་རིག་གཞུང་ཆ་ཚང་བ་ཞིག་ཀྱང་མེད་པ་བདེན་དཔང་བྱས་པ་མ་ཡིན་ནམ།ཡིན་ཡང་ ཉེ་ཆར་མཚོ་སྔོན་པོ་བོད་ཡིག་དྲ་བ་དང་གསོ་རིག་དྲ་བའི་སྟེང་སྐྲན་འབུགས་ཟེར་བ་ཞིག་གིས་གསོ་རིག་རྒྱུད་བྱུང་བ་ལ་གནའ་དེང་གི་རིག་པས་དཔྱད་པ་ཞེས་ཁ་བྱང་སྙིང་རྗེ་བོ་ཞིག་བཞག་ནས་གནའ་ཡི་མཁས་དབང་དང་ད་ལྟའི་མཁས་པའི་ལུང་ཚིག་རྒྱབ་ཏུ་བརྟེན་ནས་གསོ་རིག་རྒྱུད་བཞི་ནི་མཁས་དབང་གཡུ་ཐོག་ཚང་གི་བརྩམ་པ་མིན་ཚུལ་དང་བོན་གྱི་འབུམ་བཞི་ལས་བྱུང་ལུགས་ལ་ཚིག་གི་རྒྱབ་རྩ་བཙན་ཞིང་ལུང་དང་རིག་པས་མང་བོ་ཞིག་སྒྲུབ་ཡོད་པ་དང་ལྷག་པར་དུ་ཁོ་པས་ལོ་ངོ་ཆིག་རིང་མོའི་གསང་བ་ཆིག་བརྒྱུད་གྱི་ཁྲོད་ནས་དུས་དེ་རིང་གསང་ཁུང་མ་ལུས་བརྟོལ་ནས་གསང་བ་མན་ངག་གི་གདམས་རྒྱ་ཡོད་ཚད་ཕྱི་ལ་ཕུད་མོད། འོན་ཀྱང་ཡིད་སྐྱོ་བ་ཞིག་ལ་ཁོང་གིས་ཀྱང་བོན་གྱི་ཡི་གེ་དང་བོན་གྱི་རིག་གཞུང་བྱུང་སྟངས་དང་ཡིག་གཟུགས་ག་འདྲ་ཡིན་མིན་གཅིག་ཀྱང་གསུངས་མེད་པ་ནི་ཅི་འདྲའི་ཡིད་སྐྱོ་ཨང་།མ་གཞི་སྐྲན་འབིགས་ཟེར་བའི་མི་ཕོ་འདིའི་རྩོམ་གྱི་ཚིག་སྦྱོར་དང་ལུང་གིས་སྒྲུབ་ལུགས་སོགས་གང་ལ་བལྟས་ཀྱང་རིག་གནས་གྱི་ཆུ་ཚད་མཐོན་པོ་ཡོད་པ་གསལ་བོ་ཡོད་པ་ཤུགས་ལ་རྟོགས་ཡོང་། ཡིན་ནའང་རྒྱུད་བཞི་ཡི་དང་པོ་རྩ་བ་ཐུགས་ཀྱི་རྒྱུད་ཀྱི་གླེང་གཞི་ལེའུ་གསལ་བོར་ཉན་མ་བཞག་ཡིན་ནམ།ཡང་ན་རྒྱུད་བཞི་ནང་ཆོས་ལ་འཁྲུལ་ནས་ཀློག་པའི་འདོད་བློ་མ་བྱུང་བ་ཡིན་ནམ།གང་ལྟར་ཡང་རྩ་བ་མ་ཟིན་པའི་དཔྱད་བརྗོད་ཅིག་རེད་བསམ་གྱིན་འདུག
བཞི་བ། རྒྱུད་བཞི་ནི་བོད་ཀྱི་གསོ་དཔྱད་ཀྱི་སྙིང་བསྡུས་ཞིག་ཡིན་པ།
     བདག་གིས་བསམ་ན་རྒྱུད་བཞི་ནི་སྟོན་པ་ཤཀྱ་ཐུབ་པས་གསུང་བ་མིན་ལ་བོན་གྱི་སྟོན་པ་གཤེན་རབ་མི་ཆེས་མཛད་པར་གནང་བ་ཡང་མ་ཡིན།རྒྱུད་བཞི་ནི་ལྷ་ཡིས་གསུངས་བ་མིན་ལ་དྲང་སྲོང་གིས་སྨྲ་བར་མི་ཐུབ་པའི་བོད་རང་གི་ཐུབ་མོང་གི་གསོ་དཔྱད་ཀྱི་རིག་གནས་སྙིང་བཅུད་སྡུད་ལེན་ཐོག་རྒྱ་གར་ནག་ལ་སོགས་གསོ་བྱེད་སྙིང་བོའི་ཡང་སྙིང་སྡུད་ལེན་ལས་བྱུང་བ་ཞིག་ཡིན་ལ་དེ་ནི་བོན་གྱི་བཀོལ་ཆོག་ལ་བན་གྱིས་ཀྱང་སྤྱོད་ཆོག་པ་མ་ཟད། ལྷ་དང་དྲང་སྲོང་གིས་ཡིན་ཆོག་པའི་ཐུན་མོང་གི་གསོ་བྱེད་ཞིག་ཀྱང་ཡིན། རྒྱུད་བཞི་ནི་ཕ་ལམ་ལྟ་བུའི་རིན་ཆེན་ཅི་བཞིན་བོད་མི་སུས་ཀྱང་བྱས་ཆོག་ལ་ཀུན་གྱིའང་ཡིན་ཆོག་པའི་སྤྱི་ནོར་ཁྱད་པར་བའང་ཡིན།  དེ་བས་ང་ཚོས་ཚང་མས་ཡིད་བཞིན་ནོར་བུ་ལྟ་བུའི་གཙུགས་ཀྱི་ནོར་འདི་ཉིད་གཅེས་སྤྲས་དང་བདག་འཛིན། འཕེལ་རྒྱས། ཁ་སྐོང་བཅས་བྱེད་པ་མ་གཏོགས་ཕན་ཚུན་ཕྲག་བཟུང་དང་ཧམ་ཁྱེར་དང་གྲུབ་མཐའི་ཕྱོགས་ལྷུང་གི་ལྟ་བ་སོགས་ནམ་ཡང་བརྗོད་མི་རུང་། ང་ཚོ་ལ་འདི་ལྟར་མེས་པོའི་ཤུལ་བཞག་གི་རིག་གནས་རྩ་ཆེན་ཞིག་ཡོད་པ་ནི་ནམ་ཡང་དགའ་འོས་དོན་བཟང་ཞིག་ཡིན་ནོ།།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།