གསོ་སླ་བའི་ཡན་ལག་བཅུ་གཉིས་ཀྱི་ཁྱད་ཆོས་དང་རིན་ཐང་རགས་ཙམ་གླེང་བ།

རྩོམ་པ་པོ།:རྔོག་བུ་དཔལ་ཆེན། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2014-02-22 10:54:00 ཀློག་གྲངས།:

  གཅིག     ཐོག་མའི་གླེང་སློང་བ།
  ལར་ན་རྗེ་གཡུ་ཐོག་པའི་ཐུགས་མཚོ་ལས་འཁྲུངས་པའི་དཔལ་ལྡན་རྒྱུད་བཞི་འམ་བདུད་རྩི་སྙིང་བོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ཅེས་བྱ་བ་འདི་ལ་བརྗོད་བྱ་དོན་གྱི་ཆེ་བ་དང་།རྗོད་བྱེད་ཚིག་གི་ཆེ་བ།སྤྱི་ཆངས་ས་བཅད་ཀྱི་ཆེ་བ།གསང་བ་མན་ངག་གི་ཆེ་བ།འཆད་བྱེད་ཐབས་ཀྱི་ཆེ་བ།འཆད་པ་བོ་སྟོན་པའི་ཆེ་བ།ཉན་པ་བོ་འཁོར་གྱི་ཆེ་བ་བཅས་དང་མདོར་དྲིལ་ན་ཆེ་བ་བཅུ་གཅིག་དང་ཁྱད་ཆོས་བཅུ་བདུན་སོགས་ཐུན་མིན་དང་གྱ་ནོམ་པའི་རིག་གཞུང་གི་མ་ལག་འཐུས་ཚང་བ་ཞིག་བདོག་པས་མི་ལོ་དུ་མའི་ཡུན་ལ་རང་རྐྱ་ཐུབ་པ་དང་མཚན་སྙན་ཡོད་པ་ཞིག་ཡིན་སྟབས། ད་ཆར་ཡང་ས་སྒང་རིལ་མོ་འདིའི་སྟེང་ན་གོ་གནས་དང་གདེང་འཇོག་ཚད་མཐོན་པོ་ཞིག་ཏུ་སླེབས་ཡོད་པ་ནི་འོ་སྐོལ་གྱི་མིག་མཐོང་ལག་ཟིན་དུ་གྱུར་འདུག་པ་དེ་ལྟ་བུ་རེད།
  དེ་བས་སྤྱིར་རྒྱུད་བཞིའི་མགོ་ནས་མཇུག་བར་དུ་ཁྱད་ཆོས་དཔག་ཏུ་མེད་པ་ཞིག་མཆིས་མོད། ད་རེས་སྐབས་སུ་བབས་པ་བཤད་པ་སྐུའི་རྒྱུད་ཀྱི་དབྱེ་བ་ངོས་བཟུང་རྟགས་ལས་སྤང་བླང་མུ་བཞིའི་བརྟག་པའི་ནང་ཚན་སྟེ།གསོ་སླ་བའི་ཡན་ལག་བཅུ་གཉིས་ཀྱི་ཁྱད་ཆོས་དང་རིན་ཐང་གི་སྐོར་ཙམ་རང་གི་ཁབ་མིག་ལས་དོག་པའི་རིག་པ་ཕྲ་མོས་ལྕོགས་ཚོད་ཀྱིས་སྤྱིའམ་རྩ་བའི་ས་བཅད་རྣམ་པ་གསུམ་གྱི་སྒོ་ནས་ཆེ་ལོང་ཙམ་ཞིག་གླེང་བར་འདོད་དོ།།
  གཉིས།  གཞུང་གི་དོན་བཤད་པ།
  འདི་ལ་གསུམ་སྟེ། སྨན་པའི་ཡན་ལག་དང་སྨན་གྱི་ཡན་ལག་དང་ནད་གཡོག་གི་ཡན་ལག་གོ།
  (1)   གསོ་སླ་བ་སྨན་པའི་ཡན་ལག་གི་ཁྱད་ཆོས་དང་རིན་ཐང་།
  རྒྱུད་ལས། སྨན་པ་མཁས་པའི་སྟེགས་ལ་འཛེགས་པ་དང་།། གཞུང་གི་དོན་ཤེས་ལས་རྣམས་མཐོང་ཞིང་གཙང་།།ཞེས་གསོ་སླ་བ་སྨན་པའི་ཡན་ལག་རྣམ་པ་བཞི་གསུངས་ཡོད་པ་སྟེ། འབུམ་ནག་གསལ་སྒྲོན་དུ། དེ་ལ་སྨན་པའི་ཡན་ལག་བཞི་ནི། ལས་གང་ང་ལ་མཁས།ལུང་གང་ལ་མཁས།གཅིག་ལས་གཅིག་མཁས་པའི་སྟེགས་ལ་འཛེགས་ཤིང་སྦྱང་བ་དང་།གཞུང་ཆེན་མོ་རྣམས་ཀྱིས(ཀྱི)དོན་ཤེས་ཤིང་ལོན་པ།ལག་ལེན་དུ་ལོན་པ།ཐབས་ཐམས་ཅད་མཐོང་ཞིང་གོམས་པ།ལུས་ངག་ཡིད་གསུམ་གཡོ་རྒྱུ(སྒྱུ)ཚུལ་འཆོས་དང་།གྲགས་པའི་རྐྱེན་གྱིས་མ་གོས་ཤིང་།བརྩེ་བ་དང་བཞི་ལྡན་པའི་སྨན་པ་ཅིག་ཡོད་ན་གསོ་སླ་བའོ།།ཞེས་གསུངས་པ་བཞིན་དུ་གསོ་བ་བོ་སྨན་པ་ཉིད་ནི་སྤྱིར་རིག་གནས་སྤྱི་དང་སྒོས་སུ་གསོ་རིག་གི་གཞུང་ལུགས་ལག་ལེན་དང་བཅས་པར་ཐོགས་རྡུགས་མེད་པར་འུབ་ཆུབ་པ་ཞིག་ཤེས་པས་མཁས་པ་ཞེས་པའི་མིང་དོན་གཉིས་ཀྱི་སྟེགས་བུར་འཛེགས་ཡོད་པ་ཞིག་དང་།གཞུང་ལུགས་ཀུན་གྱི་དོན་ལེགས་པར་རྟོགས་ཡོད་པ་ཞིག     ལག་ལེན་གྱི་ལས་ཐམས་ཅད་མཐོང་སྟེ་གོམས་ལོབས་སུ་གྱུར་ཡོད་པ། སྒོ་གསུམ་གྱི་བགྱི་བ་རྣམས་སྡིག་པའི་ལས་ཀྱི་དྲི་མ་དང་བྲལ་བའི་ཀུན་སློང་གཙང་མ་ཞིག་ཡོད་དགོས་པ་ལས།སྨན་པས་ནད་པ་རིག་ན་སྙིང་རྗེའི་འདུ་ཤེས་ཞིག་ལྟ་ཞོག་མིག་ལྟ་ཙམ་ལས་མི་བྱེད་པ།ཉམ་ཐག་ནད་པའི་སྟེང་ལ་གཏུམ་སྤྱོད་དང་གདུག་རྩུབ་ཆེ་བ།ཚིག་རྩུབ་སྨྲ་བ་སོགས་ནི་ཡེ་ནས་མི་རུང་།
  དེ་བས་སྨན་པའི་ཡན་ལག་བཞི་ཚང་ཞིང་གསོ་རིག་གགི་དགོངས་དོན་ལྟར་ནད་ཐོག་ལག་ལེན་དུ་ལེགས་པོར་བསྟར་བ་ཡིན་ན་གསོ་བྱ་གང་ཉིད་ཀྱི་ལུས་ཀྱི་སྤྱི་གཙུག་ནས་ནས་རྐང་མཐིལ་བར་གྱི་ནད་ཐམས་ཅད་སྐྱུ་རུ་ར་རློན་པ་ལག་མཐིལ་དུ་བླངས་པ་ལྟར་གསལ་བོར་མཐོང་བསནད་གདུང་གི་འདམ་དུ་བྱིངས་པའི་འགྲོ་བ་ནད་པ་དག་གི་ཟུག་རྔུ་གཅོག་བཏུབ་པ་དང་།ཞར་དུ་རང་ཉིད་ཀྱི་མཚན་སྙན་རྒྱས་པ་སོགས་མདོར་ན་འདི་བདེ་ཕྱི་སྐྱིད་དང་རང་གཞན་གྱི་དོན་གཉིས་འགྲུབ་པ་ཡིན་པས་རྨད་དུ་བྱུང་བའི་གསོ་སླ་བ་སྨན་པའི་ཡན་ལག་གི་ཁྱད་ཆོས་དང་རིན་ཐང་ཡིན་ནོ།།
  (2)གསོ་སླ་བ་སྨན་གྱི་ཡན་ལག་གི་ཁྱད་ཆོས་དང་རིན་ཐང་།
  རྒྱུད་ལས། སྨན་ནི་ཆོ་ག་ཡོན་ཏན་མང་དུ་ལྡན།།ཕུན་སུམ་ཚོགས་ཤིང་འཕྲོད་པར་སྦྱར་བའོ།། ཞེས་གསོ་སླ་བ་སྨན་གྱི་ཡན་ལག་བཞི་གསུངས་པ་སྟེ།  འབུམ་ནག་གསལ་སྒྲོན་དུ། སྨན་གྱི་ཡན་ལག་བཞི་ནི།སྨན་གཅིག་ལ་ཐང་ཕྱེ་མ་རིལ་བུ་ལྡེ་གུ་སྨན་མར་ལ་སོགས་པའི་ཆོ་ག་མང་དུ་སྦྱར་དུ་བཏུབ་ན་ཁ་སྤོས་ཤིང་བཏང་བས་ནད་པ་མི་སུན་པས་ནད་སྟེང་དུ་སོ་མ་རེ་ཡོང་བས་རྣོ་བར་འགྱུར་བ་དང་། སྨན་ཞིག་ལ་ཡོན་ཏན་བཅུ་བདུན་ལ་སོགས་པ་མང་དུ་ལྡན་པས་ན་ལྡན་འདུས་ལ་སོགས་པ་གང་ཡང་སེལ་བ་དང་།སྐྱེ་སར་སྐྱེས་དུས་སུ་བཏུས།
  སྐམ་སྲེག་ལེགས་པ།སོ་མ་རྙིང་བ་བཞི།ཕུན་སུམ་ཚོགས་པ་དང་།རོ་ནུས་ཞུ་རྗེས་འཕྲོད་པར་སྦྱར་བ་དང་བཞི་ལྡན་པའི་སྨན་ཡོད་ན་ནུས་པ་ཆེ་བ་ཞིག་འོང་པས་གསོ་སླ་བ་དེ།སྨན་ཨ་རུ་ར་ལྷུ་གཅིག་ལ་།ཡན་ལག་དེ་རྣམས་ལྡན་པ་ཡིན་ནོ།། ཞེས་གསུངས་པ་བཞིན་ཐང་ཕྱེ་རིལ་བུ་སྨན་མར་ཐལ་སྨན་ལ་སོགས་ཀྱི་སྒོ་ནས་ཉེས་པ་གང་ཤས་ཆེ་བ་དེ་ལ་དེ་བསྟུན་གྱིས་གསོ་བཅོས་བྱེད་པའམ་མཛོ་ཁལ་ལུག་ཁལ་ལྟར་ནད་གང་ལ་གཉེན་པོ་གང་འཚམ་བཏང་སྟེ་སྨན་གྱི་ཆོ་ག་མང་དུ་ལྡན་པ་དང་།སྦྱར་བའི་སྨན་ལ་ཡོན་ཏན་བཅུ་བདུན་སོགས་ལྡན་པར་བགྱིས་པས་ལྡན་འདུས་དང་བཅས་པའི་ནད་ཀུན་སེལ་ནུས་པའི་ཡོན་ཏན་ལྡན་པ། སྨན་གྱི་འབྱུང་ཁུངས་ནུས་སྟོབས་སོགས་ཕུན་སུམ་ཚོགས་པ་།རོ་ནུས་ཞུ་རྗེས་དང་སྟོབས་ཡོན་ཏན་སོགས་་ནུས་སོ་སོར་མི་འཁྲུལ་བར། རོ་སྡེབས་ནུས་སྡེབས་ཞུ་རྗེས་སྡེབས་ཏེ་སྦྱར།། ཞེས་པ་ལྟར་རྫས་རང་རང་གི་རོ་ནུས་ཞུ་རྗེས་རྣམས་ཕན་ཚུན་མཐུན་པར་སྡེབས་ཏེ་སྦྱོར་བའི་ཡན་ལག་རྣམས་ངེས་པར་དུ་ལྡན་དགོས་ལ། བརྒྱ་ལ་དེ་ལས་ལྡོག་ན་གསོ་སླ་བ་དང་ཕན་ཐོགས་པ་ལྟ་ཞོག་དུག་ཏུ་འགྱུར་ཉེན་ཆེའོ།།
  ཁོག་དབུག་ཁྱུང་ཆེན་ལྡིང་བ་ལས། སྨན་ནི་རྫས་གང་ཞིག་ནད་སེལ་བའི་མཆོག་ཏུ་གྱུར་ཅིང་། ཁོང་དུ་བཏང་བས་ཚེ་དང་སྲོག་ལ་ཕན་པས་དེ་ལ་སྨན་ཞེས་བྱའོ།། ཞེས་གསུངས་པ་ལྟར་སྨན་གྱི་ཡན་ལག་རྣམས་ཚང་བར་ལྡན་པས་མངོན་སུམ་དུ་ནད་ཀྱི་ཟུག་ངུ་བདེ་བླག་ངང་གཅོག་ཐུབ་ཅིང་གསོ་སླ་ལ།ཚེ་བསྲིང་ནུས་པ་སོགས་སྨན་གྱི་ཡན་ལག་གི་ཁྱད་ཆོས་དང་རིན་ཐང་ཧ་ཅང་གནད་དུ་ཐིངས་པ་ཡོད་དོ།།
  (3)   གསོ་སླ་བ་ནད་གཡོག་གི་ཡན་ལག་གི་ཁྱད་ཆོས་དང་རིན་ཐང་།
  རྒྱུད་ལས། ནད་གཡོག་སྒྲིན་བརྩེ་གཙང་སྦྲ་བློ་དང་ལྡན།། ཞེས་ནད་གཡོག་གི་ཡན་ལག་བཞི་བསྟན་ཡོད་དེ།    འབུམ་ནག་གསལ་སྒྲོན་དུ།  ནད་གཡོག་གིས(གི)ཡན་ལག་བཞི་ལྡན་ནི། ནད་པ་བབདེ་མ་བདེ།སྐྱེད་བྱུང་མ་བྱུང་།ཤེས་པ་བསྒྲིམས་པ་དང་།ལེ་ལོ་མི་བྱེད་པར་ཤ་ཚར་སྙིང་བརྩེ་བ།གནས་ཁང་དང་ཁ་ཕོར་ཟས་སྨན་ལ་སོགས་རྣམས་མི་གཙང་བའི་དྲི་མས་མ་གོས་པར་གཙང་སིང་ངེ་བ་བྱེད་པ་དང་།ནད་པ་ན་བསྟབས་ནས་མི་འགྲོ་བར།བློ་གྲོས་མཐུན་པའི་བློ་དང་ལྡན་པ།ནད་གཡོག་གོ་ཆོད་པ་གཅིག་ལ་གསོ་སླ་སྟེ།ཞེས་གསུངས་པ་ལྟར་ནད་གཡོག་གིས་ནད་པའི་བྱ་བ་ཀུན་ལ་བློ་རྩེ་གཅིག་ཏུ་བསྒྲིམས་ཏེ་བློ་སྒྲིན་པོ་བྱེད་པ་དང་།ཕུ་ནུ་མིང་སྲིང་གི་འདུ་ཤེས་བཟུང་སྟེ་ཤ་ཚ་ཞིང་སྙིང་ཉེ་བའི་བརྩེ་བ་དྲོན་མོས་ཞབས་ཕྱི་ཚུལ་བཞིན་སྒྲུབ་པ་དང་།ནད་པའི་འགྲོ་འདུག་ཉལ་འཆག་དང་ཁ་ཟས་གྱོན་ཆས་སོགས་ལ་གཙང་སྦྲ་བྱེད་པར་མཁས་པ།ནད་པའི་སེམས་ཁམས་ཀྱི་འགྱུར་བ་དང་བསྟུན་ནས་ཞབས་ཕྱི་སྒྲུབ་པའི་བློ་གྲོས་དང་ལྡན་པ་ཡིན་ན་ནད་པའི་སེམས་ཁམས་བདེ་ལ་འབབ་ཅིང་།སེམས་ཁམས་བདེ་དྭངས་ཡོང་བའི་དབང་གིས་ནད་ཀྱང་ཇེ་ཡང་དུ་འགྲོ་བ་ལྟ་བུའི་ཚོར་སྣང་འབྱུང་སྲིད་ལ།དོན་དུ་ཡང་དེ་ལྟར་ཡིན་པས་ནད་གཡོག་གི་ཞབས་ཕྱིའི་ཀུན་སློང་ནི་ནད་དྲགས་བསྐྱེད་འབྱུང་བའི་མཐུན་རྐྱེན་ཉག་གཅིག་ཡིན་སྟབས།ནད་གཡོག་གི་ཡན་ལག་ཀྱང་གསོ་སླ་བའི་ཡན་ལག་གི་ཆ་རྐྱེན་མེད་དུ་མི་རུང་བ་ཞིག་གོ།
  གསུམ།   མཇུག་གི་དོན་བསྡུ་བ།
  དེ་ཡང་རྒྱུད་ལས། ཡན་ལག་སྒོ་ནས་གསོ་བ་སླ་བ་ནི།།སྨན་པ་སྨན་དང་ནད་གཡོག་རྣམ་པ་གསུམ།།ཞེས་ཡན་ལག་ལྡན་པའི་སྒོ་ནས་གསོ་སླ་བ་ལ་སྨན་པའི་ཡན་ལག་བཞི་དང་། སྨན་གྱི་ཡན་ལག་བཞི། ནད་གཡོག་གི་ཡན་ལག་བཞི་བཅས་ཡན་ལག་བཅུ་གཉིས་ལྡན་པ་ཡིན་ན་གསོ་སླ་བ་ཡིན་ལ།ཡན་ལག་སོ་སོའི་ཆ་རྐྱེན་དག་ཡོངས་སུ་ཚང་དགོས་པ་ནི་ལྟ་ཅི་སྨོས།འབུམ་ནག་གསལ་སྒྲོན་དུ།  དེ་བས་ནད་གཡོག་ལས་སྨན་གཙོ་ཆེ།སྨན་ལས་སྨན་པ་གཙོ་ཆེ་སྟེ།གོ་རིམ་ངེས་པ་ཡིན་ནོ།།  ཞེས་གསུངས་པའང་གནད་ཅིག་ཏུ་འཁུམས་སོ།།
  མདོར་ན་བརྒྱ་བཤད་ཚིག་གི་རྩ་བ་ནི།སྨན་པ་སྨན་དང་ནད་གཡོག་རྣམ་པ་གསུམ་གྱི་ཡན་ལག་ལྡན་པའི་ཉིང་དགོས་སམ་དམིགས་འབེན་མཐར་ཐུག་པ་ནི་ཉམ་ཐག་འགྲོ་བ་ནད་པ་རྣམས་ཀྱི་བཞི་བརྒྱ་རྩ་ནད་ཀྱི་གདུང་བ་དྲུངས་ནས་འབྱིན་པའི་ཕྱིར་རམ་ན་བ་གསོ་བའི་ཆེད་དུ་ཡིན་པ་བསྙོན་དུ་མེད་དོ།།
  དེ་བས་རྒྱུད་ཀྱི་དགོངས་དོན་གཞིར་བཞག་གི་སྟེང་ནས་ཐུན་མོང་མ་ཡིན་པའི་བོད་རང་གི་སྲོལ་རྒྱུན་གསོ་རིག་གི་ཁྱད་ཆོས་ལྡན་པའི་ངོས་འཛིན་དང་མན་ངག་གི་གསོ་བཅོས་སོགས་ནད་ཐོག་ལག་ལེན་དུ་གདབ་རྒྱུ་གལ་ཆེ་སྟེ།ཇི་སྐད་དུ།   ཀོང་སྤྲུལ་ཡོན་ཏན་རྒྱ་མཚོས། རིག་པ་དཔེ་ཐོག་ལུས་པས་ལག་ལེན་དཀའ།།  མ་སྦྱངས་སྨན་རྐྱལ་ཐོགས་པས་ནད་པ་བསླུ།། ཞེས་པ་དང་། རྒྱུད་བཞིའི་མཇུག་དོན་དུ། མན་ངག་ཁ་ཁྱེར་མ་བྱེད་དོན་ལ་ལོང་།། ཞེས་གསུངས་པ་ལྟར་འདི་ལ་ཤ་ཐང་དུ་འབད་རྒྱུ་ནི་གསོ་རིག་གི་སྒོ་ཐེམ་ལ་གོམ་ཁ་ཐོག་མར་བསྒྱུར་གྱིན་པའི་ང་ཚོ་ལས་དང་བོ་བ་དག་གི་ཕྲག་སྟེང་ལ་བབས་པའི་འོས་འགན་ནམ་འགན་འཁྲི་ཉག་གཅིག་ཡིན་ནོ།།

  ཟུར་དུ་སྨྲས་པ།
  དཔལ་ལྡན་རྒྱུད་བཞི་ཆུ་གཏེར་ཆེན་པོའི་ཀློང་།།བདག་འདྲའི་བློ་གྲོས་གྲུ་ཡིས་བགྲོད་མིན་ཡང་།།
  གཞུང་བཟང་ཚད་མར་འཛིན་པས་ཟུར་བརྒྱན་ཏེ།།རང་རིག་ཕྲ་མོས་དཔྱད་པ་འདི་ཙམ་བྲིས།།


   ཟུར་ལྟའི་དཔྱད་གཞི།
  1.གསོ་རིག་རྒྱུད་བཞི།
  2.  འབུམ་ནག་གསལ་སྒྲོན།
  3. བསླབ་དེབ་བཅོས་སྒྲིག་མ《 ངོས་བཟུང་རྟགས།》

 

 


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།