སྐར་རྩིས་རིག་པའི་འབྱུང་ཁུངས་རགས་ཙམ་གླེང་བ།

རྩོམ་པ་པོ།:ངག་དབང་ཀུན་མཁྱེན། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2012-12-29 11:47:00 ཀློག་གྲངས།:
        འདི་ལྟར་བལྟས་ཡོང་དུས། གསུངས་པའི་ཡུལ་དུས་དང་གཞུང་ལུགས་ཀྱི་ལྟ་གྲུབ་སོགས་གང་ཅི་ཆ་ནས་ཐ་དད་ཡིན་པའི་ཆོས་ལུགས་འདི་གཉིས་ཀྱི་དགོངས་ཚུལ་གཅིག་ཏུ་ཕབ་པའི་དཔལ་ལྡན་དུས་ཀྱི་འཁོར་ལོ་འདི་དོན་དངོས་སྟོན་པ་སུ་ཞིག་གིས་ཐོག་མར་གསུངས་པ་ཡིན་ནམ་ཞེ་ན། རྨོངས་ཚོད་ཀྱིས་འདི་ལྟར་འདོད་དེ། བོན་གཞུང་བསྟན་པ་གཉེར་དུ་གཏད་པའི་མདོ་ལས། རྒྱལ་སྲས་རྐོང་ཚ་འཕྲུལ་བུ་ཁྱོད། །གདོང་འཚོལ་ཆེན་མོ་མ་བྱོན་པར། །དཀར་ནག་བཀྲ་གསལ་གཉེར་དཔོན་མཛད། །དེ་ནས་གདོང་འཚོལ་བྱོན་པའི་དུས། །དུས་འཁོར་གབ་རྩེ་ལོ་གསུམ་ཤོར།བྱཞེས་དང༌། ཡང་དེ་ཉིད་ལས། མཆོད་སྦྱིན་དཔལ་འབུམ་ཤེལ་དཀར་ཟ་མ་ཏོག །དཔྱད་གསུམ་ཕྱི་ནང་གསང་བའི་རྩིས་བཅུད་སོགས། །སྙན་བརྒྱུད་གཏེར་དང་དག་སྣང་ལས་བྱུང་གསུངས། །རྒྱ་གར་མཁས་པ་ལྷ་བདག་སྔགས་གྲོལ་གྱིས། །རྒྱ་གར་དུ་བསྒྱུར་དུས་ཀྱི་འཁོར་ལོ་འདི། །ཚིག་གི་ཆ་ལས་དོན་ལ་འཁྲུལ་བ་མེད།  ཅེས་གསལ་པ་དང༌། གཞན་ཡང༌། ད་སྐབས་ལྷོ་རྒྱུད་ནང་བསྟན་ཞེས་འབོད་པའི་ཤྲི་ལངྒཱ་དང་འབར་མ་སོགས་སུ་དར་བའི་ཐེག་དམན་པ་ཚོས་དུས་འཁོར་གྱི་ལུགས་འདི་སངས་རྒྱས་ཤཱཀྱ་ཐུབ་པའི་གསུང་དུ་ཁས་མི་ལེན་པ་དང༌། སྤྱི་ལོ1027ལོར་དུས་འཁོར་གྱི་གཞུང་རིམ་གྱིས་བོད་དུ་དར་སྐབས་ཀྱང༌། གཞུང་རྣམ་དག་ཡིན་མིན་གྱི་རྩོད་པ་ལངས་པས་རེ་ཞིག་ཆེས་ཆེར་དར་མ་ཐུབ་པ་སོགས་ལ་བལྟས་ན་ཟབ་པ་དང་རྒྱ་ཆེ་བའི་རྩིས་རིག་ཀུན་གྱི་འབྱུང་གནས་ལྟ་བུ་དཔལ་ལྡན་དུས་ཀྱི་འཁོར་ལོ་འདི་ཐོག་མར་རྒྱ་གར་ནས་བོད་དུ་དར་བ་ཞིག་ཡིན་མིན་སོགས་ཀྱི་བློ་དོགས་དང་ཚོར་འདུ་ཟབ་མོ་ཞིག་སེམས་པའི་གཏིང་རུམ་ནས་བན་བུན་དུ་འཁྲིགས་ཤིང་རབ་རིབ་ཏུ་འཐིབ་པ་ལས་བདག་ལྟ་བུ་ཞིག་ལ་སྟངས་གཅོད་ཀྱི་ཁ་དམར་གདགས་པའི་དཔྱད་སྟོབས་ཤིག་གང་ན་ཡོད།
        དེ་བཞིན་དུ་ཕུགས་ལུགས་ཀྱི་བཞེད་པ་ལྟར་སྟོན་པ་འདས་ནས་ལོ44སོང་རྗེས་འཇམ་པའི་དབྱངས་རྒྱ་ནག་རི་བོ་རྩེ་ལྔར་འཁྲུངས་ནས་རྩིས་ཀྱི་སྒོ་མོ་བརྒྱད་ཁྲི་བཞི་སྟོང་ཕྱེས་པར་གསུངས་ནས། དངོས་རྒྱུད་རྒྱ་ནག་གི་ལོ་རྒྱུས་ནང་དུ། དེ་ལས་ལོ་ཆིག་སྟོང་ལྷག་གི་སྔ་རོལ་དུ་མ་ཧཱ་ཙི་ནའི་ཡུལ་དུ་རྩིས་ཀྱི་རིག་པ་རྒྱ་ཆེར་དར་ཡོད་པ་མ་ཟད། རི་བོ་དྭངས་གསལ་གྱི་དཀར་ཆག་ལས་འཇམ་པའི་དབྱངས་ནི་རྒྱ་ནག་རི་བོ་རྩེ་ལྔར་ཐོག་མ་ཏྲིཀྵི་ཤིང་གི་སྦ་བ་ལས་བརྫུས་ཏེ་འཁྲུངས་ཤིང་མཚན་ལ་ཟུར་ཕུད་ལྔ་བའམ་དྲང་སྲོང་གོས་དཀར་ཅན་དུ་གསོལ། སྐབས་དེར་རྒྱ་ནག་ཏུ་སངས་རྒྱ་བསྟན་པ་མ་དར་བར་བོན་གྱིས་བཟུང་བའི་དུས་ཡིན་པས་གཉུག་མར་གནས་པའི་བོན་པོ་རྣམས་ཀྱིས་རང་གི་སྟོན་པའི་རྣམ་འཕྲུལ་དུ་ངོས་བཟུང་ནས་ཤར་ཕྱོགས་རྒྱ་ནག་གི་བསྟན་པའི་བདག་པོ་ནོར་བུ་ཕོ་བྲང་གི་དབང་ཕྱུག་གཞོན་ནུ་ཞེས་མཚན་གསོལ་བར་གཞིགས་ན། རྒྱ་གར་གྱི་དགྲ་བཅོམ་པ་མ་ཏིང་ཀི་པ་དང་པཎྟི་ཏ་བྷ་ར་ན་གཉིས་ཀྱི་ཧན་གུར་གྱི་རྒྱལ་པོ་མང་ཟླའི་དུས་སུ་ནང་པའི་བསྟན་པ་རྒྱ་ནག་ཏུ་ཐོག་མར་སྤེལ་པ་དེའི་སྔོན་དུ་རྒྱ་ཡུལ་དུ་བོན་བསྟན་དར་ཡོད་པ་གསལ་པོ་མཚོན་འདུག་པ་བཞིན། བོད་གཞུང་རྣམས་སུ་ཡང་ཀོང་ཙེ་འཕྲུལ་རྒྱལ་གྱི་བཀའ་ལྟར་བོན་པོ་ལེགས་ཏང་མང་པོ་བརྒྱུད་ནས་རྒྱ་ནག་ཏུ་རྩིས་རིག་ཐོག་མར་དར་བར་བརྗོད། སྐབས་འདིར་ང་ཚོས་ཤེས་དགོས་པ་ཞིག་ནི་ཀོང་ཙེ་འཕྲུལ་གྱི་རྒྱལ་པོའམ་རྐོང་ཚ་འཕྲུལ་བུ་ཟེར་བ་འདི་ནི་གནའ་བོའི་དུས་ཀྱི་རྒྱ་ལག་འོད་མོའི་གླིང་ཞེས་པ་དེང་དུས་མངའ་རིས་དང་ཀཤྲི་མིར་འབྲེལ་པའི་ས་ཕྱོགས་འདིར་འཁྲུངས་པ་མ་ཟད། སྟོན་པ་གཤེན་གྱིས་རྒྱལ་ཕྲན་ཁག་གི་བཙུན་མོ་དགུ་ཁབ་ཏུ་བཞེས་པའི་ཁྲོད་རྒྱ་བཟའ་ཞེས་པ་དེའི་རིགས་རྒྱུད་ཅིག་ཡིན་པ་ལས། སྤྱི་ལོ་སྔོན་གྱི་ལོ551ལོར་རྒྱ་ནག་ནས་འཁྲུངས་པའི་ཁུང་ཙེ་དང་འཕྲུལ་མི་བཞིའི་ནང་ཚན་ཀོང་ཙེ་འཕྲུལ་རྒྱལ་སོགས་མ་ཡིན་པར་བརྗོད། ལྷག་པར་དུ་གྷི་རི་སི་དང་ཨིཇིབ་ཏུ་ཁོངས་གཏོགས་པའི་ནུབ་ཕྱོགས་ཀྱི་རྩིས་གཞུང་ནང་དུའང་གཟའ་དགུ་དང་ཁྱིམ་བཅུ་གཉིས། རྒྱུ་སྐར་ཉེར་བརྒྱད། ཉི་ཟླ་གཟའ་འཛིན་རྣམས་ཡོད་པ་ཕལ་ཆེར་རང་རེའི་རྩིས་ཁུངས་དང་མཐུན་ཆ་ཆེ་བར་བལྟས་ན་རིག་གནས་མ་ལག་གི་ཐོན་ཁུངས་ཆུ་མགོ་གངས་ལ་ཐུག་པ་ནང་བཞིན་ཞང་ཞུང་འོལ་མོ་ལུང་རིང་ནི་ཤེས་རིག་ཀུན་གྱི་ལྟེ་གནས་དང་ལྟ་གྲུབ་བྱེ་བའི་འབྱུང་གནས་ཤིག་ཡིན་མི་སྲིད་པའང་མིན་པ་བཅས་རེ་ཞིག་འཇུག་རྫོགས་པར་བྱས་སོ།།

གྲངས་མེད་གཟའ་དང་རྒྱུ་སྐར་བྱེ་བའི་གསང་བ་དང་པོའི་ལྐོག་གྱུར་གནས།།
མ་ལུས་ཅིག་ཅར་ཚང་ནས་བརྡོལ་མཛད་རྣམ་དག་སྐར་རྩིས་རིག་པའི་འགྲོས།།
རྒྱ་ཆེར་བཀྲམས་པའི་ཟབ་མོའི་གཞུང་ལུགས་བདག་འདྲའི་བརྗོད་པ་མ་ཡིན་ཡང༌།།
ཐོག་མའི་འབྱུང་ཁུངས་རགས་ཙམ་གླེང་འདི་འགལ་འཛོལ་བྱུང་ན་མཐོལ་ལོ་བཤགས།།

མཆན། རྩོམ་ཐུང་འདི་ནང་གི་ལོ་ཚིགས་དང་དཔྱད་གཞི་ཡིག་ཆ་གང་མང་ཞིག་འོག་གི་དཔྱད་རྩོམ་འདི་དག་ལས་ཚུར་དྲངས་པ་ལས་ལོ་རྒྱུས་ཡིག་ཆ་དངོས་ལ་ལྟ་བའི་གོ་སྐབས་མ་བྱུང་བས་དགོངས་དག་ཞུ།

དཔྱད་རྩོམ་དག་གི་ཁ་བྱང༌།
1 བོད་ཀྱི་གནའ་རབས་རྩིས་རིག་གི་ལོ་རྒྱུས། ཡུམ་པས་བརྩམས། བོད་ཀྱི་རྩིས་རིག་ཀུན་འདུས་ཆེན་པོ། ཤོག་ངོས། 525
2 རྒྱ་རྩིས་བོད་དུ་དར་ཚུལ་ཅུང་ཟད་བཤད་པ། ཡུམ་པས་བརྩམས། གོང་མཚུངས། ཤོག་ངོས། 548
3 ནག་རྩིས་ཀྱི་ལོ་རྒྱུས་འཇམ་དབྱངས་དགོངས་བཅུད། ནོར་བྲང་ཨོ་རྒྱན་གྱིས་བརྩམས། གོང་མཚུངས། ཤོག་ངོས། 575
4 དཔལ་དུས་ཀྱི་འཁོར་ལོ་ཇི་ལྟར་དར་ཚུལ། ཚུལ་ཁྲིམས་རྒྱན་མཚན། གོང་མཚུངས། ཤོག་ངོས། 20
5 དཀར་ནག་རྩིས་ཀྱི་འབྱུང་ཁུངས། སྣང་ཞིག་ཡོངས་འཛིན་བསྟན་འཛིན་ཡེ་ཤེས། བོན་སྒོ། འདོན་ཐེངས།13 ཤོག་ངོས།81
6 ཞང་བོད་རྩིས་ཀྱི་བྱུང་བ། དབྲ་ཁྱུང་སྐལ་བཟང་ནོར་བུས་བརྩམས། བོན་སྒོ། འདོན་ཐེངས།10 ཤོག་ངོས།89
7 གཙུག་ལག་རྩིས་ཀྱི་སྐོར། བར་སྨེ་བ་ཉི་མ་ཀུན་ཁྱབ་ཀྱིས་བརྩམས། བོན་སྒོ། འདོན་ཐེངས།5 ཤོག་ངོས། 49
8 ཀོང་ཙེ་འཕྲུལ་རྒྱལ་དང་འབྲེལ་བའི་གནད་དོན་འགའ་ཞིག་གླེང་བ། ཐུབ་བསྟན་ཕུན་ཚོགས་ཀྱིས་བརྩམས། བོད་ལྗོངས་ཞིབ་འཇུག སྤྱི་ལོ1998ལོའི་ཟླ3པ།
9 དུས་འཁོར་ལུགས་ཀྱི་སྐར་རྩིས་གོ་དོན། ཧྭང་སྨིན་ཞིན་གྱིས་བརྩམས། བོད་ཀྱི་རྩོམ་རིག་གི་གོ་དོན་དང་ལག་ལེན། མི་རིགས་དཔེ་སྐྲུན་ཁང༌། ཤོག་ངོས།308
10རྒྱ་རྩིས་བོད་དུ་དར་ཚུལ་མདོ་ཙམ་བརྗོད། ཧྭང་སྨིན་ཞིན་གྱིས་བརྩམས། བོད་ཀྱི་རྩོམ་རིག་གི་གོ་དོན་དང་ལག་ལེན། མི་རིགས་དཔེ་སྐྲུན་ཁང༌། ཤོག་ངོས།590

འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།