བོད་ལུགས་གསོ་རིག་གི་སེམས་ཁམས་རིག་པ།

རྩོམ་པ་པོ།:ས་འཛིན་དཀར་པོ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2011-06-22 19:38:00 ཀློག་གྲངས།:

ལེའུ་དང་པོ།  སྤྱིར་བཤད་པ། 

དང་པོ།  “བོད་ལུགས་གསོ་རིག་གི་སེམས་ཁམས་རིག་པ་”ཞེས་པའི་མིང་གསར་དུ་བཏོན་ཚུལ།

        སེམས་ཁམས་རིག་པ་ཞེས་པའི་ཐ་སྙད་ཅིག་གངས་ཅན་གསོ་རིག་གི་གཞུང་ལུགས་རྣམས་སུ་སྤྱན་ལྡན་སུས་ཀྱང་མངོན་གསལ་དུ་མཐོང་མི་ཐུབ་ལ། བོད་ལུགས་གསོ་རིག་གི་སེམས་ཁམས་རིག་པ་ཞེས་པའི་མིང་འདི་དེ་སྔ་ཕན་ཆད་ལ་མཁྱེན་ལྡན་གང་གིས་ཀྱང་དངོས་སུ་བཏོན་མྱོང་མེད། འོན་ཏེ། ཁ་བ་རི་པའི་སྲོལ་རྒྱུན་གསོ་རིག་གི་གཞུང་དུ་སེམས་ཁམས་རིག་པའི་ནང་དོན་ཕུན་སུམ་ཚོགས་པོ་ཡོད་པ་མ་ཟད། ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལྡན་པའི་རིགས་པའི་གཞུང་ལུགས་ཀྱི་མ་ལག་ཀྱང་ཅུང་ཆ་ཚང་བ་ཞིག་ཡོད།

        དེང་དུས་ནུབ་ལུགས་གསོ་རིག་གིས་མཚོན་པའི་དེང་རབས་གསོ་རིག་ཚན་རིག་ལག་རྩལ་སྔར་མེད་ཀྱི་ཆུ་ཚད་མཐོན་པོ་ཞིག་ཏུ་སླེབས་ནས་མིའི་རིགས་ཀྱི་ལུས་ཁམས་ཀྱི་ཚབས་ཆེའི་ནད་གཞི་སྣ་ཚོགས་བཅོས་སྐྱེད་བྱུང་དང་འབྱུང་བཞིན་པ་ལགས་མོད། བསམ་པའི་རྒྱུ་རྐྱེན་ལས་བྱུང་བའི་ནད་རིགས་དང་སྡུག་བསྔལ་གང་མང་ཞིག་ལ་ཕྱིའི་ཚན་རྩལ་གོང་དུ་འཕེལ་བ་ཙམ་གྱིས་སྨན་ཐོགས་ཀྱི་མེད་སྟབས། ཉེ་ལམ་དར་རྒྱས་ཆེ་བའི་རྒྱལ་ཁབ་མི་ཉུང་བ་ཞིག་ཏུ་སེམས་རིག་པ་དེ་ཉིད་ཞིབ་འཇུག་བྱེད་སའི་རིག་གཞུང་ཞིག་ཏུ་གྱུར་ཡོད་པར་གདོན་མི་ཟ་ལ། མི་ཚང་མས་ཀྱང་གནད་དོན་དེ་ཐད་རྩིས་མཐོང་ཆེ་པོ་གནང་བཞིན་མཆིས། དེ་ལྟ་བུ་ལ་སོགས་པའི་གནས་ཚུལ་འོག་ཏུ་ང་ཚོས་བོད་ལུགས་གསོ་རིག་གི་སེམས་ཁམས་རིག་པ་ཞེས་བརྗོད་དོན་ཐད་རང་རེའི་སྲོལ་རྒྱུན་གྱི་དགོངས་པ་གཞིར་བཞག་དང་རྣམ་པའི་ཐད་དུས་རབས་གསར་པའི་སློབ་གཞིའི་ཚུལ་དུ་རིགས་ལམ་གསར་པ་ཞིག་སྤེལ་རྒྱུ་ནི། བོད་ཀྱི་གསོ་བ་རིག་པའི་ཁྱབ་ཁོངས་རྒྱ་བསྐྱེད་དང་གོང་འཕེལ་གཏོང་བར་དགོས་ངེས་ཀྱི་རང་བཞིན་དུ་འཁུམས་པ་དང༌། དེ་དང་ཆབས་ཅིག་འཛམ་གླིང་གི་དེང་རབས་གསོ་རིག་སེམས་ཁམས་རིག་པའི་ལས་རིགས་ཁྲོད་དུ་ལེགས་སྐྱེས་རེ་ཟུང་ཕུལ་ནས་བོད་གསོ་རིག་གི་ནུས་པ་ངོ་མ་དོན་སྨིན་ཐུབ་པ་བྱུང་ན་ནི། ཇི་སྐད་དུ། སྨན་རྒྱལ་གཡུ་ཐོག་པས། ནམ་མཁའ་དང་མཉམ་པའི་སེམས་ཅན་ལ་ནམ་མཁའ་དང་མཉམ་པའི་ཕན་ཐོགས་ཡོང་ཞེས་གསུངས་པའི་མ་འོངས་སྔོན་གཟིགས་ཀྱི་ལུང་བསྟན་གནང་བའང་མངོན་དུ་གྱུར་པ་རེད་སྙམ།                                                  

གཉིས་པ།  གསོ་རིག་དང་སེམས་ཁམས་རིག་པ།

        གསོ་བ་རིག་པ་དང་སེམས་ཁམས་རིག་པ་ནི་མིའི་རིགས་ཀྱི་ལུས་སེམས་ལ་ཞིབ་འཇུག་བྱེད་པའི་ཚན་རིག་འགངས་ཆེན་གཉིས་ཡིན་ལ། དེ་གཉིས་བར་དུ་ཤ་ ཁྲག་ལྟ་བུའི་འབྲེལ་བ་དམ་ཟབ་ཡོད། དེ་ཡང་སེམས་ཁམས་སྐྱེ་ལུགས་ཐད་ཀྱི་གཞི་རྩའི་ཤེས་བྱ་དང་གསོ་རིག་ལས་འཕེལ་རྒྱས་སུ་ཕྱིན་པ་ཞིག་རེད།

        སེམས་ཁམས་རིག་པ་ཞེས་པའི་ཐ་སྙད་འདི་ནི་ཞི་ལའི་ཡི་གེ་”XVXO”དང་”AOYIA”ཞེས་པ་གཉིས་འདུས་པ་ལས་བྱུང་ཞིང༌། སྔ་མ་ནི་རྣམ་ཤེས་དང་ཕྱི་མ་ནི་རིག་པ་ཞེས་སྟེ་ཐོག་མའི་གོ་དོན་ནི་རྣམ་ཤེས་རིག་པ་ཞེས་པའོ། །སེམས་ཁམས་རིག་པ་ཞེས་པའི་མིང་བརྡ་དངོས་ནི་དུས་རབས་བཅུ་དྲུག་པའི་འཇུག་ཏུ་གཞི་ནས་གསར་དུ་བྱུང་བ་ཞིག་རེད། འཇར་མན་གྱི་མཚན་ཉིད་རིག་པ་བ་ཀེ་ཁའི་ཨེར་(R. GOCKLI)གྱིས1590ལོར་ཐེངས་དང་པོར་སེམས་ཁམས་རིག་པ་ཞེས་པའི་མིང་འདི་བཀོལ་ནས་དཔྱད་རྩོམ་སྤེལ་བ་ནས་བཟུང་ཐ་སྙད་འདི་རིག་གཞུང་ལས་རིགས་གླིང་དུ་ཁྱབ་ཅིང་ཐུན་མོང་ཐོག་ཁས་བླངས་བྱུང༌། ཡིན་ནའང་དེ་དུས་ད་དུང་སེམས་ཁམས་རིག་པ་ཉིད་ཁེར་རྐྱང་རང་ཚུགས་ཀྱི་གཞུང་ལུགས་ཤིག་ཏུ་གྲུབ་ཐུབ་མེད། 

        1879   ལོར་འཇར་མན་གྱི་སེམས་ཁམས་རིག་པ་བ་ཧན་ཐིས་(WILLHELRIU. WUNDT)འཇར་མན་ལེད་པོ་ཞི་སློབ་གྲྭ་ཆེན་མོར་འཛམ་གླིང་ཐོག་དང་པོི་སེམས་ཁམས་ཚོད་ལྟ་ཁང་གསར་དུ་བཙུགས་གནང་ཞིང༌། ཚོད་ལྟ་ཁང་དེ་མགྱོགས་མྱུར་ངང་གོང་འཕེལ་དར་རྒྱས་སུ་ཕྱིན་ནས་རྒྱལ་སྤྱིའི་རང་བཞིན་གྱི་ཞིབ་འཇུག་སྡེ་ཚོན་ཞིག་ཏུ་གྱུར་པ་དང་ཆབས་ཅིག་སེམས་ཁམས་རིག་པ་དེ་གསོ་རིག་དང་མཚན་ཉིད་རིག་པའི་གསར་མངལ་ལས་གྲོལ་ཏེ་རང་རྐྱ་འཕེར་བའི་གཞུང་ལུགས་ཀྱི་ལམ་གསར་ཞིག་གི་སྟེང་དུ་བཞུད་འགོ་བརྩམས།

        སེམས་ཁམས་རིག་པའི་ཤེས་བྱ་ཕྲ་རགས་རྣམས་མིའི་རིགས་ཀྱི་ལག་ལེན་སྣ་ཚོགས་ཀྱི་ཁྱབ་ཁོངས་ནས་ཏིལ་ལ་ཏིལ་མར་འདྲེས་པ་བཞིན་ཐིམ་ཡོད་ཅིང་དེའི་ཞིབ་འཇུག་གི་ཁ་གཏད་ཡུལ་དང་ནང་དོན་བཅས་མི་མཚུངས་པའི་རྐྱེན་གྱིས་སེམས་ཁམས་རིག་པར་དབྱེ་བ་མང་པོ་བཀར་ཡོད་པ་སྟེ། སློབ་གསོ་སེམས་ཁམས་རིག་པ། བཟོ་ལས་སེམས་ཁམས་རིག་པ། སྒྱུ་རྩལ་སེམས་ཁམས་རིག་པ། རྩོམ་རིག་སེམས་ཁམས་རིག་པ། གསོ་རིག་སེམས་ཁམས་རིག་པ་སོགས་གང་མང་ཞིག་མཆིས། དེ་ལས་གསོ་རིག་སེམས་ཁམས་རིག་པ་ནི་ཉེ་བའི་དུས་རབས་ནང་འཕེལ་རྒྱས་སུ་ཕྱིན་པའི་སེམས་ཁམས་རིག་པའི་ཡན་ལག་ཅིག་དང༌། གསོ་བ་རིག་པ་དང་སེམས་ཁམས་རིག་པ་གཉིས་ཕན་ཚུན་བསྣོལ་མར་སྦྲེལ་བ་ལས་བྱུང་བའི་ཚན་རིག་ཅིག་རེད། གསོ་རིག་སེམས་ཁམས་རིག་པ་ཡིས་སེམས་ཁམས་རིག་པའི་ལུས་སྟེང་ནས་ཐོག་མའི་གོམ་ཁ་བླངས་ཏེ་གསོ་རིག་ལ་ཞིབ་འཇུག་གནང་བ་ལགས་པས། སེམས་ཁམས་རིག་པ་ཉིད་སྨན་བཅོས་ལག་ལེན་ཁྲོད་དུ་བེད་སྤྱོད་དངོས་མའི་རིན་ཐང་ལྡན་པ་མ་ཟད་གསོ་བ་རིག་པའི་གཞུང་ལུགས་དང་ནད་ཐོག་ཡོངས་ལ་སེམས་ཁམས་རིག་པའི་ལྟ་ཚུལ་དང༌། ནང་དོན། རིག་ལམ་བཅས་ཀྱིས་བྱེད་ནུས་འདོན་བཞིན་ཡོད།

        ནད་ཐོག་ལག་ལེན་ཁྲོད་དུ། གསོ་རིག་སེམས་ཁམས་རིགས་པས་ཡིད་ཤེས་རང་བབས་སུ་འཇགས་མི་ཐུབ་པའི་སེམས་ཀྱི་ཉེས་པར་ཞིབ་འཇུག་གནང་དགོས་པ་མ་ཟད། ད་དུང་ལུས་པོའི་ནད་རིགས་བྱུང་རྗེས་ཀྱི་བསམ་བློའི་གནས་བབས་དང་འགྱུར་ལྡོག་ལའང་ཞིབ་དཔྱོད་བགྱིད་དགོས་པ་དང༌། གསོ་རིག་སེམས་ཁམས་རིག་པ་འདོན་སྤེལ་མཛད་པ་དེས་མི་ན་བར་གནས་པ། ནད་གཞི་བརྟགས་ཐབས་དང་གསོ་ཚུལ་བཅས་ཀྱི་ཐད་དུ་མཐོང་ཆུང་གནང་མི་འོས་པའི་ལེགས་སྐྱེས་ཕུལ་ཡོད། ཉེ་ཆར་གསོ་རིག་སེམས་ཁམས་རིག་པ་ལའང་ནད་ཐོག་སེམས་ཁམས་རིག་པ་དང༌། ནད་ལུགས་སེམས་ཁམས་རིག་པ། དབང་རྩའི་སེམས་ཁམས་རིག་པ་སོགས་ཞིབ་འཇུག་གི་ནང་དོན་རྒྱ་ཆེན་ཞིང་ཞིབ་འཇུག་པས་དེའི་གཙོ་གནད་བཟུང་བདེ་བ་བཅས་ཀྱི་སླད་དུ་ཡན་ལག་དུ་མར་བཀར་དང་དགར་བཞིན་མཆིས། བོད་ལུགས་གསོ་རིག་གི་སེམས་ཁམས་རིག་པ་ནི་གནད་ཀ་ཁ་ཤས་ཤིག་གི་སྟེང་ནས་བཤད་ན། སེམས་ཁམས་རིག་པ་དང་གསོ་རིགས་སེམས་ཁམས་རིག་པ་གཉིས་ཀྱི་ཡན་ལག་ཅིག་ཏུ་བགྲང་ཆོག ཡིན་ནའང༌། བོད་ལུགས་གསོ་རིག་གི་སེམས་ཁམས་རིག་པའི་གཞུང་ལུགས་དང་ལག་ལེན་ལ་བོད་གསོ་རིག་རང་གི་ཐུན་མོང་མ་ཡིན་ཞིང་འབུར་དུ་ཐོན་པའི་ཁྱད་ཆོས་མངོན་གསལ་ལྡན་པས། བོད་ལུགས་གསོ་རིག་སེམས་ཁམས་རིག་པ་དེ་གངས་རི་རྩེ་དགུ་ལྗོངས་ཀྱི་ཚེ་བྱེད་རིག་པའི་ཆུ་གཏེར་ལས་གྱེས་པའི་དྭངས་གཙང་ལྷུང་ལྷུང་དུ་འབབས་པའི་ཉལ་འགྲོ་ཁྱེའུ་གསར་ཞིག་ཏུ་མཐོང་དགོས་པར་སྣང་ངོ༌།།

        འཛམ་གླིང་ཤེས་རིག་གླིང་དུ་སེམས་ཁམས་རིག་པ་ཉིད་རང་བྱུང་ཚན་རིག་དང་སྤྱི་ཚོགས་ཚན་རིག་གཉིས་ཀྱི་གང་གི་ཁོངས་སུ་གཏོགས་པའི་ཐད་ལ་གཅིག་མཐུན་གྱི་ལྟ་བ་ཞིག་བྱུང་མི་འདུག དེ་ཡང་ཞིབ་འཇུག་པ་ཁ་ཅིག་གིས། མིའི་ལུས་སེམས་གཉིས་རང་བྱུང་གི་སྣང་ཚུལ་ཞིག་ཡིན་པ་དེའི་སྟེང་ནས་སེམས་ཁམས་རིག་པ་དང་རང་བྱུང་ཚན་རིག་གི་གྲས་སུ་འཇོག་པ་དང༌། ཞིབ་འཇུག་པ་ཁ་ཅིག་གིས་མིའི་འདུ་ཤེས་ཀྱི་བྱེད་ནུས་དེ་སྤྱི་ཚོགས་འབྲེལ་འདྲིས་ཀྱི་བརྒྱུད་རིམ་ཁྲོད་རིམ་བཞིན་གྲུབ་པ་ཞིག་ཡིན་པའི་ཆ་ནས་སེམས་ཁམས་རིག་པ་དེ་སྤྱི་ཚོགས་ཚན་རིག་ཅིག་ཡིན་པའི་ལྟ་ཚུལ་སྤེལ། གངས་ཅན་གསོ་དཔྱད་སྨན་གྱི་རིག་པ་ནི་མཐོ་སྒང་ངལ་རྩོལ་མི་དམངས་ཀྱིས་རང་བྱུང་ཁམས་ལ་འཐབ་རྩོད་བྱས་པའི་ལག་ལེན་གྱི་ཆུ་རྒྱུན་རིང་མོའི་ནང་བྱུང་བ་ཡིན་ལ། བོད་ལུགས་གསོ་རིག་སེམས་ཁམས་རིག་པའི་ནང་དོན་རྣམས་ཀྱང་ཁ་བའི་ལྗོངས་ཀྱི་ཐུན་མོང་མིན་པའི་སྤྱི་ཚོགས་ཚན་རིག་གི་འགྲོས་དང་བསྟུན་ནས་བྱུང་བ་ལགས་པས། བོད་ལུགས་གསོ་རིག་གི་སེམས་ཁམས་རིག་པ་དེ་ནི་རང་བྱུང་ཚན་རིག་དང་སྤྱི་ཚོགས་ཚན་རིག་གཉིས་མཉམ་འབྲེལ་བྱས་པ་ལས་བྱུང་བའི་ཚན་རིག་ཅིག་ཡིན་པ་ང་ཚོས་གཞུང་དོན་དངོས་ཀྱི་སྟེང་ནས་ར་སྤྲོད་བྱེད་ཐུབ། ཡང་སྙིང་བོད་ལུགས་གསོ་རིག་གི་སེམས་ཁམས་རིག་པ་དེའང་བོད་ཀྱི་གསོ་བ་རིག་པ་དང་སེམས་ཁམས་རིག་པ་གཉིས་སྣོལ་མར་འབྲེལ་སའི་ཚངས་ཐིག་སྟེང་གནས་ཡོད་པ་དང༌། རྒྱུ་མཚན་འདིའི་ཐད་ནས་བཤད་ན། བོད་ལུགས་གསོ་རིག་གི་སེམས་ཁམས་རིག་པ་དང་དེང་རབས་གསོ་རིག་གི་སེམས་ཁམས་རིག་པ་གཉིས་ལ་མི་འདྲ་བའི་ཆ་ཅི་ཡང་མི་འདུག 


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།