བོད་ཀྱི་གསོ་བ་རིག་པའི་དུས་གསུམ་གྱི་སྐོར་ལ་རགས་ཙམ་དཔྱད་པ།
རྨད་བྱུང་མཚན་དཔེའི་ཉི་མའི་དཀྱིལ་འཁོར་ཡོངས་སུ་རྫོགས། །
ཕུན་ཚོགས་ཐབས་ཤེས་ཟུང་གི་འོད་ཟེར་ཕྱོགས་བཅུར་སྤྲོ། །
འགྲོ་བའི་སྡུག་བསྔལ་མཐའ་དག་ཀུན་ནས་སེལ་མཛད་པ། །
བཅོམ་ལྡན་སྨན་བླར་བདག་གིས་དུས་ཀུན་དང་བས་འདུད། །
དེའང་བསིལ་ལྡན་ཁ་བའི་ལྗོངས་ཀྱི་མི་བུ་དག་གི་གཙུག་གི་རྒྱན་དུ་གྱུར་པའི་སློབ་དཔོན་ཐོན་མི་སམ་བྷོ་ཏས་བོད་རང་གི་ཐུན་མོང་མ་ཡིན་པའི་སྐད་ཀྱི་གདངས་དང་མཐུན་པར་ཡི་གེ་མཐའ་དག་གསར་དུ་བཏོད་པ་དང་དུས་མཚུངས་སྔོན་བྱོན་མཁས་དབང་དམ་པ་ནམ་མཁའི་སྐར་ཚོགས་ཀྱི་གྲངས་ལ་འགྲན་ཕོད་པའི་སྐྱེས་ཆེན་གོང་མ་རྣམས་ཀྱིས་བསླབ་པར་བྱ་བའི་གནས་ཆེ་བ་ལྔ་དང་ཆུང་བ་ལྔ་སོགས ་རིམ་པས་བོད་ལ་རིག་པའི་གནས་བཅུ་ཆ་ཚང་བར་གཏན་ལ་ཕབ་པ་དང་། ལྷག་པར་དུ་རིག་གནས་ཆེ་བ་ལྔའི་ཡ་གྱལ་གཞན་རྗེས་སུ་འཛིན་པ་ལ་མཆོག་ཏུ་གྱུར་པའི་བོད་ལུགས་གསོ་བ་རིག་པ་འདི་ཉིད་ལ་ལོ་ངོ་ཉིས་སྟོང་ལྔ་བརྒྱ་ལྷག་གི་ལོ་རྒྱུས་དང་བོད་རང་གི་རིག་རྩལ་ལས་ཐོན་པའི་ཁྱད་ཆོས་མཐའ་དག་ལེགས་པར་ལྡན་པས་བོད་ལུགས་གསོ་རིག་གི་གཅེས་ནོར་འདི་ནི་གཞན་དོན་ལ་ལྷག་བསམ་མཆོག་ཏུ་དཀར་བའི་འཚོ་བྱེད་ཀྱི་རིགས་འཛིན་པ་རྣམས་ཀྱིས་དེང་གི་དུས ་དང་མཐུན་པའི་སྒོ་ནས་མི་ཉམས་རྒྱུད་འཛིན་དང་། སོ་སོའི་འགན་ལེན། མ་འོངས་པར་ཇི་ལྟར་འཕེལ་རྒྱས་སུ་གཏོང་བའི་ཐད་ཀྱི་དུས་ཀྱི་རྣམ་གཞག་ལ་ཅུང་ཟད་དཔྱད་པའི་ཚུལ་གྱིས་རགས་ཙམ་བརྗོད་པར་བྱའོ། །
དང་པོ། འདས་པའི་དུས་ལ་དཔྱད་པ།
འགྲོ་བ་མིའི་རིགས་ཀྱི་ཚེ་སྲོག་ནི་རང་རེའི་གསོ་བ་རིག་པའི་འབྱུང་ཁུངས་ཀྱི་རྩ་བ་ཉག་ཅིག་ཡིན་ལ། རྩ་བ་དེ་ཉིད་འཚོ་གནས་བྱེད་པའི་ཆེད་དུ་ཕྱི་དངོས་པོའི་ཟས་སྐོམ་ལོངས་སྤྱོད་ཀྱི་ངོ་བོའི་རང་བཞིན་གྱི་ཆོས་ཉིད་མཐའ་དག་གི་ཉེར་ལེན་རྟོགས་པར་བྱེད་ཅིང་། དེ་དག་གི་ཆོས་ཉིད་ཕྲ་རགས་རྟོགས་པར་བྱེད་པ་ལ་བརྟེན་ནས་རྒྱུའི་ཉེར་ལེན་དེ་དག་ཆ་མི་སྙོམས་པ་ལས་བྱུང་བའི་ལུས་སེམས་མི་བདེ་བའི་ནད་གཞི་སྣ་ཚོགས་ཀྱི་རྐྱེན་སློང་བ་དང་ནད་གཞི་དེ་དག་གསོ་ཞིང་བཅོས་པར་བྱེད་པའི་ཐབས་སམ་རིག་པ་གསར་དུ་བརྙེད་པ་ལས་གསོ་བ་རིག་པའི་གཞུང་ལུགས་ཀྱི་རྩ་བའི་གྲུབ་ཆ་དང་ལག་ལེན་དངོས་ཀྱི་ཉམས་མྱོང་དག་ཕྱོགས་བསྡོམས་བྱས་ཡོད།< /o:p>
འཛམ་བུ་གླིང་གི་ས་མཐོའི་ཡུལ་དུ་འཚོ་ཞིང་གནས་སྡོད་བྱེད་པའི་གངས་ཅན་བོད་ཀྱི་མི་དམངས་དག་གིས་ཡུན་རིང་གི་འཚོ་བའི་བརྒྱུད་རིམ་སྣ་ཚོགས་ཀྱི་ཁྲོད་དུ་ཟས་སྐོམ་ལོངས་སུ་སྤྱད་པའི་མྱོང་ཚོར་ལ་བརྟེན་ནས་དེ་དག་གི་ཕན་ཡོན་གྱི་དགེ་མཚན་ལ་རྒྱུས་མངའ་བྱུང་ཞིང་། མིའི་རིགས་ཀྱི་ལུས་སེམས་ཀྱི་བདེ་ཐང་སྲུང་འཛིན་དང་ནད་རིགས་རྣམས་གསོ་བར་བྱེད་པའི་གཉེན་པོ་གང་དག་ཡོད་པ་ཤེས་རྟོགས་བྱུང་ནས་ན་བ་སྣ་ཚོགས་གསོ་བཅོས་བྱེད་པའི་རྩ་ཆེའི་རིག་པ་གང་མང་རིམ་གསོག་བྱས་པ་དང་། དེ་རྣམས་ཀྱང་དུས་ནས་དུས་དང་ཡུལ་ནས་ཡུལ་རྣམས་ཀྱི་མི་རབས་དག་གི་ངག་ལ་བརྒྱུད་དེ་ལག་ལེན་གྱི་ཉམས་མྱོང་རྣམས་དར་སྤེལ་དང་འཕེལ་རྒྱས་སུ་བཏང་བའི་ཡུན་རིང་གི་ལོ་རྒྱུས་ཕུན་སུམ་ཚོགས་པ་ཡོད་པ་དག་ནི། དེང་རབས་གནའ་རྫས་རྟོག་ཞིབ་མཁས་པ་ཚོས་བོད་ཡུལ་དུ་ལོ་ངོ་ཁྲི་ཕྲག་གི་སྔོན་ནས་འགྲོ་བ་མིའི་རིགས་འཚོ་གནས་བྱས་ནས་རང་གིས་དངོས་མཐོང་གི་ཉམས་རྟོགས་རྣམས་རྒྱུ་མཚན་དང་ལྡན་པའི་ཁྱད་ཆོས་ཡོད་པ་དག་ཚན་རིག་གི་ལམ་ནས་ཞིབ་འཇུག་དང་བརྟག་དཔྱད་བྱས་པ་ལས་ཤེས་རྟོགས་བྱུང་ཡོད།
དུས་རབས་སྣ་མང་གི་འགྲོས་དང་བསྟུན་ནས་བོད་ལུགས་གསོ་བ་རིག་པ་འདི་ཡང་བོད་ཀྱི་ས་གནས་རང་བཞིན་དང་མི་རིགས་ཀྱི་ངོ་བོའི་མཚན་ཉིད་ཀྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་རྣམས་འབུར་དུ་ཐོན་ཞིང་། ཕྱིའི་དངོས་པོའི་གནས་ལུགས་དང་མཐུན་པར་ཚད་ལྡན་ཅན་དང་མ་ལག་ལྡན་པའི་གསོ་བ་རིག་པའི་གཞུང་ལུགས་ཤིག་ཏུ་ལེགས་པར་གྲུབ་སྟེ་ལོ་ངོ་༢༥༠༠་ལྷག་གི་དུས་ཡུན་རིང་བོའི་ལོ་རྒྱུས་ཀྱི་དགེ་མཚན་ཁྱད་པར་ཅན་ལྡན་ཡོད། དེའང་བཀའ་དྲིན་ཅན་གྱི་སྔོན་བྱོན་མེས་པོ་དམ་པ་རྣམས་ཀྱིས་རང་གི་བློ་དང་རིག་པའི་རྣམ་དཔྱོད་ཀྱི་རྩལ་ལ་བརྟེན་ནས་བོད་ཀྱི་གསོ་རིག་གི་མན་ངག་གི་རྒྱུན་སྲོལ་བཟང་བོ་རྣམས་མི་ཉམས་དར་སྤེལ་དང་མི་རིགས་གཞན་གྱི་གསོ་རིག་གི་ལེགས་ཆ་དང་སོ་སོའི་ལག་ལེན་གྱི་ཉམས་མྱོང་ཁག་ཡང་དག་པར་ཕྱོགས་བསྡོམས་བྱས་ཏེ་ཡིག་ངག་གང་རུང་གི་ལམ་ནས་གཅིག་གིས་གཅིག་ལ་རིམ་པར་བརྒྱ ུད་དེ་ད་ལྟའི་བར་དུ་ལུང་ཁྲིད་ཀྱི་རྒྱུད་པ་མ་ཉམས་པར་ཡར་རྒྱས་གོང་འཕེལ་དུ་བཏང་ཡོད། རང་རེའི་བོད་ལུགས་གསོ་རིག་གི་རིགས་པའི་གཞུང་ལུགས་ཀྱི་མ་ལག་དང་བརྟག་ཐབས་ཀྱི་རིག་པ། ནད་གཞི་གསོ་བཅོས་ཀྱི་ལག་ལེན་དང་ཉམས་མྱོང་གི་ལམ་ནས་རྒྱ་ཆེའི་བོད་རིགས་མི་དམངས་ཡོངས་ལ་ཞབས་འདེགས་རླབས་ཆེན་པོ་ཞུས་ཡོད་པ་མ་ཟད། གཞན་མི་རིགས་ཀྱི་ཚེ་སྲོག་གི་འཚོ་གནས་ལའང་ལེགས་སྐྱེས་ཕུལ་དང་འབུལ་བཞིན་པ་ནི་དེང་གི་དུས་སུའང་འཛམ་གླིང་གི་སྤྱི་ཚོགས་ཁྲོད་དུ་དགའ་འོས་པའི་གཟི་བརྗིད་ཀྱི་སྙན་གྲགས་བཟང་བོ་དེ་ཡོངས་སུ་ཁྱབ་བཞིན་པ་ཡིན།
གཉིས་པ། ད་ལྟའི་དུས་རབས་ལ་དཔྱད་པ།
བོད་ལུགས་གསོ་བ་རིག་པ་ནི་དེང་གི་ཆར་རྒྱལ་ཁབ་ཕྱི་ནང་ལ་དར་ཁྱབ་ཏུ་འགྲོ་བཞིན་པ་ལ་བརྟེན་ནས་མི་རྣམས་ཀྱིས་ཀྱང་དེ་ལ་དོ་སྣང་དང་ཤེས་རྟོགས་། ཞིབ་འཇུག་གི་ལས་རིམ་གསར་བ་ཞིག་ལ་བསླེབས་ཡོད་པ་དང་། དེ་ལྟར་དུ་དེ་ནི་དེང་རབས་ཚན་རིག་གི་འཕེལ་ཀ་མྱུར་བའི་ཕྱི་ལུགས་གསོ་རིག་དང་བསྡུར་ན་བོད་ལུགས་གསོ་རིག་ལ་ད་དུང་ཁ་སྣོན་དང་། འཕེལ་རྒྱས། གསར་བཏོད་ཀྱི་རྣམ་པ་དལ་བ་དང་མ་འདང་བ་བཅས་ཀྱི་ཁྱད་ཆོས་ལྡན་ཡོད་པས་མ་འོངས་པར་ང་ཚོས་ངེས་པར་དུ་དོ་སྣང་དང་གདོང་ལེན་བྱེད་དགོས་པའི་དོན་གནད་ལྔ་ཡོད་དེ།
༡ སྔར་སྲོལ་རྒྱུད་འཛིན་བྱེད་དགོས།
སྔར་སྲོལ་རྒྱུད་འཛིན་བྱས་པའི་རང་ལུགས་གསོ་བ་རིག་པར་ཡོད་པའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཁག་དམིགས་སུ་བཟུང་ནས་ཆེད་གཉེར་སློབ་སྦྱོང་བྱེད་དགོས་པ་སྟེ། དཔེར་ན། རང་ལུགས་གསོ་རིག་གི་བརྟག་ཐབས་རིག་པའི་ཁོངས་ཀྱི་རྩ་དང་ཆུ་ལ་བརྟག་ཐབས་དང་། ནད་གཞི་བཅོས་ཐབས་སོགས་ལག་ལེན་དངོས་ཀྱི་ནང་དུ་སྤྱོད་ཐབས་གང་ལེགས་བྱེད་པ་དང་། དེ་བཞིན་དུ་སྨན་རྫས་སྦྱོར་ཐབས་ཐད་ཀྱི་ཐང་དང་ཕྱེ་མ། རིལ་བུ། ལྡེ་གུ། སྨན་མར། ཁན་ཏ་སོགས་ལག་ལེན་བྱེད་ཚུལ་ལའང་མུ་མཐུད་དུ་ཞིབ་འཇུག་དང་འཐུས་སྒོ་ཇེ་ཚང་། དེང་རབས་ཀྱི་ཁྱད་ཆོས་ལྡན་པ་སོགས་ཀྱི་སྒོ་ནས་རྒྱ་ཁྱབ་རང་བཞིན་དུ་འཕེལ་རྒྱས་གཏོང་དགོས་ཤིང་། དཔྱད་ཀྱི་ཁོངས་སུ་གཏོགས་པའི་བསྐུ་མཉེ་དང་མེ་བཙའ། གསེར་ཁབ། ཟངས་བུམ། གཏར་ཁ། དུགས། ལུམས་སོགས་ལ་དཔལ་འབྱོར་གྱི་འགྲོ་གྲོན་ཆུང་བ་དང་། ཕན་ནུས་མངོན་གསལ་དོད་པོ་ཡོད་པ། ཆ་བྱད་སྟབས་བདེ་བ་སོགས་ཀྱི་ཁྱད་ཆོས་ལྡན་པས་ང་ཚོས་དེ་དག་ལག་ལེན་དངོས་དང་ཟུང་འབྲེལ་བྱས་ནས་ཞིབ་འཇུག་དང་ཉམས་མྱོང་ཁག་ཕྱོགས་གཅིག་ཏུ་བསྡོམས་ཏེ་འཕེལ་རྒྱས་ཀྱི་ལམ་ཁ་གསར་བ་ཞིག་བཏོད་དགོས།
༢ བོད་ཕྱི་ཟུང་འབྲེལ་གྱིས་བོད་ལུགས་གསོ་རིག་ལ་གྲུབ་འབྲས་གསར་བ་གཏོད་དགོས།
བོད་ལུགས་གསོ་རིག་དང་ཕྱི་ལུགས་གསོ་རིག་གཉིས་ཀ་གང་ཞིག་ཡིན་རུང་འགྲོ་བ་མིའི་རིགས་ཀྱི་བདེ་ཐང་གི་ཆེད་དུ་ལེགས་སྐྱེས་འབུལ་བའི་ནད་ཐོག་སྨན་བཅོས་ཀྱི་ལག་ལེན་ཤ་སྟག་ཅིག་ཡིན་པ་དང་དེ་གཉིས་ལ་སོ་སོའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཀྱང་ངེས་པར་དུ་ལྡན་ཡོད་པས་དེ་དག་ལ་དོ་སྣང་དང་ཞིབ་འཇུག་བྱས་ནས་ཕན་ཚུན་ལ་གཞོགས་འདེགས་དང་ལེགས་ཆ་བསྡུ་ལེན་བྱེད་པའི་ཐབས་ ཤེས་དང་བོད་ཕྱི་ཟུང་འབྲེལ་བྱེད་པའི་ལམ་ལུགས་ཀྱང་ལྡན་པར་བྱེད་དགོས། བོད་ཕྱི་ཟུང་འབྲེལ་བྱེད་པ་ནི་བོད་ལུགས་གསོ་རིག་ནང་དུ་ཕྱི་ལུགས་གསོ་རིག་གི་ཤན་ཞུགས་པའམ་ཡང་ན་རང་གི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་རྣམས་ཕྱི་ལུགས་ཀྱི་རིག་གཞུང་ལ་སྒྱུར་ཐབས་སུ་དམིགས་པ་ཞིག་མིན་པར་དེང་རབས་ཀྱི་ལག་རྩལ་གསར་བ་ལྡན་པའི་ཕྱི་ལུགས་ཀྱི་ཐབས་ལམ་ལས་བོད་ལུགས་གསོ་རིག་འདི་ཚད་ལྡན་ཅན་དང་ཡང་དག་པའི་རིག་གཞུང་ཞིག་ཏུ་མཐུན་པར་བྱས་ནས་བོད་ ཀྱི་གསོ་རིག་ལ་དེང་རབས་ཚན་རིག་གི་ལག་རྩལ་གསར་བ་ལྡན་པའི་ཕྱོགས་སུ་སྣེ་ཁྲིད་བྱེད་པའི་ཐབས་ལམ་བཟོ་བའི་ཕྱིར་དུ་ཡིན་པར་བསམས། དེའང་ཇི་སྐད་དུ་༸གོང་ས་མཆོག་གིས་༼ དེང་དུས་ནུབ་ཕྱོགས་པའི་སྨན་བཅོས་ཀྱང་ཤེས་ཐབས་ཀྱིས་བོད་སྨན་དང་ཟུང་འབྲེལ་གྱིས་ཕན་ཚུན་ལེགས་ཆ་སྣོན་སྤེལ་བྱེད་རྒྱུ་བྱུང་ན་ཧ་ཅང་ལེགས་པོ་ཡོང་ངོ་། ༽ཞེས་གསུངས་པ་བཞིན་དུ་ང་ཚོའི་གསོ་རིག་གི་མེས་པོ་དམ་པ་རྣམས་ཀྱིས་ཀྱང་སྔ་མོ་ནས་བཟུང་གཞན་དག་གི་ལེགས་ཆ་ལ་ཉམས་ཞིབ་མཛད་པའི་སྒོ་ནས་ཚུར་བསྡུ་ལེན་གནང་སྟེ་རང་མི་རིགས་ཀྱི་གསོ་རིག་གི་སྨན་གཞུང་རིམ་བཞིན་དར་སྤེལ་དུ་བཏང་བའི་སྲོལ་རྒྱུན་བཟང་པོ་ཞིག་ཡོད་ལ། དེང་གི་སྐབས་སུའང་རྒྱལ་ཁབ་གང་ཞིག་གི་གསོ་རིག་ཡིན་རུང་སྔོན་ཐོན་གྱི་ཚན་རིག་ལག་རྩལ་གྱི་ཁྱད་ཆོས་ཡོད་པ་རྣམས་ལ་ཕན་ཚུན་སློབ་སྦྱོང་དང་ཉམས་མྱོང་བརྗེ་རེས་ཀྱི་ཐབས་ལམ་ལ་བརྟེན་ནས་ཐུན་མོང་ཐོག་སྤྱི་ཚོགས་ཧྲིལ་པོའི་ཁེ་ཕན་དང་འཕེལ་རྒྱས་ལ་ཕྱོགས་བཞིན་ཡོད་པས། ང་ཚོས་ཀྱང་ཐུན་མོང་གི་བསམ་ཚུལ་དང་གོམས་སྲོལ་བཟང་པོ་དེར་མིག་དཔེ་བལྟས་ནས་དེ་བས་ཀྱང་མདུན་སྐྱོད་ཀྱི་གོམ་པ་གསར་བ་ཞིག་སྤོ་དགོས། བོད་ལུགས་གསོ་རིག་དེང་རབས་ཅན་དུ་དར་སྤེལ་གཏོང་རྒྱུ་ནི་བོད་མི་རིགས་ཀྱི་སྤྱི་ཚོགས་འཕྲོད་བསྟེན་ཀྱི་གཞི་རྩའི་རྩ་དོན་ཞིག་ཡིན། དཔེར་ན། བརྟག་ཐབས་ཐད་ཕྱི་ལུགས་ཀྱི་ཕྲ་ཕུང་དང་རྫས་འགྱུར་བརྟག་ཆས་སོགས་ཀྱིས་མིའི་ལུས་ཕུང་ཀྱི་ཆ་ཤས་གང་དུ་ནད་འགྱུར་བྱུང་བའི་ཆ་ཤས་ཕྲ་མོ་ཙམ་ཡང་གསལ་རྟོགས་ཐུབ་ཀྱི་ཡོད་པས་དེའི་ཐད་དུ་ང་ཚོའི་གསོ་རིག་གིས་བསྡུར་ཐབས་མེད་རུང་། བོད་ལུགས་གསོ་རིག་གིས་མིའི་ལུས་ཁམས་ཀྱི་ཁྱོན་ཡོངས་སུ་རླུང་མཁྲིས་བད་ཀན་གྱི་ཆ་ཤས་གང་ཞིག་འཕེལ་ཟད་འཁྲུགས་པ་རྣམས་དོ་མཉམ་པར་བྱས་ཏེ་གཞི་རྩའི་ནད་གཞི་བཅོས་ཐབས་བྱེད་ཀྱི་ཡོད་པ་དང་། ཕྱི་ལུགས་ལ་མཚོན་ན་མགོ་ན་བའི་མི་ཞིག་གིས་མགོ་སྨན་ཟོས་ན་མགོ་བོར་ཕན་ཡང་གཞན་ཕོ་བར་གནོད་པ་ལྟ་བུའི་གཅིག་འགྱེལ་གཅིག་ལངས་ཀྱི་ཕོག་ཐུག་འབྱུང་བ་དང་བོད་སྨན་ལ་དེ་འདྲའི་རིགས་མི་འབྱུང་བའི་ཁྱད་ཆོས་དམིགས་བསལ་བ་ཞིག་ལྡན་པ་ཡིན། དཔེར་ན། ཕྱི་ལུགས་ཀྱི་སྨན་དག་གིས་ནད་དུག་གི་ལོ་མ་ལྟ་བུ་གཅོད་པ་དང་བོད་ལུགས་སྨན་གྱིས་ནད་དུག་གི་རྩ་བ་འབྱིན་པ་གཉིས་ཀྱི་སྨན་བཅོས་ཀྱི་རྩ་བའི་ཁྱད་པར་མི་འདྲ་བ་རེ་ཡོད་པ་བཞིན་ནོ། ། དེའི་ཕྱིར། བོད་ཕྱི་ཟུང་འབྲེལ་བྱེད་རྒྱུ་ནི་བོད་རིགས་སྨན་དོན་མི་སྣ་ཡོངས་ཀྱི་འགན་འཁྲི་རླབས་ཆེན་ཞིག་ཡིན་པར་མ་ཟད། བོད་ལུགས་གསོ་རིག་དེ་བཞིན་འཛམ་གླིང་ལ་ཁ་ཕྱོགས་པའི་འགག་རྩ་དམ་པ་ཞིག་ཀྱང་ཡིན།
༣ ཤེས་འཇོན་གཉིས་ལྡན་གྱི་གསོ་རིག་རྒྱུན་འཛིན་མི་སྣ་མང་བོ་གསོ་སྐྱོང་བྱེད་དགོས།
བོད་ལུགས་གསོ་རིག་གི་ཁྱད་ཆོས་ལྡན་པའི་སྔར་སྲོལ་རྒྱུད་འཛིན་བྱེད་པ་དང་དངོས་ཡོད་ཀྱི་ཉམས་མྱོང་རྣམས་དུས་ཀྱི་འགྱུར་ལྡོག་དང་མཐུན་པར་ལག་ལེན་བྱེད་པ་ལ་གནའ་དེང་གཉིས་ཀྱི་ཤེས་ཡོན་ལྡན་པའི་མི་སྣ་མང་བོ་སྐྱེད་སྲིང་བྱས་ཏེ་གསར་བཏོད་རང་བཞིན་ལ་འབད་བརྩོན་དང་ཤུགས་སྣོན་བརྒྱག་དགོས་པ་ཡིན་ཏེ། བོད་ལུགས་གསོ་རིག་གི་རྩ་བའི་གཞུང་ལུགས་འཛིན་སྐྱོང་དང་དེང་རབས་གསོ་རིག་གི་ཚན་རིག་ལག་རྩལ་གཉིས་མཉམ་སྤྱོད་བྱེད་པའི་ཤེས་ལྡན་ཕུལ་བྱུང་མི་སྣ་གསོ་སྐྱོང་བྱེད་པ་ནི་བོད་ལུགས་གསོ་རིག་ལ་འབྱུང་འགྱུར་གྱི་གྲུབ་འབྲས་གསར་བ་ལེགས་ཐོན་འབྱུང་བའི་གཞི་རྩ་དམ་པ་ཞིག་ཡིན། དེར་བརྟེན། བོད་ལུགས་གསོ་རིག་གི་སློབ་གླིང་སོགས་ཀྱི་ནང་དུ་སྲོལ་རྒྱུན་གསོ་རིག་གི་སློབ་གསོ་གཙོར་བཟུང་གི་ཐོག་ནས་དེང་རབས་གསོ་རིག་གི་ལག་རྩལ་ཁག་དང་མཉམ་ཁྲིད་བྱེད་པའི་ཐབས་ལམ་ནི་སྔར་ལས་ལྷག་པའི་བོད་ལུགས་གསོ་རིག་གཏིང་ཟབ་དང་གསར་བཏོད་ཀྱི་ནུས་ཤུགས་ལྡན་པའི་ཤེས་ཡོན་ཅན་མང་བོ་ཡར་ཐོན་དང་འཚོལ་རྙེད་ཀྱི་ཐབས་ཤེས་མཆོག་ཏུ་གྱུར་བ་ཞིག་ཡིན་པར་འདོད། འཛམ་གླིང་དེང་རབས་ཅན་དུ་འགྱུར་བཞིན་པའི་མིའི་རིགས་ཀྱི་སྤྱི་ཚོགས་ཁྲོད་དུ་བོད་ལུགས་གསོ་རིག་གོང་འཕེལ་དུ་གཏོང་བའི་གསར་བཏོད་ཀྱི་ནུས་པའི་བྱ་གཞག་ཀྱང་གསོ་རིག་གི་ལས་དོན་ལ་ཉམས་ཞིབ་མཛད་མཁན་ཚོ་ལ་རེ་འདུན་བཅོལ་བ་དང་ལྷག་པར་དུ་གནའ་དེང་གི་ཤེས་ཡོན་ལྡན་པའི་གཞོན་སྐྱེས་རིག་པ་རྣོ་བ་རྣམས་ལ་བཅོལ་བའི་སྙིང་ཁོང་གི་རེ་བ་ཡིན། ལོ་རྒྱུས་ལྡན་པའི་བོད་ལུགས་གསོ་རིག་གི་བྱུང་རིམ་དང་འཕེལ་རྒྱས་ལ་གཞིགས་ནའང་རྗེ་བཙུན་གཡུ་ཐོག་རྣམ་གཉིས་དང་མཁས་པའི་དབང་བོ་སྡེ་སྲིད་ལ་སོགས་པ་ཕལ་ཆེར་གྱིས་བློ་རིག་རྣོ་ཞིང་དགུང་ལོ་གཞོན་པའི་དུས་སུ་གསོ་རིག་གི་གཞུང་སོགས་གསར་རྩོམ་མཛད་པ་དང་དེའི་དམར་བསྟན་འཛིན་ཕུན་ཚོགས་ཀྱིས་ཀྱང་སྐུ་ན་གཞོན་པའི་དུས་སུ་སྨན་རིགས་ངོས་འཛིན་ཐད་ལ་ཐུགས་ཞིབ་གནང་ སྟེ་དྲི་མེད་ཤེལ་ཕྲེང་གི་གཞུང་བརྩམས་པ་ལ་སོགས་ཀྱིས་དེ་དག་གི་གཞོན་དུས་སུ་གྲུབ་འབྲས་དང་གསར་བཏོད་མཛད་པ་ཤ་སྟག་ཡིན་པར་རྟོགས་སོ། །
༤ བོད་ལུགས་གསོ་རིག་གི་སྔོ་སྨན་དང་སྨན་རིགས་སོགས་རྒྱལ་སྤྱིའི་གཅིག་གྱུར་དང་ཚད་ལྡན་ཅན་དུ་བསྒྱུར་དགོས།
བོད་ལུགས་གསོ་རིག་གི་སྨན་སྦྱོར་ནུས་པ་སོགས་དེང་རབས་ཀྱི་ལག་རྩལ་དང་ཡོ་བྱད་ཕུན་སུམ་ཚོགས་པ་དང་ཡར་ཐོན་ཅན་གྱི་སྨན་སྦྱོར་བྱེད་ཐབས་དང་ཉམས་མྱོང་ལྡན་པའི་ཆེད་ལས་མི་སྣ་བཅས་ལ་བརྟེན་ནས་བོད་སྨན་བཟོ་གྲྭ་ཁག་གིས་བོད་ལུགས་ཀྱི་སྨན་སྣ་གང་མང་སྦྱོར་བཟོ་དང་དགོས་ངེས་ཀྱི་ཁ་གསབ་དང་འཐུས་ཚང་དུ་བཏང་སྟེ། རྒྱལ་སྤྱིའི་ཚད་གཞི་དང་དེང་དུས་ཀྱི་སྨན་རིགས་བཟོ་གྲྭ་གཞན་གྱི་འགྲོ་ལུགས་དང་མཐུན་པར་བེད་སྤྱོད་གཅིག་གྱུར་དང་གོང་འཕེལ་དང་འགྲེམ་སྤེལ་སོགས་བྱེད་ཐུབ་ན་མ་འོངས་པར་བོད་སྨན་དར་ཁྱབ་ཏུ་འགྲོ་བའི་མཐུན་རྐྱེན་ཉིན་རེ་བཞིན་ཇེ་ལེགས་སུ་འགྲོ་བར་བྱ་དགོས། གཙོ་བོར་བོད་ལུགས་གསོ་རིགས་འདི་ཅི་འདྲ་ཞིག་ཡིན་རུང་ཕྱིའི་ཁོར་ཡུག་གི་ཆ་རྐྱེན་ཁག་ཕུན་སུམ་ཚོགས་པ་དང་ཚད་གཞི་ལྡན་པ་ཞིག་བྱུང་ན་བོད་སྨན་ཡར་རྒྱས་དང་ནུས་པ་རྒྱ་ཆེ་རུ་གཏོང་ཐུབ། དཔེར་ན། ལོ་རབས་བདུན་ཅུའི་ནང་དུ་འཛམ་གླིང་འཕྲོད་བསྟེན་ཚོགས་པས་རྒྱ་ལུགས་གསོ་རིག་གི་གཙག་ཁབ་རིག་པའི་བཅོས་ཐབས་ཁག་འཛམ་གླིང་གི་མི་དམངས་ལ་དངོས་སུ་མཚམས་སྦྱོར་ལེགས་པར་བྱས་པ་ལ་བརྟེན་ནས་ལོ་རབས་བརྒྱད་ཅུའི་ནང་དུ་རྒྱའི་གཙག་ཁབ་རིག་པའི་གསང་མིག་གི་ནུས་པ་དང་ཚད་གཞི་དང་མིང་སོགས་གསལ་བོར་གྱུར་བ་དང་། དེའི་ཕྱིར། ལོ་རབས་དགུ་བཅུའི་ནང་དུ་རྒྱའི་གཙག་ཁབ་ཀྱིས་ནད་ཐོག་སྨན་བཅོས་བྱེད་སྟངས་ལ་ཕྱི་གླིང་བ་དག་གིས་ཞིབ་འཇུག་གཏིང་ཟབ་དང་ལྡན་པའི་སྒོ་ནས་ངོས་ལེན་དང་མཐོང་ཆེན་གནང་སྟེ་རྒྱལ་སྤྱིའི་ཚད་ལྡན་གྱི་རིགས་སུ་བཟུང་བ་དང་ཁྱོན་ཡོངས་སུ་ཡང་དག་པར་ཁྱབ་སྤེལ་བྱེད་པའི་གྲུབ་འབྲས་བཟང་བོ་ཐོབ། དེ་ལྟར་དུ་བོད་ཀྱི་སྲོལ་རྒྱུན་གསོ་རིག་གི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་དང་མཐོ་སྒང་དུ་སྐྱེས་པའི་རང་བྱུང་གི་སྔོ་སྨན་གྱི་ནུས་པ་དང་ཚད་གཞི་ལྡན་པའི་སྒྲིག་སྦྱོར་དང་དེང་རབས་འཕྲུལ་ཆས་ཀྱི་སྨན་བཟོ་རིག་པའི་བྱེད་ཐབས་ཁག་རྒྱལ་སྤྱིའི་རང་བཞིན་ཅན་དུ་དར་ཁྱབ་ཏུ་གཏོང་དགོས་པ་དེ་བཞིན་དུ་ང་ཚོས་ཀྱང་བོད་ལུགས་གསོ་རིག་གི་ཕུན་སུམ་ཚོགས་པའི་རིག་གཞུང་གི་ ཁྱད་འཕགས་རང་བཞིན་དང་རང་བྱུང་གི་རྩ་ཆེའི་སྔོ་སྨན་གྱི་ནུས་པ་དང་སྨན་སྦྱོར་གྱི་རིག་པའི་ཐབས་ལམ་དང་ནད་རིགས་ངོས་འཛིན་དང་ནད་བཅོས་བྱེད་སྟངས་སོགས་རྒྱལ་ཁབ་ཕྱི་ནང་གི་གསོ་རིག་མཁས་དབང་དང་ཆེད་ལས་པ་རྣམས་ལ་ཡང་དག་པར་མཚམས་སྦྱོར་བྱས་ཏེ་བསྡུ་ལེན་དང་མཐོང་ཆེན་གྱི་ཆ་རྐྱེན་གང་ལེགས་བསྐྲུན་ནས་ཞིབ་འཇུག་ངེས་པར་དུ་གནང་དུ་འཇུག་དགོས་སོ། །
༥ བོད་ལུགས་གསོ་རིག་གི་གཞི་རྩའི་སློབ་གསོ་དམ་འཛིན་དང་ཕྱི་ལུགས་གསོ་རིག་གི་རྨང་གཞིའི་ཤེས་བྱ་མཐོར་འདེགས་སུ་གཏོང་དགོས།
སྤྱིར་བོད་ཀྱི་སྤྱི་ཚོགས་ལ་མཚོན་ན་རིག་གནས་དང་བསམ་བློའི་རིག་པ་ཕུན་སུམ་ཚོགས་པ་ཞིག་ལྡན་ཡོད་པར་མ་ཟད། ལྷག་པར་དུ་གནའ་ནས་ད་བར་དུ་སྲོལ་རྒྱུན་གསོ་རིག་གི་གཞུང་དང་ལག་རྩལ་གྱི་ཐབས་ལམ་ཆེས་ཕུལ་དུ་བྱུང་བ་ཞིག་རིམ་པར་བརྒྱུད་ནས་ཡོད་པ་དང་། དེ་ཡང་རིག་གནས་གང་ཞིག་གོང་འཕེལ་དུ་འགྲོ་བའི་ལོ་རྒྱུས་ཀྱི་བརྒྱུད་རིམ་ནང་དུ་སློབ་གསོ་རིག་པ་འདི་ནི་ཧ་ཅང་གིས་གལ་ཆེན་ཞིག་ཏུ་གྱུར་ཡོད་པར་དོན་དངོས་ཀྱི་སྒོ་ནས་ར་སྤྲོད་བྱུང་ཡོད། མི་རིགས་ཤིག་གི་སློབ་གསོའི་ལམ་ཕྱོགས་དང་བྱེད་ཐབས། ནང་དོན་སོགས་ཕྱོགས་གང་ཐད་ནས་རང་ཉིད་ཀྱི་སྤྱི་ཚོགས་ཀྱི་གོམས་སྲོལ་དང་བསམ་པའི་འདུ་ཤེས། རྒྱུད་འཛིན་དང་དར་སྤེལ་གྱི་དགོས་མཁོ་སོགས་ལ་གཞིགས་ནས་དེའི་འགལ་རྐྱེན་མཐའ་དག་ལ་གདོང་ལེན་མཛད་དེ་མཐུན་རྐྱེན་འཛོམས་པ་དང་གོང་འཕེལ་དུ་གཏོང་བའི་ཐབས་ཇུས་དང་ལྡན་ཞིང་། མི་རིགས་གང་ཞིག་དུས་རབས་དང་མཐུན་པར་སྔོན་ཐོན་དང་སྟོབས་འབྱོར་ཆེ་བའི་མི་རིགས་ཤིག་ཏུ་འགྱུར་དགོས་ན་ངེས་པར་དུ་ཡུལ་དུས་གནས་སྐབས་ཀྱི་དོན་དངོས་དང་མཐུན་ཞིང་རྒྱུད་རིམ་ལྡན་པའི་སློབ་གསོའི་ལས་དོན་ལ་བཅོས་བསྒྱུར་དང་ཁ་གསབ་ཏུ་ཡང་དག་པར་མཛད་དེ་ཡར་ཐོན་དུ་གཏོང་རྒྱུ་ནི་ཁ་ཚ་དགོས་གཏུགས་ཀྱི་དོན་ཆེན་ཞིག་ཡིན། རྒྱུ་མཚན་དེའི་ཕྱིར། བོད་ལུགས་གསོ་རིག་གི་ཆེད་ལས་མཁས་པ་དང་སློབ་གཉེར་གནང་མཁན་རྣམས་ཀྱིས་དེ་ལ་ཐུགས་དགོངས་ཟབ་མོ་བཞེས་ནས་རང་རེའི་གསོ་རིག་གི་རིགས་པའི་གཞུང་ལུགས་ཀྱི་ཤེས་བྱ་མཐའ་དག་ཡོངས་སུ་ཁོང་དུ་ཆུད་པ་དང་སྔར་སྲོལ་གྱི་ཉམས་མྱོང་རྣམས་རྒྱུན་འཛིན་མཐར་ཕྱིན་གནང་བ་དམིགས་ཡུལ་དུ་བཟུང་ཞིང་། དེང་རབས་ཀྱི་དུས་དང་མཐུན་པའི་ཕྱི་ལུགས་གསོ་རིག་གི་རྨང་གཞིའི་སློབ་གསོ་དང་ལག་ལེན་རྣམས་ལའང་སློབ་སྦྱོང་ཧུར་བརྩོན་དང་གོ་དོན་རྣམས་རྟོགས་པར་བྱས་ནས་གཞན་གྱི་ལེགས་ཆ་བསྡུ་ལེན་མཛད་པ་ལ་བརྟེན་ནས། བོད་མི་རིགས་ལ་གནའ་དེང་གཉིས་ཀྱི་གསོ་རིག་གི་གཞི་རྩའི་སློབ་གསོ་དང་ལག་ལེན་གྱི་རིག་པའི་གཞུང་ལུགས་ཀྱི་རྩ་བ་སྲ་བརྟན་དུ་གཏོང་ཞིང་གཞན་མི་རིགས་ལ་རག་ལས་མ་དགོས་པར་དུས་རབས་ཀྱི་དགོས་མཁོ་དང་རྣམ་པ་གསར་བ་ཞིག་གིས་མ་འོངས་པའི་བོད་མི་དམངས་ལ་ཞབས་འདེགས་ཞུ་ཐུབ་པའི་སྙིང་སྟོབས་དང་དཀའ་སྤྱད་འབད་བརྩོན་དང་མཐར་ཐུག་གི་དམིགས་ཡུལ་ཡོད་པ་བཅས་བྱེད་དགོས།
གསུམ་པ། མ་འོངས་པའི་དུས་རབས་ལ་དཔྱད་པ།
འགྲོ་བ་མིའི་རིགས་ཀྱི་སྤྱི་ཚོགས་ཀྱི་དགོས་མཁོ་ཉིན་རེ་བཞིན་ཇེ་ཆེར་འགྲོ་བ་དང་བསྟུན་ནས་དེང་དུས་ཀྱི་ཤེས་ཡོན་གྱི་ཆུ་ཚད་དང་འཚོ་བའི་གནས་སྟངས་ལའང་རྒྱུན་ཆད་མེད་པར་འགྱུར་ལྡོག་ཆེན་པོ་ཕྱིན་ཏེ། མི་རྣམས་ཀྱི་བསམ་བློའི་ལྟ་བ་ནི་དེང་རབས་ཚན་རིག་དང་འཕྲུལ་རིག་ལག་རྩལ་གྱི་གནས་སུ་ཁ་ཕྱོགས་ཤིང་ཕྱི་དངོས་པོའི་དཔལ་ཡོན་ཡོངས་སུ་དར་བའི་ཁྲོད་དུ་འབགས་བཙོག་གི་བཟའ་བཏུང་ཟས་རིགས་སྣ་འཛོམས་མང་དུ་འཕེལ་བ་དང་དེ་དག་ལོངས་སུ་སྤྱད་པའི་དབང་གིས་ནད་རིགས་འདྲ་མིན་དར་ཁྱབ་ཏུ་སོང་ནས་མིའི་ལུས་སྲོག་གི་བདེ་ཐང་ལ་གནོད་སྐྱོན་ཚབས་ཆེན་ཐེབས་ཡོད། དེར་བརྟེན། མ་འོངས་པའི་དུས་རབས་རྣམས་སུ་དེ་བས་དེང་རབས་ཚན་རིག་ལ་ཚུལ་མཐུན་གྱི་བེད་སྤྱོད་བྱེད་མ་ཐུབ་པའི་རྐྱེན་གྱིས་ནད་རིགས་སྣ་མང་ཚབས་ཆེན་དུ་འགྲོ་ངེས་ཡིན་པར་གདོན་མི་ཟ་བས། དེ་དག་གི་དངོས་ཡོད་གནས་སྟངས་ཤེས་རྟོགས་དང་མཐའ་གཅིག་ཏུ་གདོང་ལེན་གནང་ནས་མིའི་ལུས་སྲོག་གི་སྨན་བཅོས་བྱེད་སྟངས་ལ་ལམ་ཁ་གསར་བ་ཞིག་བརྙེད་དགོས་ན་དེང་གི་རྫས་འགྱུར་གསོ་རིག་གི་སྨན་བཅོས་བྱེད་སྟངས་གཅིག་བུ་ལ་རེ་བལྟོས་མི་བཅོལ་བར་བོད་ལུགས་གསོ་རིག་གི་རང་བྱུང་ཁམས་ཀྱི་རྩ་ཆེའི་སྔོ་ལྗང་ལས་སྦྱོར་བཟོ་བྱས་ཤིང་གནའ་དེང་གསོ་རིག་ཟུང་འབྲེལ་བྱས་པའི་ལ ག་ལེན་གྱི་སྨན་བཅོས་ལ་མདུན་ལམ་ཟབ་མོ་ཞིག་ལྡན་པར་བསམ་ཡོད། དེའི་ཕྱིར། ང་ཚོས་ཀྱང་གལ་འགངས་ཆེ་བའི་གོ་སྐབས་འདི་དམ་འཛིན་གནང་ནས་བོད་ལུགས་གསོ་རིག་གི་ཐུན་མིན་གྱི་ལེགས་ཆ་རྣམས་རྒྱུན་འཛིན་དང་རིག་གནས་གསར་བ་དང་ཚན་རིག་ལག་རྩལ་གྱི་ཁྱད་ཆོས་རྣམས་བསྡུ་ལེན་མཛད་དེ། བོད་ལུགས་གསོ་རིག་འདི་རྒྱལ་སྤྱི་ཅན་དང་གནའ་དེང་གསོ་རིག་ཟུང་འབྲེལ་གྱི་ཐབས་ལམ་ལ་འབད་བརྩོན་གནང་བར་བརྟེན་ནས་བོད་ལུགས་གསོ་རིག་གི་སྨན་བཅོས་བྱེད་སྟངས་ཁྱབ་སྤེལ་གཏོང་བ་དང་སྨན་རྗས་ཐོན་ཁུངས་གསར་སྤེལ་དང་བརྟག་དཔྱད་ཞིབ་འཇུག་ཁང་ཆེད་འཛུགས་དང་གནའ་དེང་ཟུང་འབྲེལ་མི་སྣ་སྐྱེད་སྲིང་མཛད་དེ་གསོ་རིག་གི་ཁ་ཕྱོགས་གསར་བ་ཞིག་གསར་བཏོད་གནང་དགོས། དེང་སྐབས་སྤྱི་ཚོགས་ཐོག་གི་ཆེས་སྔོན་ཐོན་ཅན་དང་དར་ཁྱབ་ཤིན་ཏུ་ཆེ་བའི་ཕྱི་ལུགས་གསོ་རིག་གཅིག་བུ་ལ་སེམས་དད་ཅིང་ཕན་རླབས་ཆེ་མདོག་སྟོན་པའི་མི་དམངས་རྣམས་ཀྱི་མདུན་དུ་འདིར་སྨན་རིན་ལ་སོགས་པའི་དཔལ་འབྱོར་གྱི་འགྲོ་གྲོན་ཆུང་ཞིང་ནད་པར་ཡུན་རིང་གི་ཕན་ནུས་ཟབ་པའི་བོད་ལུགས་གསོ་རིག་གི་དེང་རབས་ཁྱད་ཆོས་ལྡན་པའི་གནའ་དེང་ཟུང་འབྲེལ་ཀྱི་སྨན་བཅོས་བྱ ེད་སྟངས་ཀྱི་ཕན་རླབས་མངོན་པར་བྱས་ཏེ། གཞན་ལ་འགྲམ་ཆུ་ལྡང་མི་དགོས་བར་བོད་ལུགས་གསོ་རིག་འདིས་དུས་རབས་དང་མཐུན་པར་གང་ལ་གང་དགོས་ཀྱིས་མཐའ་ཡས་པའི་འགྲོ་བ་མིའི་རིགས་ལ་ཕན་བདེ་ལེགས་པར་སྦྱིན་ཞིང་ནད་མེད་པར་ཚེ་རིང་བ་དང་བདེ་སྐྱིད་ཀྱི་ལམ་དུ་བགྲོད་པར་མཛད་དེ་མིའི་རིགས་ཀྱི་སྤྱི་ཚོགས་ཇི་སྲིད་དུ་གནས་བ་དེ་སྲིད་དུ་འགྲོ་བའི་དོན་དུ་ཞབས་འདེགས་ཞུས་ཏེ་དུས་རབས་ཀྱི་འཕེལ་རྒྱས་དང་མཐུན་པར་ འཛམ་གླིང་ན་ཆེས་མངོན་པར་མཐོ་བའི་གསོ་རིག་ཅིག་ཏུ་འགྱུར་བར་འབད་དགོས་སོ། །
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com