བོད་གསོ་རིག་གི་མ་འོངས་པ་གང་ཡིན་ནམ།

རྩོམ་པ་པོ།:ཨ་མདོའི་སྨན་ཕྲུག ཡོང་ཁུངས།:བོད་ཀྱི་གསོ་རིག་དྲ་བ། དུས་ཚོད།:2011-05-11 09:04:00 ཀློག་གྲངས།:

            བོད་ཀྱི་གསོ་རིག་ནི་མི་ལོ4000ཙམ་ནས་མཐོ་སྒང་བོད་དུ་དར་རྒྱས་བྱུང་བ་དང་། དུས་བསྟུན་འཕེལ་རྒྱས་དང་དར་སྤེལ་དབང་གིས་ཧི་མ་ཡ་ལ་རི་རྒྱུད་ཀྱི་རྒྱལ་ཁབ་མང་པོའི་སྨན་རིག་ཏུ་གྱུར་ཡོད་དེ། དེང་དུས་སུ་ཆ་མཚོན་ན་ཤར་ཕྱོགས་ཀྱི་རྒྱལ་ཁབ་ཆེ་ཤོས་རྒྱ་ནག་དང་རྒྱ་གར་གཉིས་གཙོ་བྱས། བལ་ཡུལ། འབྲུག་རྒྱལ་ཁབ་དང་སོག་པོ་རྒྱལ་ཁབ། ཨུ་རུ་སུའི་སོག་སྡོད་ས་གནས་བཅས་སུ་ཁྲིམས་མཐུན་གྱི་སྲོལ་རྒྱུན་སྨན་རིག་ཏུ་ཆགས་ཡོད། དུས་རབས་ཉི་ཤུ་བའི་དུས་མཇུག་ནས་ནུབ་ཕྱོགས་རྒྱབ་ཁབ་ཁག་ཏུའང་བོད་སྨན་རིག་པ་དར་མགོ་ཚུགས་ཀྱང་། ཁྲིམས་མཐུན་གྱི་ཚད་ལྡན་སྨན་རིག་ལ་ངོས་ལེན་བྱས་མེད། དེ་བས་ན་དུས་རབས་གསར་བ་འདི་ནས་བཟུང་སྟེ་མ་འོངས་པར་ཅི་ལྟར་འཕེལ་རྒྱས་དང་ཉམས་རྒུད་དུ་འགྲོ་རྒྱུ་ནི་དྲི་བ་ཞིག་ཏུ་གྱུར་ཡོད་པས། འདིར་བོད་སྨན་གྱི་མ་འོངས་པ་ལ་དམིགས་པའི་དྲི་བ་དྲུག་བཏོན་ཡོད་པ་ལ་ཁོང་ཁྲོ་དང་ཕྲག་དོག་གི་ཚིག་རྩུབ་སྤང་ནས་ལན་འདེབས་དང་གྲོས་བསྡུར་གནང་རོགས་ཞུ།
དྲི་བ་དང་པོ། བོད་གསོ་རིག་དུས་བསྟུན་གྱིས་འཛམ་གླིང་ཡོང་ལ་དར་དགོས་སམ། དགོས་ཚེ་ཁྲིམས་མཐུན་གྱི་བརྒྱུད་རིམ་གང་ལྟར་བྱ། མི་དགོས་པར་ཤར་ཕྱོགས་རྒྱལ་ཁབ་ཁོ་ནར་དར་བས་ཆོག་ན། དེང་དུས་ཤར་ཕྱོགས་རྒྱལ་ཁབ་རྣམས་ཀྱིས་ནུབ་ཕྱོགས་ལུགས་ཉིན་རེ་བཞིན་ལག་བསྟར་བྱ་བཞིན་པས་ཉིན་ཞིག་བོད་ཀྱི་སྨན་རྫས་མང་པོ་ཞིག་ཁྲིམས་འགལ་བྱ་སྲིད་དེ། དཔེར་ན། འཇར་པན་རྒྱལ་ཁབ་ཏུ་སྲོལ་རྒྱུན་ལུགས་ཀྱི་སྨན་རྫས་ཕལ་ཆེ་བ་ཁྲིམས་འགལ་དུ་གྱུར་ཡོད་པ་ལྟ་བུའོ།།
དྲི་བ་གཉིས་པ། བོད་གསོ་རིག་གི་ཚད་ཅི་ཙམ་རང་སྲོལ་རྒྱུན་སྐྱོང་དང་། ཚད་ཅི་ཙམ་ལ་གསར་གཏོད་བྱ་ཆོག་གམ། གནའ་ལུགས་ཁོ་ན་བསྐྱངས་ན་དུས་རབས་གསར་བའི་སེམས་ཁམས་དང་ཚན་རིག་དང་མཐུན་སྲིད་དམ། གསར་གཏོད་ཁྱབ་ཆེ་དྲགས་ན་རང་རྐང་ཇི་ལྟར་འཛིན་ནམ། མཉམ་འབྲེལ་ཡིན་ཟེར་ན་བརྒྱ་ཆའི་ཅི་ཙམ་གསར་གཏོད་བྱ་ཆོག  ཕྱོགས་གང་གསར་བ་དང་ཕྱོགས་གང་རྙིང་བ་བྱ་རྒྱུ་ཡིན།
དྲི་བ་གསུམ་པ། བོད་སྨན་ནི་དེང་དུས་ཚན་རིག་གི་སྔོན་ནས་དར་རྒྱས་བྱུང་བ་ཞིག་ཡིན་ན་ཡང་། དེང་རབས་ཚན་རིག་གི་བདེན་དཔང་ནི་སྨན་རིག་ཡོངས་ཀྱི་མ་འོང་འཕེལ་རྒྱས་ལ་གལ་ཤིན་ཏུ་ཆེ། བོད་གསོ་རིག་གི་གཞུང་དང་ལག་ལེན་ལ་ཚན་རིག་ཞིབ་འཇུག་ཚད་ལྡན་བྱ་ཐུབ་བམ། ཐུབ་ན་ཕྱོགས་གཙོ་བོ་གང་དང་གང་། མི་ཐུབ་ཟེར་ན་རྒྱུ་མཚན་ཅི་ཡིན། མི་དགོས་སྙམ་ན་ཅིའི་ཕྱིར།
དྲི་བ་བཞི་བ། བོད་སྨན་གྱི་སློབ་གསོ་ནི་བོད་སྐད་ཁོ་ནས་སྦྱང་དགོས་སམ། སྐད་རིགས་གཞན་ལས་བོད་སྨན་ཚད་ལྡན་ཞིག་སློབ་ཐུབ་བམ། གསོ་རིག་རྒྱུད་བཞི་ནི་སོག་སྐད་དང་། ཨུ་རུ་སུའི་སྐད། རྒྱ་ནག་སྐད། རྒྱ་གར་སྐད། ཆ་ཤས་ནི་དབྱིན་སྐད་དང་འཇར་མན་སྐད་ལ་སོགས་དང་། རྒྱུད་འགྲེལ་བེེ་སྔོན་བྲིས་ཐང་ནི་སྐད་རིགས་མང་པོར་བསྒྱུར་ཡོད། དེ་དག་ལ་སློབ་སྦྱོང་དང་ཞིབ་འཇུག་གི་རིན་ཐང་ཡོད་དམ།
དྲི་བ་ལྔ་བ།  བོད་སྨན་པ་ཚོས་དེང་རབས་སྨན་གྱི་གཞུང་དང་ལག་ལེན་ཤེས་དགོས་སམ། ཤེས་ཚེ་ནད་ཐོག་སྨན་བཅོས་བོད་སྨན་ལྟར་བྱ་རྒྱུ་ཡིན་ནམ་ཕྱི་སྨན་ལྟར་བྱ་རྒྱུ་ཡིན། ཟུང་འབྲེལ་ཟེར་ན་བོད་གསོ་རིག་གི་ཚད་ཅི་ཙམ་དང་ཞིབ་འཇུག་ཚད་ལྡན་བྱ་ཐུབ་བམ།
དྲི་བ་དྲུག་པ།  ཁྱེད་ཀྱིས་ཚོད་དཔག་ལྟར་ན་མ་འོང་བའི་མི་ལོ་ལྔ་བཅུ་ནས་བརྒྱ་ཡི་རྗེས་སུ་བོད་ཀྱི་གསོ་རིག་གི་གནས་སྟངས་ཅི་འདྲ་ཞིག་ཡིན་ནམ།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།