མདུན་དུ་ཕྱོགས་པའི་བོད་ཀྱི་གསོ་བ་རིག་པ།

རྩོམ་པ་པོ།:རིན་ཆེན་རྒྱལ། ཡོང་ཁུངས།:༢༠༠༢ལོའི《བོད་ལྗོངས་སློབ་གྲྭ་ཆེན་མོའི་རིག་དེབ》དེབ་དང་པོ་ལས་བཤ དུས་ཚོད།:2010-11-09 10:17:00 ཀློག་གྲངས།:

    གནད་བསྡུས:རྩོམ་འདིའི་ནང་བོད་ཀྱི་གསོ་བ་རིག་པ་ཇི་ལྟར་འཕེལ་རྒྱས་གཏོང་ཐབས་ཐད། དེའི་སློབ་གསོ་དང་། བསྒྱུར་གཞུང་། སྨན་རྫས་རིག་པ་རྣམས་ལ་ཤུགས་སྣོན་རྒྱག་དགོས་པའི་ལྟ་བ་བསྟན་ཡོད། འགག་གནད་ཚིག་: གསོ་བ་རིག་པ། བསྒྱུར་གཞུང་། སྨན་རྫས།
    བོད་ཀྱི་གསོ་རིག་ལ་རྒྱུན་རིང་གི་ལོ་རྒྱུས་ལྡན་ཞིང་བོད་རང་གི་ཐུན་མོང་མིན་པའི་གཞུང་ལུགས་ཤིག་ཏུ་ཀུན་གྱིས་ཁས་ལེན་མོད། ཚན་རིག་དར་རྒྱས་དང་སྤྱི་ཚོགས་ཉིན་རེར་ནས་གོང་འཕེལ་དུ་འགྲོ་བ་དང་། དུས་རབས་ཉེར་གཅིག་པའི་ཅོང་སྒྲ་མིའི་རིགས་ཀྱི་སྙན་ལམ་དུ་སྒྲོག་དང་སྒྲོག་མུས་ཀྱི་སྐབས་འདིར། མི་རིགས་གཞན་དང་ཡུལ་གྲུ་གཞན་རྣམས་ཟླ་བའི་གོ་ལའི་སྟེང་འཚོ་སྡོད་བྱེད་པར་སྟ་གོན་བྱེད་བཞིན་ཡོད་ན། དུས་རབས་ཀྱི་མདུན་དུ་ཉམ་ཆུང་ནུས་མེད་དུ་གྱུར་སའི་བོད་ཀྱི་གསོ་བ་རིག་པ་དང་། དད་པའི་འདུ་ཤེས་ཀྱིས་རིག་གནས་ཤིག་རྒྱུན་འཛིན་དང་། འཕེལ་རྒྱས་གཏོང་འདོད་པའི་བོད་ཀྱི་གསོ་རིག་བརྒྱུད་འཛིན་པ་རྣམས་ཀྱིས་ངེས་པར་དུ་བསམ་གཞིགས་གཏོང་དགོས་པ་མི་འདུག་གམ། ལྷག་པར་མིའི་རིགས་ཀྱི་འཕྲོད་བསྟེན་སྔོན་འགོག་དང་། ལུས་སེམས་ཀྱི་བདེ་ཐང་། རིགས་རྒྱུད་ལེགས་བཅོས། སྤྱི་ཚོགས་བདེ་ཐང་བཅས་ལ་ཆ་འཇོག་བྱས་པའི་འཚོ་བྱེད་པ་རྣམས་ཀྱིས་བདེ་ཐང་གི་ཆེད་དུ་བདེ་ཐང་དོན་དུ་གཉེར་བ་ཡིན་ཚེ་དོན་དངོས་ཀྱི་བདེ་ཐང་མཁན་པོ་དེ་སུ་ཡིས་བྱེད། རྒྱུ་མཚན་དེ་ལྟར་ན་དུས་རབས་ཉེར་གཅིག་པ་ནི་གློག་ཆས་འཕྲིན་གསར་དུས་རབས་དང་མིའི་རིགས་འཕེལ་རྒྱས་ཀྱི་ལེའུ་གསར་བ་ཞིག་གི་འགོ་བརྩམ་རྒྱུ་ཡིན་ན། བོད་ཀྱི་གསོ་རིག་གིས་ཀྱང་མིའི་རིགས་ཀྱི་ལུས་སྲོག་བསྙུན་གཞིའི་ཐད་རྣམ་པ་གསར་བའི་དགེ་མཚན་ཞིག་བསྐྲུན་དགོས་པ་མ་ཟད། བོད་ཀྱི་གསོ་རིག་གི་དེང་རབས་ཅན་འཛུགས་སྐྲུན་བྱེད་རྒྱུར་བླ་ལྷག་གི་ནུས་ཤུགས་འདོན་སྤེལ་གནང་དགོས་པ་དང་། སྐྱེ་ཁམས་སྙོམ་སྒྲིག་དང་། གསོ་རིག་མི་ཆོས་རིག་པའི་ལྟ་བ་སོགས་རྨང་གཞི་བྱས་ཏེ། བོད་ཀྱི་གསོ་རིག་གི་རིགས་ལམ་ཚན་ཁག་མང་དུ་ཕྱེ་སྟེ་ནད་རིགས་གསར་བར་རྒོལ་ལན་སློག་རྒྱུ་ཕུད། ནད་གཞི་གསོ་ཐབས་ཀྱི་རྩ་དོན་ལས་བརྒལ་ཏེ་ནད་གཞི་སྔོན་འགོག་གི་བགྲོད་ལམ་ཐད་གོམས་ཁ་བསྒྱུར་རྒྱུ་ཡང་ཁ་ཚ་དགོས་གཏུགས་ཀྱི་དོན་གནད་གལ་ཆེན་ཞིག་ཏུ་གྱུར་ཡོད་ལ། གསོ་བ་རིག་པའི་མཐར་ཐུག་གི་དམིགས་ཡུལ་ཡང་དེ་ལས་མ་འདས་པའི་ཕྱིར་དང་། ཁྱད་པར་ཏུ་བོད་ཀྱི་གསོ་བ་རིག་པ་ཕྱོགས་ཡོངས་ནས་འཕེལ་རྒྱས་གཏོང་འདོད་ཚེ་ཤེས་རིག་གི་འཕེལ་འགྱུར་དང་། སྤྱི་ཚོགས་ཀྱི་འགྱུར་བ། དུས་རབས་ཀྱི་གོམས་འགྲོས་དང་བསྟུན་དགོས་པ་ནི་ཤེས་རིག་སྤྱིའི་འཕེལ་འགྱུར་གྱི་ཆོས་ཉིད་འབའ་ཞིག་ཡིན་པས་“སྔོན་དང་ད་ལྟ་མ་འོངས་བཅས་ཀྱི་གནས་ཚུལ་ལ་དབྱེ་ཞིབ་དང་ཉམས་མྱོང་ཕྱོགས་སྡོམ་བྱས་ཏེ་བོད་ཀྱི་སྨན་རྫས་རིག་གནས་ཉམས་པ་གསོ་ཞིང་མི་ཉམས་གོང་འཕེལ་ཡོང་རྒྱུར་རག་ལས་སའི་རྒྱུ་རྐྱེན་གཙོ་བོ་ནི་དུས་རབས་ཀྱི་འཕེལ་ཕྱོགས་དང་།སྤྱི་ཚོགས་ཀྱི་འགྱུར་བ། ཆབ་སྲིད་ཀྱི་བརྟན་ལྷིང་ཡོད་མེད་སོགས་ཀྱི་ཐད་ཀར་ཕན་གནོད་ཐོན་པའི་སྐོར་རང་ཅག་ཚང་མས་དོ་སྣང་མི་བྱེད་ཀ་མེད་ཀྱི་གནས་ཚུལ་ཞིག་ཡིན་པར་མཐོང་གི་འདུག་ཅེས་གསུངས་པ་ལྟར་དུས་རབས་ཉེར་གཅིག་པའི་ནང་བོད་ཀྱི་གསོ་བ་རིག་ཇི་ལྟར་འཕེལ་རྒྱས་གཏོང་རྒྱུ་དང་། ཞིབ་འཇུག་གི་ཐབས་ལམ། བོད་ཀྱི་གསོ་རིག་གི་མདུན་དུ་ལྷགས་པའི་གནད་དོན་བཅས་ལ་མནོ་སེམས་བྱས་པ་བརྒྱུད། དེ་འབྲེལ་གྱི་གནས་ཚུལ་ཁག་གླེང་སློང་བྱ་བ་ལ། བོད་ཀྱི་གསོ་རིག་གི་སློབ་གསོ། བོད་ཀྱི་གསོ་བ་རིག་པ་ཕྱོགས་ཡོངས་ནས་འཕེལ་རྒྱས་གཏོང་དགོས་ཚེ། ངེས་པར་ཏུ་སློབ་གསོ་དམ་འཛིན་བྱེད་རྒྱུ་དེ་ནི་སུས་ཀྱང་འཐུས་ཚབ་བྱེད་མི་ཐུབ་པའི་ཐབས་ཤེས་དམ་པ་ཞིག་དང་། བོད་ཀྱི་གསོ་རིག་ཙམ་མ་ཟད་པའི་རིག་གནས་གཞན་ཐམས་ཅད་འཕེལ་རྒྱས་གཏོང་ཐབས་ལ་རག་ལས་སའི་རྒྱུ་རྐྱེན་གལ་ཆེན་ཞིག་རེད། མིག་སྔར་བོད་ཀྱི་གསོ་རིག་མི་རིགས་གཞན་དང་རྒྱལ་ཁབ་གཞན་གྱི་གསོར་རིག་དང་བསྡུར་ན་རྗེས་སུ་ལུས་ཡོད་པ་དངོས་ཐོག་བདེན་འཚོལ་ཡིན་ཞིང། དེ་ཡང་གསལ་བོར་བཤད་ན་བོད་ཀྱི་གསོ་རིག་གི་བརྒྱུད་འཛིན་པ་རྣམས་ཀྱི་རིག་གནས་རྦུངས་ཚད་དམའ་བ་དང་། ཤེས་བྱའི་རྒྱ་ཁྱོན་ཆུང་བ། ཕྱི་ནང་གི་རིག་གནས་གཞན་ལ་མཐོང་ཆེན་མེད་པ་བཅས་ཀྱི་རྐྱེན་པས་མ་ཟད། སྲོལ་རྒྱུན་དང་མཁྲེགས་བཟུང་གི་བསམ་བློ་རྙིང་པ་འི་འདུ་ཤེས་ཤུགས་ཆེ་བ་ལས་བྱུང་བ་ཞིག་ཡིན། དེས་ན་བློ་མཐུན་ཏིང་ཞོའོ་ཕིང་གིས་བསམ་བློ་བཅིངས་འགྲོལ་གཏོང་དགོས་པའི་མཛུབ་སྟོན་ལྟར་དུས་རབས་དང་དངོས་ཡོད་སྤྱི་ཚོགས་དང་འཚམས་དགོས་པའི་སློབ་སྟོན་དང་དུ་བླངས་ཚེ། ཞི་ནས་འཕེལ་རྒྱས་ཀྱི་འོས་འགན་ཡང་ལེགས་འགྲུབ་འབྱུང་ངེས་ཡིན། དེ་ཡང་ཐོག་མར་རྨང་གཞིའི་སློབ་གསོའམ་རྨང་གཞིའི་རིག་པ་རྩ་བ་བརྟན་པོ་འདིང་དགོས་པ་སྟེ། བཤད་རྒྱུད་ལས། “རྒྱུ་ནི་འབྲི་ཀློག་མཐལ་རུ་ཕྱིན་པར་སློབས། ཆོད་དང་། ཆོད་འདི་ལ་བརྟེན་པར་སྣང་། ”ཞེས་གསུངས་པ་ལྟར་དོན་དུ་རྨང་གཞིའི་རིག་པའམ་སློབ་གསོ་དམ་འཛིན་གཙོ་བོ་བྱེད་དགོས་ཤིང་། དེ་ནས་རིམ་བཞིན་དམའ་འབྲིང་དང་མཐོ་རིམ་སློབ་གྲྭ་རུ་དམིགས་བསལ་བོད་སྨན་གྱི་རིག་པའི་གཞུང་ལུགས་ཀྱི་རྒྱུན་ཤེས་སློབ་ཚན་བཀོད་སྒྲིག་བྱེད་དགོས་པ་སྟེ། དཔེར་ན། དེང་དུས་ཀྱི་སྐྱེ་ལུགས་འཕྲོད་བསྟེན་ལྟ་བུ་དང་། དེ་དང་ཆབས་ཅིག་གནའ་དེང་གསོ་རིག་ལ་དཔྱོད་གླེང་དང་། ཚན་རིག་གི་ལག་ཆ་གསར་བ་བསྡུ་ལེན་བྱེད་དགོས་པ་སྟེ། ཚན་རིག་ལག་རྩལ་ནི་ཐོན་སྐྱེད་ནུས་ཤུགས་ཨང་དང་པོ་ཡིན་པའི་ཕྱིར་དང་། ཡང་གཅིག་བཤད་ན་མི་རིགས་ཤིག་དང་རྒྱལ་ཁབ་ཅིག་གི་བླ་སྲོག་ཉིད་རིག་གནས་སློབ་གསོ་ཆེས་གཙོ་བོ་ཡིན་པས་ངེས་པར་རྨང་གཞིའི་སློབ་གསོ་ནས་རྐང་པ་བརྟན་པོ་འཛུགས་རྒྱུ་དང་། དུས་རབས་ཉེར་གཅིག་པའི་འཕེལ་རྒྱས་ཐད་རག་ལས་སའི་རྒྱུ་རྐྱེན་གཙོ་བོ་ཉག་ཅིག་ཡང་སློབ་གསོའི་ནུས་པ་ཡིན་པ་ཨ་རིའི་མཁས་དབང་བྷོ་ལོར་ཁུ་ནི་དྷི་སོགས་ཀྱིས་སྡོམ་ཚིག་གནང་ཡོད་པ་ལྟར་དང་། རང་ཅག་ལ་མཚོན་ནའང་སྲོལ་རྒྱུན་རིག་གནས་སློབ་གསོ་ནི་མི་རིགས་ཀྱི་རིག་གནས་སློབ་གསོའི་རྨང་གཞིའི་ཁོ་ན་ཡིན་པས། བོད་ཀྱི་གསོ་བ་རིག་པའི་དེང་རབས་སློབ་གསོའི་མ་ལག་འཛུགས་སྐྲུན་བྱེད་རྒྱུའི་རྨང་གཞི་དེ་སྲོལ་རྒྱུན་བོད་ཀྱི་གསོ་རིག་གི་སློབ་གསོ་ཡིན་ཡང་བརྒྱུད་འཛིན་བྱས་པ་ཙམ་གྱིས་མི་འོང་ཞིང་། ང་ཚོས་ངེས་པར་ཏུ་སྲོལ་རྒྱུན་རིག་གནས་ལ་བསྒྱུར་བཅོས་དང་རྟོགས་འཇུག་མི་བྱེད་པར་རང་སོ་ན་གནས་པའི་ངང་ཚུལ་དེ་ག་ལ་འགྲིགས་ཅིའི་ཕྱིར་ཞེ་ན། ཤེས་རིག་ནི་དུས་རབས་དང་བསྟུན་ནས་འཕེལ་རྒྱས་འགྲོ་བ་ཆོསཉིད་དང་། སྒོས་སུ་ཡང་དག་པའི་དུས་རབས་རང་བཞིན་མངའ་བའི་མི་རིགས་ཀྱི་རིག་གནས་ཤིག་དེ་བས་ཀྱང་ཡོང་དཀའ་བའི་ཕྱིར། དེས་ན་འཕེལ་རྒྱས་ཀྱི་འགྲན་རྩོད་ཁྲོད་གནས་པའི་བོད་ཀྱི་གསོ་བ་རིག་པའི་སློབ་གསོའི་མདུན་དུ་ལྷགས་པའི་གནད་དོན་གཙོ་བོ་ནི། གཅིག བོད་ཀྱི་གསོ་བ་རིག་པའི་སློས་གྲྭ་ཆེ་འབྲིང་ཁག་ལ་གཅིག་གྱུར་གྱི་ལམ་ལུགས་དང་། གཅིག་གྱུར་གྱི་དཔེ་དེབ། གཅིག་གྱུར་གྱི་སློསཁྲིད་རྩ་འཛིན་མེད་པར་རང་མོས་མོས་ཀྱི་རྒྱུད་བཞི་དམིགས་ཚད་དུ་བཟུང་སྟེ་ཞལ་ཁྲིད་མཛད་པ་ལས་བྱེ་བྲག་ཚན་ཁག་སོ་སོར་མ་དགར་བ་སྟེ། དངོས་གཞི་སློབ་གསོ་སྤྱིའི་དམིགས་འཚད་དུ་སླེབས་ཐུབ་ཀྱི་མེད་པ། གཉིས། གཞུང་ལུགས་དང་ལག་ལེན་ཟུང་དུ་པའི་ནུས་པ་ཧ་ཅང་ཞན་པོ་ཡོད་པ། གསུམ་པ། གནའ་དེང་གསོ་རིག་ལ་བསྡུར་དཔྱོད་དང་། དེང་རབས་ཀྱི་རིག་གནས་གསར་བའི་སློབ་ཁྲིད་ཉུང་བ། སྲོལ་རྒྱུན་མཁྲེགས་བཟུང་དང་སོ་ན་གནས་པའི་བརླན་གཤེར་གྱི་ལྟ་ཚུལ་ཡིས་སློབ་མའི་ཤེས་བྱའི་རྒྱ་ཁྱོན་ཆུང་བ་དང་། ཕྱི་ཕྱོགས་རིག་གནས”དོ་སྣང་མེད་པ། བསམ་གཞིགས་དང་དབྱེ་ཞིབ་ཀྱི་ནུས་པར་བཀག་རྒྱ་བཟོ་བཞིན་པ། བཞི། དགེ་རྒན་གྱི་དཔུང་ཁག་བརྟན་པོ་མེད་པ་དང་། སློབ་གྲྭ་ཆེན་མོ་རུ་ཆེད་གཉེར་གྱི་ཞིབ་འཇུག་སློབ་མའམ་རབ་འབྱམས་པའི་ལྟེ་གནས(硕士)དང་འབུམ་རམས་པ(博士)གསོ་སྐྱོང་མ་བྱས་པ་སྟེ་བོད་ཀྱི་གསོ་རིག་གི་ཤེས་ལྡན་མི་སྣའི་སྤུས་ཚད་ལ་ཕྱོགས་ཡོངས་ནས་མཐོར་འདེགས་བྱེད་ཐུབ་ཀྱི་མེད་པ། དྲུག་པ། བོད་ཀྱི་གསོ་རིག་སྨན་རྫས་དང་ཚན་རྩལ་གྱི་ཤེས་བྱ་བརྒྱུད་བསྒྲགས་ཉུང་བས་སློབ་ཕྲུག་ཚོར་རང་གི་གཉེར་བྱ་ལ་བརྩེ་ཞེན་མེད་པར་སློབ་མཐར། ཕྱེན་རྗེས་ལས་བསྒྱུར་གྱི་འབོར་ཚད་ལོ་རེ་ལས་ལོ་རེར་མང་དུ་འགྲོ་བ་བཅས། མདོར་ན་མི་རིགས་རང་གི་རིག་གནས་ལ་སྤྲོ་བ་གང་ཡང་མེད་པ་འདི་ཡང་གཙོ་ཆེ་བ་སློབ་གསོའི་དོ་དམ་དང་དག་ཐེར་ལ་ཐད་ཀར་རག་ལས་སའི་རྒྱུ་རྐྱེན་ཞིག་ཡིན་པ་མ་ཟད། བོད་ཀྱི་གསོ་རིག་གི་དར་རྒུད་དང་འབྲེལ་བའི་གནད་དོན་གལ་ཆེན་ཞིག་ཀྱང་རེད་སྙམ་མོ། བོདཀྱི་གསོ་རིག་གི་བསྒྱུར་གཞུང་།
    བོད་ཀྱི་གསོ་བ་རིག་པ་འཕེལ་རྒྱས་སུ་གཏོང་བ་ལ་ངེས་པར་ཏུ་ཕྱི་ཕྱོགས་རིག་གནས་ལ་མཐོང་ཆེན་དང་། དེ་དག་གི་ཉིང་བཅུད་བསྡུ་ལེན་བྱས་ཐོག རང་ཉིད་ཕུན་སུམ་ཚོགས་པོ་ཞིག་ཏུ་འགྱུར་བ་བྱེད་དགོས་ཤིང་། དེ་ཡང་ལོ་ཙཱ་ནི་ཆེས་མེད་ཐབས་མེད་པའི་ཐབས་དམ་པ་ཞིག་ཡིན་པ་མ་ཟད། མིག་སྔར་བོད་ཀྱི་གསོ་བ་རིག་པའི་ཐབས་ལམ་ལ་གཞིགས་ན་དེ་བས་ཀྱང་ཁ་ཚ་དགོས་གཏུགས་ཀྱི་གནད་དོན་གལ་ཆེན་ཞིག་རེད། ང་ཚོའི་བོད་ཀྱི་རིག་གནས་སྤྱི་དང་སྐབས་བབས་ཀྱི་གསོ་བ་རིག་པ་འདི་ཡང་འདི་འདྲའི་གྱ་ནོམ་ཞིང་འཛམ་གླིང་དུ་གྲགས་པ་ཞིག་ཡོད་པ་ཡང་། དུས་རབས་རིམ་བྱུང་གི་ལོ་ཙཱའི་བྱ་བ་དང་ནམ་ཡང་ཁ་བྲལ་ཐབས་མེད་པ་ལོ་རྒྱུས་ལ་ཕྱི་མིག་བལྟ་ཙམ་བྱས་པས་རྟོགས་སླ་བ་སྟེ། དཔེར་ན། བོད་ཀྱི་གསོ་རིག་གི་གཞུང་ལུགས་ཐམས་ཅད་ཀྱི་རྩ་བ་《དཔལ་ལྡན་རྒྱུད་བཞི་》ཡང་གསོ་རིག་བྱེད་པོ་གཡུ་ཐོག་པས་རྒྱ་གར་དང་། རྒྱ་ནག བལ་ཡུལ། ཏ་ཟིག་སོགས་ཀྱི་གསོ་རིག་གི་ཉིང་བཅུད་བསྡུ་ལེན་དང་ཁ་སྣོན་བྱས་པའི་རྨང་གཞིའི་ཐོག་རང་རྐྱ་འཕེར་བའི་གཞུང་ལུགས་འདི་ལྟ་བུ་གྲུབ་པ་ལས་ཀྱང་མཚོན། བོད་ཀྱི་ལོ་ཙཱ་བ་ཐོག་མ་ཐོན་མི་སམ་བྷོ་ཊ་ནས་བཟུང་། ཡིག་བསྒྱུར་བྱ་བའི་སྒོ་མོ་རྒྱ་ཆེར་ཕྱེ་སྟེ། དུས་རབས་རིམ་བྱུང་གི་ཆོས་རྒྱལ་རྣམས་ཀྱིས་ཡིག་བསྒྱུར་བྱ་བ་ཟམ་མ་ཆད་པར་དར་སྤེལ་བྱས་པ་དང་། ལྷག་པར་དུ་བོད་རྒྱལ་ཁྲི་སྲོང་ལྡེ་བཙན་སྐབས་བསམ་ཡས་གཙུག་ལག་ཁང་དུ་སྒྲ་བསྒྱུར་ལོ་ཙཱ་གླིང་བཙུགས་ཤིང་། འཇིག་རྟེན་ན་གྲགས་སྙན་འབར་བའི་ལོ་ཙཱ་བ་ཆེན་པོ་དགུ་དང་། དེ་བཞིན་བོད་ཀྱི་ལོ་རྒྱུས་ཐོག་ལོ་ཙཱ་བ་གྲགས་ཅན་ཉིས་བརྒྱ་རེ་དྲུག་བྱུང་བར་སྣང་། དེ་དག་གི་འགྱུར་གྱི་སྤུས་ཚད་མཐོ་ཞིང་གྲངས་ཚད་མང་བ་དེ་འདྲ་ནི་འཛམ་གླིང་ཡིག་བསྒྱུར་བྱ་བའི་ལོ་རྒྱུས་ཐོག་མཐོང་དཀའ་བ་ཞིག་ཏུ་ཆགས་ཡོད་པ་བཅས་ལ་གཞིགས་ན། ལོ་ཙཱའི་བྱ་བ་ནི་སྐབས་དེ་དུས་ནས་བོད་ཀྱི་སྤྱི་ཚོགས་དང་རིག་གནས་ཀྱི་མ་ལག་ཧྲིལ་པོ་འཕེལ་རྒྱས་གཏོང་བྱེད་ཀྱི་དོན་ཆེན་ཞིག་ཏུ་བརྩིས་ཡོད་པ་རྟོགས་ཐུབ། གསོ་བ་རིག་པར་མཚོན་ནའང་། སྲོང་བཙན” སྐབས་རྒྱ་ནག་གི་པ་གི་ཏ་ཧ་ཤང་མ་ཧཱ་དེ་བ་དང་། བོད་ཀྱི་ལོ་ཙཱ་བ་དྷརྨ་ཀོ་ཥ་གཉིས་ཀྱིས་རྒྱ་ནག་གི་《སྨན་དཔྱད་ཆེན་མོ་》བསྒྱུར་བ་དང་། ཐོན་མི་དང་གླང་གོ་ཆ་གཉིས་ཀྱིས་ཧན་ལྭན་ཧང་གིས་མཛད་པའི་《རྒྱ་དཔྱད་ཐོར་བུ་ཆེ་ཆུང་》བསྒྱུར་བ་དང་། དེ་བཞིན་ཏ་ཟིག་གི་གསོ་རིག་ཡང་བོད་ཡིག་དུ་བསྒྱུར་བ་མ་ཟད། དེ་རྗེས་སུ་སྐ་ཅོག་ཞང་གསུམ་དང་། བཻ་རོ་ཙའེན། ལོ་ཙཱ་བ་དབྱིག་གི་རིན་ཆེན། ལོ་ཆེན་རིན་ཆེན་བཟང་པོ། སྟག་ཚང་ལོ་ཙཱ་བ་ཤེས་རབ་རིན་ཆེན། མར་ལོ་རིག་པའི་གཞོན་ནུ་སོགས་ཀྱིས་ཡུལ་གྲུ་གཞན་གྱི་གསོ་རིག་གི་གཞུང་ལུགས་རི་བོའི་གཏོས་དང་མཉམ་པ་རྩོམ་སྒྱུར་བྱས་པ་འདིས་ཀྱང་ང་ཚོས་གཞན་གྱི་རིག་གནས་ཀྱི་ཉིང་བཅུད་བསྡུ་ལེན་མ་བྱས་པས་ལ་འགྲིགས།
    ང་ཚོས་དེང་རབས་རིག་གནས་དང་དེང་རབས་གསོ་རིག ཕྱི་ཕྱོགས་གསོ་རིག་གཞན་གྱི་ཉིང་བཅུད་བསྡུ་ལེན་དང་སྒྱུར་རྩོམ་མ་བྱས་པ་དེས་དེང་རབས་ཀྱི་ཚན་རིག་ལག་རྩལ་ཀྱང་མིང་ཙམ་ལས་མེད་ཅིང་། ཐོན་སྐྱེད་ནུས་ཤུགས་ཀྱི་ཆུ་ཚད་ཧ་ཅང་དམའ་བ་བཅས་ཀྱི་སྨན་རྫས་སྦྱོར་བཟོ་དང་། ནད་གཞི་བརྟག་ཐབས་སོགས་གང་ཅིའི་ཐད་རྗེས་སུ་ལུས་ཡོད་པ་ལྟར་རེད། དེ་ལྟར་ཁོ་བོས་བསམ་ཚུལ་ལ་བོད་ཀྱི་གསོ་བ་རིག་པ་ཉིད་དེང་རབས་ཅན་དང་། སྤྱི་ཚོགས་ཅན། འཕྲུལ་ཆས་ཅན་དུ་བགྲོད་རྒྱུ་དང་། འགྲོ་བ་སྤྱིའི་ནད་གཞིའི་སྡུག་བསྔལ་འཇོམས་པའི་དཔུང་གཉེན་དུ་འགྱུར་དགོས་པ་ལ་སྲོལ་རྒྱུན་མཁྲེགས་བཟུང་ཁོ་ནས་ཡོང་ཐབས་བྲལ་བ་ཞིག་ཡིན་པས། རིག་གནས་གསར་བ་བསྡུ་ལེན་བྱེད་རྒྱུ་དང་། གསོ་བ་རིག་པའི་བསྟན་བཅོས་མང་པོ་བོད་ཡིག་ཏུ་བསྒྱུར་ཕབ་གནང་རྒྱུ་དེ་ནི་གནད་དམ་པ་ཞིག་རེད། ཡིན་ནའང་སྲོལ་རྒྱུན་བོད་ཀྱི་གསོ་རིག་ལ་བསྙོན་འབྱིན་དང་ལྷག་པར་ཏུ་ཀྲུང་ལུགས་གསོ་རིག་དང་དེང་རབས་གསོ་རིག་གིས་བོད་ཀྱི་གསོ་བ་རིག་པའི་འཐུས་ཚབ་བྱེད་རྒྱུའི་རེ་བ་གཏན་ནས་བཏོན་མེད་པའི་ཕྱིར་ན། བོད་ཀྱི་གསོ་རིག་བརྒྱུད་འཛིན་པ་རྣམས་ཀྱིས་དེང་རབས་གཤག་ལས་རིག་པ་དང་། སྦྲུམ་རྟེན་རིག་པ། ཕྱི་བཅོས་རིག་པ། སྐྱེ་ལུགས་རིག་པ། བརྟག་ཐབས་རིག་པ། དོད་དྲག་རིག་པ། སྨན་རྫས་རིག་པ། སེམས་ཁམས་རིག་པ་བཅས་ཀྱི་བསྟན་བཅོས་སྒྱུར་རྩོམ་དང་། གཞན་ནུབ་ཕྱོགས་གསོ་རིག་གི་མེས་པོ་ཧེད་པོ་ཁུ་རེ་ཚི་( Hippocrates)དང་། ག་ལེ་ནོ། ( Galen ) ཨ་བན་སང་ནཱ་( Avicenna)སོགས་གསོ་རིག་མཁན་པོ་རྣམས་ཀྱི་བསམ་བློར་དཔྱོད་གླེང་དང། དེ་དག་གི་གསུང་རབ་སྒྱུར་སྒྲིག་བྱས་ཚེ་བོད་ཀྱི་གསོ་རིག་ལ་སྔར་ལས་ལྷག་པའི་དགེ་མཚན་དང་། སྐྱེས་སྟོབས་ཀྱི་དཔལ་ཡོན་གསར་བའི་མྱུ་གུ་རྒྱས་རྒྱུ་ཡིན་པ་མ་ཟད། བོད་ཀྱི་གསོ་བ་རིག་པའི་དེང་རབས་ཅན་འཛུགས་གཉེར་ལའང་བླ་ལྷག་གི་མཐུན་རྐྱེན་འོང་རྒྱུ་གདོན་མི་ཟ་མོད། ཡིད་སྐྱོ་བ་ཞིག་ལ་དུས་རབས་བཅུ་དགུ་པ་ནས་ད་ཆ་བར་གཞན་གྱི་གསོ་རིག་བསྟན་བཅོས་རྩོམ་སྒྱུར་བྱས་པའི་བརྩམས་ཆོས་གཅིག་ཀྱང་མཐོང་རྒྱུ་མེད་པ་མ་ཟད། གཞུང་དོན་བཤུ་འབྲི་བྱས་པ་ཞིབ་འཇུག་གི་འབྲས་རྟགས་སུ་ཐལ་ཞིང་། དཔལ་ལྡན་རྒྱུད་བཞི་གཙོས་བོད་ཀྱི་གསུང་རབ་སྔ་གྲས་མང་པོ་ཞིག་སྐད་རིགས་གཞན་དུ་བསྒྱུར་བ་སོ་སོའི་མི་རིགས་ཀྱི་ལ་རྒྱ་དང་སྤོབས་པ་རུ་སེམས་ཤིང་གཞན་གྱི་རིག་གནས་ནང་འདྲེན་དང་གསུང་རྩོམ་ཕྲན་བུ་བོད་ཡིག་ཏུ་བསྒྱུར་བ་དམའ་”འབེབས་དང་ཁྱད་གསོད་བྱེད་པ་དང་། བོད་ཀྱི་སྲོལ་རྒྱུན་རིག་གནས་ཁོ་ན་ཉིད་འཛམ་གླིང་གི་རིག་གནས་རྣམ་དག་ཡིན་པར་བསམ་ནས་ད་ལྟའི་རིག་གནས་གསར་བ་རིག་གནས་སུ་ཁས་མི་ལེན་པའི་བསམ་བློ་རྙིང་བའི་བག་ཆགས་ཀྱིས་ད་དུང་བོད་ཀྱི་གསོ་བ་རིག་པའི་འཕེལ་རྒྱས་ཀྱི་སྣང་ཚུལ་ཐད་འགོག་རྐྱེན་བཟོ་བཞིན་པ་ནི་དགོད་བྲོ་བ་དང་ཞེ་སྐྱོ་བའི་གནས་ཚུལ་ཞིག་ཏུ་མ་ལགས་སམ། དེ་བས་ན་ང་ཚོས་ལོ་རྒྱུས་ཀྱི་བདེན་པ་དང་དུ་བླངས་ཤིང་མ་འོངས་པའི་རེ་འདུན་ཕྲག་ཏུ་འཁུར་ནས་བོད་ཀྱི་གསོ་བ་རིག་པར་མ་ལག་གསར་པ་དང་། རིགས་ལམ་གྱི་ཚན་ཁ་མཐོ་རུ་གཏོང་བ། བོད་ཀྱི་གསོ་རིག་ཕྱོགས་ཡོངས་ནས་གོང་འཕེལ་འགྲོ་བ་ལ་གཞན་གྱི་གསུང་རབ་རིག་གནས་བསྒྱུར་རྩོམ་དང་ནང་འདྲེན་བྱེད་རྒྱུ་དེ་སྔོན་འགྲོའི་ཆ་རྐྱེན་མེད་དུ་མི་རུང་བ་ཞིག་དང་། དུས་རབས་ཉེར་གཅིག་པའི་ནང་བོད་ཀྱི་གསོ་བ་རིག་པ་འཕེལ་རྒྱས་གཏོང་བྱེད་ཀྱི་ཐབས་ལམ་འབའ་ཞིག་ཏུ་སེམས་སོ། །
    སྨན་རྫས་རིག་པའི་འབོད་སྐུལ།
    དུས་རབས་ཉེར་གཅིག་པ་ནི་ང་ཚོ་འགྲོ་དགོས་པའི་དུས་རབས་ཁོ་ན་ཙམ་མིན་པར་མ་འོངས་གསར་གཏོད་ཀྱི་དུས་རབས་ཤིག་ཡིན་པ་དང་། བོད་ཀྱི་ཤེས་རིག་ཕྱོགས་ཡོངས་ནས་དར་རྒྱས་སུ་འགྲོ་བའི་དུས་རབས་ཤིག་ཏུ་ནུབ་ཕྱོགས་ཤེས་རིག་གླིང་གི་མཁས་དབངཅོས་སྨྲ། བོད་ཀྱི་གསོ་རིག་དང་སྨན་རྫས་ཡང་དུས་རབས་ཉེར་གཅིག་པའི་མཐོ་རླབས་དེ་དང་བསྟུན་ནས་གོང་འཕེལ་འགྲོ་དགོས་པ་ཏན་ཏན་ཡིན་ཞིང་། སྨན་རྫས་སྦྱོར་བཟོ་དང་བོད་སྨན་གྱི་ཐོན་སྐྱེད་ནུས་ཤུགས་གོང་མཐོར་གཏོང་རྒྱུ་དེ་ནི་རང་མི་རིགས་ཙམ་མ་ཟད། རྒྱལ་ཁབ་ཀྱི་དཔལ་འབྱོར་ནུས་ཤུགས་དང་མིའི་རིགས་ཀྱི་བདེ་ཐང་ལ་རག་ལས་པའི་རྒྱུ་རྐྱེན་གལ་ཆེན་ཞིག་རེད། གང་ཡིན་ཞེ་ན། སྤྱི་ཚོགས་འཕེལ་རྒྱས་དང་མི་རྣམས་འཚོ་སྡོད་ཀྱི་ཆ་རྐྱེན་མི་འདྲ་བར་བརྟེན་ནས་དུས་རབས་རང་བཞིན་གྱི་ནད་རིགས་དུ་མ་འབྱུང་གི་ཡོད་པ་དང་། མིའི་རིགས་སླར་ཡང་རང་བྱུང་ཁམས་ཀྱི་དྭངས་གཙང་གི་ཁོར་ཡུག་དང་། དེ་ལས་ཐོན་པའི་རང་བྱུང་སྐྱེ་དངོས་དང་སྨན་རྫས་ལ་ཡིད་ཆེས་བརྟན་པོ་གནང་གི་ཡོད་ཕྱིར། འཛམ་གླིང་གི་ཡང་རྩེར་གྲགས་པའི་བོད་ལྗོངས་ས་མཐོ་ནས་ཐོན་པའི་སྨན་རྫས་ལ་མཁའ་རླུང་བཙོག་རྡུལ་གྱི་དྲི་མས་མ་གོས་པའི་རང་བྱུང་ཐོན་རྫས་ངོ་མ་ཡིན་པ་འདིས་ང་ཚོ་ལ་སུས་ཀྱང་འཐུས་ཚབ་བྱེད་མི་ཐུབ་པའི་ཁོར་ཡུག་གི་ཆ་རྐྱེན་ལེགས་ཤོས་ཤིག་བསྐྲུན་ཡོད་པས་རེད། དེས་ན་ང་ཚོས་ཀྱང་སྨན་རྫས་གསར་བ་སྦྱོར་བཟོ་དང་། མཐུན་སྡེབ་བྱས་ཏེ་བོད་ཀྱི་གསོ་བ་རིག་པའི་ལག་ལེན་བཅོ་བརྒྱད་གཙོས་དེང་རབས་ཀྱི་འཕེལ་འགྲོས་དང་མཐུན་པའི་སྨན་རྫས་གསར་གཏོད་གནང་རྒྱུ་གལ་ཆེ། ཡིན་ཡང་བོད་ཀྱི་གསོ་རིག་གི་འབྱུང་བའི་རྣམ་བཤད་དང་། རླུང་མཁྲིས་བད་ཀན་གསུམ། གནོད་བྱ་བཅུ། གསོ་ཐབས་ཀྱི་ལག་ལེན་སོགས་བོད་སྨན་རང་གི་ཁྱད་ཆོས་ནམ་ཡང་འདོར་མི་རུང་། འོན་ཀྱང་དེང་གི་དུས་སུ་ཁྱི་མགོ་ལུག་མགོར་རྫུས་ནས་འགྲོ་བ་དང་ལུག་པགས་གྱོན་པའི་སྤྱང་ཀི་མང་པོ་ཞིག་བོད་སྨན་ཐོན་སྐྱེད་ཀྱི་དཔུང་ཁག་ཏུ་སླེབས་ཡོད་པ་མ་ཟད། ཀྲུང་ལུགས་དང་ཕྱི་ལུགས་སྨན་རྫས་ཀྱིས་བོད་ཀྱི་སྨན་རྫས་ཀྱི་འཐུས་ཚབ་ཏུ་འགྱུར་རྒྱུའི་སྣང་ཚུལ་ཞིག་ཤུགས་ནས་འབྱུང་གི་ཡོད་པ་དང་། ཡང་ན་བོད་སྨན་དང་ཕྱི་ལུགས་གང་གི་ཁོངས་སུའང་མི་གཏོགས་པའི་ཕུང་གསུམ་པ་ཞིག་བོད་སྨན་གྱི་ཐོན་སྐྱེད་ཁྲོམ་རའི་ཁྲོད་སླེབས་ཡོད་པ་ལྟར་རེད། དེ་བས་ན་བོད་ཀྱི་སྨན་སྦྱོར་དང་མི་རིགས་གཞན་དབར་གྱི་སྨན་སྦྱོར་གྱི་ནོར་འཕྲང་དེ་ཡང་གཞུང་ལུགས་སོ་སོའི་ཁྱད་ཆོས་དང་རིགས་པའི་གཞུང་ལུགས་ཉིད་དཔང་རྟགས་སུ་འཇོག་དགོས་སོ།།
    དེ་ལྟར་ངེས་དོན་བོད་ཀྱི་སྨན་རྫས་ཤིག་སྦྱོར་བཟོ་གནང་རྒྱུ་ནི་བྲོ་ནད་ཀྱིས་མནར་བའི་ཉམ་ཐག་ནད་པའི་རེ་བ་ཉག་ཅིག་ཡིན་ལ། མིའི་རིགས་ཀྱི་བདེ་ཐང་གི་རྩ་བའི་ཁེ་ཕན་ཞིག་ཀྱང་ཡིན། ད་ནས་བཟུང་བོད་ཀྱི་སྨན་རྫས་ལ་བདག་སྐྱོང་ཤུགས་ཆེ་གནང་རྒྱུ་རང་རེའི་རྗེས་འཇུག་པ་རྣམས་ཀྱི་འོས་འགན་ཡིན་ཞིང་། དེ་ཡང་སྤྱིའི་ཆ་ནས་བཤད་ན། གཅིག བོད་ཀྱི་སྨན་རྫས་སྔར་བས་འཐུས་ཚང་། གཅིག་གྱུར་གྱི་དོ་དམ། སྦྱོར་སྡེའི་རྫུན་མ་བཅས་མི་འོང་བའི་ཆེད་ངེས་པར་ཏུ་ཤེས་རིག་བདག་དབང་བདག་སྐྱོང་བྱེད་དགོས་པ་སྟེ། བོད་ཀྱི་གསོ་རིག་དང་སྨན་རྫས་ནི་བོད་མི་རིགས་ཀྱིས་གསར་གཏོད་གནང་བས་ཤེས་རིག་བདག་དབང་དེ་ཉིད་ཡང་བོད་རིགས་རང་ཉིད་ལ་དབང་བའི་ཕྱིར། གཉིས། བོད་ཀྱི་སྨན་རྫས་འཛམ་གླིང་རང་བཞིན་དང་། སྤྱི་ཚོགས་རང་བཞིན། སྣ་མང་རང་བཞིན་བཅས་སུ་འགྱུར་ཆེད། ཐོག་མར་བོད་སྨན་གྱི་ཐོན་སྐྱེད་ནུས་ཤུགས་མཐོར་འདེགས་བཏང་ནས། མགྱོགས་མྱུར་སྒོས་བོད་སྨན་གྱི་ཁྱད་ཆོས་ལྡན་ཞིང་དེང་རབས་སྨན་རྫས་རིག་པའི་སྒོ་དང་འཚམས་པའི་སྨན་རྫས་སྣ་མང་གསར་བཟོ་གནང་རྒྱུ། དེ་དང་ཆབས་ཅིག་བོད་སྨན་གྱི་སྤུས་ཀའི་ཚད་གཞི་དང་བོད་སྨན་ཀྱི་ཚད་ལྡན་སྒྲིག་སྲོལ་མ་ལག་སོགས་འབྲེལ་ཡོད་སྲོལ་ ཡིག་གཏན་འབེབས་གནང་དགོས། གསུམ། བོད་ཀྱི་གསོ་རིག་དང་སྨན་རྫས་ནི་མི་རིགས་རང་གི་ཁྱད་ཆོས་འབུར་དུ་ཐོན་པའི་སྲོལ་རྒྱུན་གསོ་རིག་ཅིག་ཡིན་ཕྱིར། མི་རིགས་གཞན་དང་གསོ་རིག་གཞན་གྱི་ཁོངས་གཏོགས་ལྟ་བུར་མི་བརྩི་བར་རྒྱལ་ཁབ་དང་སྲིད་གཞུང་རིམ་པའི་མཐོ་རིམ་ཐེ་གཏོགས་ལས་ཁུངས་ཤིག་བཙུགས་རྒྱུ་ཤིན་ཏུ་གལ་ཆེ། མིག་སྔར་ཀྲུང་ལུགས་གསོ་རིག་གི་ཁོངས་གཏོགས་ལྟ་བུ་བཞག་པ་དེ་བོད་སྨན་གྱི་ཐོན་སྐྱེད་ནུས་ཤུགས་དང་། སྨན་རྫས་གསར་བཟོ་ལ་བཀག་རྒྱ་ཆེན་པོ་འབྱུང་གི་ཡོད་པ། བཞི། སྨན་རྫས་ཡོད་དོ་ཅོག་གི་འབྱུང་ཁུངས་དངོས་ནི་རང་བྱུང་ཁམས་ཡིན་པ་དང་། ཚད་མེད་པར་སྐྱེ་ཁམས་ཁོར་ཡུག་ལ་བསྒྱུར་བཀོད་དང་འཕྲོ་བརླག་བཏང་བ་དེས་སྨན་རྫས་ཐམས་ཅད་ནུས་མེད་དུ་འགྲོ་རྒྱུ་ཡང་ཡིན་པས་ངེས་པར་ཏུ་སྐྱེ་ཁམས་སྙོམས་སྒྲིག་དང་ཁོར་ཡུག་སྲུང་སྐྱོབ་ལ་བདག་གཉེར་གཙིགས་ཆེའི་གནང་རྒྱུ། ལྔ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་རྒྱུན་མཐུད་རང་བཞིན་ཅན་གྱི་འཕེལ་རྒྱས་ནི་དུས་རབས་ཉེར་གཅིག་པའི་ནང་མིའི་རིགས་ཀྱི་ཐུན་མོང་གི་གནད་དོན་གལ་ཆེན་ཞིག་ཡིན་ཕྱིར། བོད་སྨན་འདེབས་འཛུགས་ཀྱི་ལས་དོན་དེ་ནི་བོད་སྨན་སྨན་རྒྱུའི་ཐོན་ཁུངས་ཀྱི་མ་ལག་ཧྲིལ་པོར་སྲུང་སྐྱོབ་དང་གོང་འཕེལ། ཐོན་སྐྱེད་ནུས་ཤུགས་སྔར་བས་རྒྱ་ཆེ་བསྐྱེད་བྱེད་ཀྱི་ཐབས་ལམ་ཉག་ཅིག་དེ་ཡིན་པ། དྲུག སྨན་སྦྱོར་གསར་བཟོ་གནང་རྒྱུའི་གོམས་སྟབས་ཇེ་མགྱོགས་བཏང་ནས། གནའ་དེང་གཉིས་ཀའི་ཁྱད་ཆོས་མཚོན་ཞིང་བོད་ཀྱི་གསོ་རིག་རང་གི་དགེ་མཚན་མངོན་ལ། རྫས་འགྱུར་དང་འཕྲུལཆས། སྲོག་ཆགས་སོགས་ལ་དངོས་སུ་ཚོད་ལྟ་བྱས་ཏེ་གནད་དུ་སྨིན་པའི་ཕན་འབྲས་ལ་ཚན་རིག་གིས་དབྱེ་ཞིབ་གཙོ་བོ་བྱེད་རྒྱུ། བདུན། བོད་དུ་གློག་རྡུལ་རྩིས་འཁོར་ཀྱི་ལམ་ནས་ལས་དོན་གཉེར་ཚུལ་དེ་མིག་སྔར་ཧ་ཅང་ཉག་ཕྲ་བས། མགྱོགས་མྱུར་སྒོས་གློག་རྡུལ་རྩིས་འཁོར་བེད་སྤྱོད་དང་དར་རྒྱས་ཆེ་ཆིར་བཏང་ནས། དེང་རབས་བོད་ཀྱི་གསོ་བ་རིག་པའི་འཕྲིན་གསར་དྲཱ་རྒྱ་བཙུགས་ནས། འཛམ་གླིང་འཛིན་མའི། ཁྱོན་དུ་བོད་ཀྱི་གསོ་རིག་དང་སྨན་རྫས་ཁྱབ་བསྒྲགས་དང་། གློག་རྡུལ་རྩིས་འཁོར་གྱི་འཕྲིན་ལམ་བརྒྱུད་ནས་ཉོ་འཚོང་དང་ངོ་སྤྲོད་བྱེད་རྒྱུ་དེ་ནི་ངེས་པར་ཏུ་སྒྲུབ་དགོས་པའི་དོན་ཆེན་ཞིག་གོ།
    དེ་ལྟར་ཁོ་བོས་དུས་རབས་ཉེར་གཅིག་པའི་ནང་བོད་ཀྱི་གསོ་རིག་གི་མདུན་དུ་ལྷགས་པའི་གནད་དོན་ལ་དམིགས་ནས་གོང་གསལ་སྤྱི་དོན་རྣམ་པ་གསུམ་པོའི་ཁ་ཕྱོགས་གཙོ་བོར་འཛིན་དགོས་པའི་གླེང།བྱ་བཏོན་ཡོད་ལ། དེ་ལས་ཀྱང་ཞིབ་ཕྲའི་གནད་དོན་མི་ཉུང་བ་ཞིག་རིགས་པའི་སྒོ་ནས་གསལ་བཤད་བྱས་ཡོད་ཕྱིར། མ་འོངས་བོད་ཀྱི་གསོ་རིག་གི་འཕེལ་ཕྱོགས་དང་དར་རྒུད་དང་འབྲེལ་བའི་ལས་དོན་མི་ཉུང་བ་ཞིག་བོད་ཀྱི་གསོ་རིག་བརྒྱུད་འཛིན་པ་རྣམས་ཀྱི་ཕྲག་ཏུ་བབས་ཡོད་པས། གནའ་དེང་ཟུང་འབྲེལ་དང་། རིག་གཞུང་དང་ལག་ལེན་ཟུང་འབྲེལ། སྤྱི་ཚོགས་ཁོར་ཡུག་གི་བགྲོད་འགྲོས་དང་བསྟུན་རྒྱུ་དེ་ནི་ཤེས་རིག་འཕེལ་རྒྱས་ཀྱི་ལམ་ཕྱོགས་ཤིག་ཡིན་པ་མ་ཟད། འཕེལ་རྒྱས་ལ་མངོན་དུ་ཕྱོགས་ཤིང་གཞུང་ལུགས་ཀྱི་རྨང་གཞི་བརྟན་པོའི་བོད་ཀྱི་གསོ་བ་རིག་པར་མཚོན་ན་དེ་བས་ཀྱང་ཁ་ཚ་དགོས་གཏུགས་ཀྱི་རླབས་ཆེན་བྱ་གཞག་ཞིག་ཏུ་སེམས་སོ།།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།