རྒྱུད་བཞིའི་འབྱུང་ཁུངས་གླེང་བ། དབྱངས་དགའ།

རྩོམ་པ་པོ།:དབྱངས་དགའ། ཡོང་ཁུངས།:བོད་སྨན་སློབ་གསོ་དང་ཞིབ་འཇུག དུས་ཚོད།:2022-12-29 13:21:24 ཀློག་གྲངས།:
༄༅། །དཔལ་ལྡན་རྒྱུད་བཞིའི་འབྱུང་ཁུངས་ལ་དཔྱད་པ་མ་གསང་དྲང་གཏམ།
དབྱངས་དགའ།

       བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་དམ་རྒྱུད་བཞི་ཞེས་པ་ནི་བོད་ཀྱི་གསོ་དཔྱད་གཞུང་ལུགས་ཀུན་གྱི་ཕྱི་མོ་ལྟ་བུ་ཡིན་མོད།དཔལ་ལྡན་རྒྱུད་ཀྱི་རྒྱལ་བོ་འདི་ཉིད་ཀྱི་མཛད་པ་པོ་གང་ཟག་སུ་ཡིན་མིན་སྐོར་ལ་གནའ་བོའི་དུས་ནས་ད་ལྟའི་བར་དུ་དགོངས་ཚུལ་མི་འདྲ་བ་དུ་མ་ཞིག་ཡོད། འདིར་ཁོ་བོས་གནའ་དེང་མཁས་པའི་བཞེད་སྲོལ་དང་། རང་གི་འདོད་ཚུལ་ཏེ་རྩ་བའི་ས་བཅད་གཉིས་སུ་ཕྱེ་ནས་འཆད་པར་འདོད་དོ། །
གནའ་དེང་མཁས་པའི་བཞེད་སྲོལ།
       ས་བཅད་འདིའི་ནང་དུ་བོད་ཀྱི་གནའ་རབས་མཁས་པའི་བཞེད་སྲོལ་དང་།བོད་ཀྱི་དེང་རབས་མཁས་པའི་བཞེད་སྲོལ་དང་། རྒྱལ་སྤྱིའི་མཁས་པའི་འདོད་ཚུལ་སྟེ་གསུམ་དུ་ཕྱེ་ནས་འཆད་པར་སྤྲོའོ། །
བོད་ཀྱི་གནའ་རབས་མཁས་པའི་བཞེད་སྲོལ།
       དེ་ཡང་མཁས་པ་ཁ་ཅིག་གིས་གཞུང་འདི་ནི་རྒྱལ་བའི་བཀའ་སྟེ་སངས་རྒྱས་ཀྱི་གསུངས་ཡིན་པར་འདོད། ཡང་ཁ་ཅིག་གིས་ནི་བོད་ཀྱི་མཁས་པས་བརྩམས་པའི་བསྟན་བཅོས་ཡིན་པར་འདོད། མཁས་པ་རེ་ཟུང་གིས་རྒྱ་ནག་ནས་བྱུང་བར་འདོད། བོན་ལུགས་ལྟར་ན་འབུམ་བཞི་ནས་བྱུང་བར་འདོད། དེ་དག་ལས་གྲགས་ཆེ་བ་ནི་བཀའ་དང་བསྟན་བཅོས་གང་ཡིན་སྐོར་གྱི་རྩོད་གླེང་དེ་ཡིན་པས། འདིར་གླེང་གཞི་དེ་ལས་བརྩམས་ཏེ་འཆད་པར་སྤྲོའོ། །
བཀའ་དང་བསྟན་བཅོས་ཀྱི་རྩོད་གླེང་ཇི་ལྟར་མགོ་བརྩམས་ཚུལ།
       ཟུར་མཁར་བ་བློ་གྲོས་རྒྱལ་པོས་མཛད་པའི་གཏན་པ་མེད་པའི་མཆོད་སྦྱིན་དུ་འདི་ལྟར་གསུངས་ཏེ། དེས་མཚོན་ནས་གཞུང་འདི་ཉིད་ཐོག་མར་བཀའ་ཡིན་པར་ཐོག་མར་ཁས་ལེན་པ་ནི་གསང་སྔགས་རྙིང་མ་བ་རྣམས་ཡིན་ཏེ། དེའི་སྒྲུབ་པ་བཀའ་བརྒྱད་ཀྱི་བདུད་རྩི་ཡོན་ཏན་རྒྱུད་ཀྱི་གཙོ་བོ་ཁོ་ནར་གུ་རུ་ཆོས་ཀྱི་དབང་ཕྱུག་གིས་བཤད་སྣང་ཞིང་། ད་ལྟ་རྙིང་མའི་རྒྱུད་འབུམ་དུ་བཞུགས་པ་ཡིན་པས་བཀའ་ཡིན་པར་བཞེད་པ་རྣམས་ཀྱི་ཤེས་བྱེད་ཁུངས་ན་འདི་ལ་བརྟེན་པར་སྣང་ངོ་། །ཞེས་གསུངས་ནས་གསང་སྔགས་རྙིང་མ་བ་རྣམས་ནི་རྒྱུད་འདི་བཀའ་རུ་ཁས་ལེན་མཁན་ཐོག་མ་བ་ཡིན་པར་བཞེད། །
       འོན་ཀྱང་སངས་རྒྱས་ཀྱི་བཀའ་ཡིན་མིན་གྱི་རྩོད་གླེང་ཐོག་མ་ནི་གཡུ་ཐོག་མགོན་པོ་ཉིད་ཀྱི་སློབ་མའི་ཁྲོད་ནས་བྱུང་བར་མངོན་སྟེ། དེ་ཡང་བྱང་པ་བཀྲ་ཤིས་དཔལ་བཟང་གིས་གཡུ་ཐོག་མགོན་པོའི་སྐུ་ཚེའི་སྨད་ལ་རྒྱུད་བཞི་མཁས་པར་མཁྱེན་ཞིང་། སུམ་སྟོན་ཡེ་ཤེས་གཟུངས་སོགས་བཀའ་བབས་སློབ་བུ་གསུམ་ལ་དཔལ་ལྡན་རྒྱུད་བཞི་གནང་བ་དང་། ཡེ་ཤེས་གཟུངས་ནི་ང་རྒྱལ་ཆེ་ཞིང་རང་བསྟོད་ཁོ་ན་སྨྲ་ཞིང་གཡུ་ཐོག་གི་སློབ་མ་བྱིངས་ལ་ཁྱད་སོད་བརྙས་བཅོས་ཀྱི་ཚིག་སྨྲས་པས།  ལྗང་སྨན་ལེབ་སེ་སོགས་སྐུ་ཚེའི་སྟོད་ཀྱི་སློབ་མ་དུ་མས་བསྟན་བཅོས་བརྒྱད་པ། ལག་ལེན་པོད་ཆུང་སོགས་ལས། རྒྱད་བཞི་གསུངས་མེད་པར་ཤེས་རྗེས་གཡུ་ཐོག་ལ་དད་ལོག་དང་། ཡེ་ཤེས་གཟུངས་ལ་ཕྲག་དོག་རབ་ཏུ་སྐྱེས་ནས། སློབ་མ་དེ་རྣམས་ཀྱིས་གཡུ་ཐོག་མགོན་པོས་སུམ་སྟོན་ཡེ་ཤེས་གཟུངས་ཤེས་རབ་དམན་པའི་གནས་བབས་ལ་གཟིགས་ནས་གཞུང་ཆེན་པོ་ཡན་ལག་བརྒྱད་པ་སོགས་རྟོགས་མི་ཐུབ་པའི་དཀའ་ཚེགས་སེལ་བའི་ཕྱིར་དུ། ཚིག་ཉུང་ལ་དོན་བསྡུས་པ། ཚིག་དོན་གོ་སླ་བའི་གཞུང་སྟེ་རྒྱུད་བཞི་རུ་གྲགས་པ་འདི་ཉིད་མཛད་པ་ལས། རྒྱལ་བས་མཛད་པའི་སྨན་གཞུང་རྒྱུད་བཞི་ཞེས་པ་མེད་ཅེས་བཤད། །
       སུམ་སྟོན་ཡེ་ཤེས་གཟུངས་ཀྱིས་རྩིས་མདའི་ལྗང་སྨན་ལེབ་སེ་དང་། ཁམས་ཀྱི་སྟོན་པ་ཨ་ཚེས། ནུབ་ཀྱི་དགེ་བཤེས་རོག་ཆུང་། གཡུ་ཐོག་ཉིད་ཀྱི་སྲས་པོ་གཉིས་དང་མག་པོ་གཉིས་སོགས་སྐུ་ཚེའི་སྟོད་སྨད་བར་གསུམ་གྱི་གྲགས་ཆེ་བའི་སློབ་མ་སུ་ཞིག་གིས་ཀྱང་དཔལ་ལྡན་རྒྱུད་བཞིའི་གདམས་པ་གཡུ་ཐོག་ནས་ཐོབ་མེད་ཚུལ་བཤད་ཅིང་། རྒྱུད་བཞིའི་གདམས་པ་ཐོབ་མཁན་ནི་ཁོང་གཅིག་པུར་ཡིན་པར་བཤད། །སུམ་སྟོན་ཡེ་ཤེས་གཟུངས་ཀྱི་གསུང་ལ་བརྟག་ཅིང་དཔྱད་ན་རྒྱུད་བཞིའི་འབྱུང་ཁུངས་སྐོར་ལ་གསུང་ཚུལ་མི་འདྲ་བ་གཉིས་ཙམ་མཆིས་ཏེ། དེ་ཡང་དངོས་བསྟན་ལྟར་ན་རྒྱུད་བཞི་ནི་ཨོ་རྒྱན་ཡུལ་གྱི་ཞིང་ཁམས་སུ་སངས་རྒྱས་སྨན་གྱི་བླ་མས་བྱིན་གྱིས་བརླབས་ནས་དྲང་སྲོང་རིག་པའི་ཡེ་ཤེས་དང་ཡིད་ལས་སྐྱེས་གཉིས་ཀྱིས་དྲི་བ་དྲི་ལན་གྱི་ཚུལ་དུ་རྒྱུད་བཞི་གསུངས་ཤིང་། དེ་རྗེས་དཔལ་ལྡན་རྒྱུད་སྡེ་ཆེན་པོ་འདི་ཉིད་དྲང་སྲོང་ཆེན་པོ་རྒྱུན་ཤེས་ཀྱི་བུ་དང་། འཚོ་བྱེད་གཞོན་ནུ་གཉིས་ལ་གཏད་ཅིང་། སྔ་མའི་བརྒྱུད་པ་ནི་དྲང་སྲོང་རྣམས་ལ་བརྟེན་ནས་དར་བར་འདོད། ཕྱི་མ་སྟེ་འཚོ་བྱེད་གཞོན་ནུས་སློབ་དཔོན་ཀླུ་སྒྲུབ་ལ་གསུངས་པ་དང་། དེས་དཔལ་ལྡན་ཕ་ཁོལ་དང་། ཕ་ཁོལ་གྱིས་ཁ་ཆེ་ཟླ་དགའ། ཟླ་དགས་བཻ་རོ་ཙ་ན་ལ་གནང་བ་དང་། བཻ་རོས་མངའ་བདག་ཁྲི་སྲོང་ལྡེ་བཙན་ལ་ཕུལ་ཞིང་། མངལ་བདག་གིས་བསམ་ཡས་དབུ་རྩེ་རིགས་གསུམ་གྱི་བར་ཁང་གི་ཀ་བའི་ནང་དུ་སྦས་ཤིང་། འདོད་ལྷའི་ཞག་གསུམ་སྟེ་མི་ལོ་བརྒྱ་དང་ལྔ་བཅུ་སོང་རྗེས་གྲ་པ་མངོན་ཤེས་ཀྱིས་གཏེར་ནས་བཏོན།  དེས་དབུས་པ་དར་གྲགས་དང་། དར་གྲགས་ཀྱིས་འཚོ་བྱེད་དཀོན་མཆོག་སྐྱབས། དཀོན་སྐྱབས་ཀྱིས་གཡུ་ཐོག་མགོན་པོ་དང་། གཡུ་ཐོག་གིས་སུམ་སྟོན་ཡེ་ཤེས་གཟུངས་ལ་གནང་ཞེས་ཟེར། ཤུགས་བསྟན་ལ། ཇི་སྐད་དུ། བརྒྱུད་པའི་རྣམ་ཐར་མེད་ཐབས་མེད་པ་ལས། །མཁས་པ་གཡུ་ཐོག་མགོན་པོ་དེ། །རིག་པའི་ཡེ་ཤེས་ལགས་པ་འདྲ། །དངོས་མིང་ཡིད་ལས་སྐྱེས་སམ་སྙམ། །ཞེས་པ་ལྟར་ན། རྒྱུད་འདི་ནི་གཡུ་ཐོག་མགོན་པོ་དང་སུམ་སྟོན་ཡེ་ཤེས་གཟུངས་གཉིས་ཀྱིས་དྲི་བ་དྲི་ལན་གྱི་ཚུལ་དུ་མཛད་པ་ཡིན་ཞེས་ཤུགས་བསྟན་གྱི་ཚུལ་དུ་བསྟན་པར་སྣང་། །དེས་ན་མཁས་པའི་དབང་པོ་མཁར་རྨེའུ་བསམ་གཏན་རྒྱ་མཚོས་གསུངས་པ་ལྟར།བཀའ་དང་བསྟན་བཅོས་ཀྱི་རྩོད་གླེང་ཐོག་མ་ནི་གཡུ་ཐོག་མགོན་པོ་ཉིད་ཀྱི་སློབ་མའི་ཁྲོད་ནས་བྱུང་བ་ཡིན་པར་སེམས་སོ། །
བཀའ་བསྟན་རྩོད་གླེང་ཇེ་ཆེར་དར་ཚུལ།
       བཀའ་བསྟན་གྱི་རྩོད་གླེང་མགོ་བརྩམས་ནང་དུས་རབས་བཅུ་བདུན་བར་དུ་འཚོ་བྱེད་སྨན་པ་དང་། དེ་བཞིན་བོད་ཀྱི་རིག་པའི་གནས་ལྔ་ལ་ནང་བྱན་ཆུད་པའི་མཁས་པ་རྣམས་ཀྱིས་རྒྱུད་བཞི་བཀའ་དང་བསྟན་བཅོས་གང་ཡིན་སྐོར་ལ་ཡིག་ཆ་མང་དུ་མཛད། འོན་ཀྱང་དེ་དག་ནང་ནས་མང་དག་ཅིག་ནི་དཔེ་རྒྱུན་ཆད་ནས་རང་རེའི་འདྲེན་བྱེད་ཀྱི་ཡུལ་དུ་མ་གྱུར། གཡུ་ཐོག་མགོན་པོའི་དངོས་སློབ་རྣམས་དང་འདྲ་བར་མཁས་པ་ཁག་གཅིག་གིས་གཞུང་འདི་ནི་རྒྱལ་བའི་བཀའ་ཡིན་པར་སྒྲུབ་གང་ཐུབ་བྱེད་ཅིང་། ཡང་ཁག་གཅིག་གིས་ནི་རྗེས་མཇུག་མཁས་པས་བརྩམས་པའི་བསྟན་བཅོས་ཡིན་པར་བཞེད། ཡང་ཁ་ཤས་ཀྱིས་ནི་བཀའ་དང་བསྟན་བཅོས་གཉིས་ཀ་ཡིན་པར་ཞལ་གྱིས་བཞེས། འདིར་བཞེད་ཚུལ་མི་འདྲ་བ་དེ་དག་རིམ་བཞིན་འཆད་པར་སྤྲོའོ། །
རྒྱལ་བའི་བཀའ་རུ་འདོད་ཚུལ།
       བྲང་ཏི་དཔལ་ལྡན་འཚོ་བྱེད་ཀྱིས་རྒྱུད་བཞི་འདི་ཉིད་ཐུགས་སྐུ་ཡོན་ཏན་འཕྲིན་ལས་ཀྱི་སྤྲུལ་པའི་སྟོན་པ་དྲང་སྲོང་རིག་པའི་ཡེ་ཤེས་བཞིས་གསུངས་ཤིང་། དྲང་སྲོང་ཡིད་ལས་སྐྱེས་ཀྱིས་བསྡུས་ནས། དྲང་སྲོང་དང་ནང་པའི་བརྒྱུད་པ་གཉིས་ལ་བརྟེན་ནས་རིམ་བཞིན་དར་ཏེ། མཐར་བཻ་རོ་ལོ་ཙཱ་ནས་བོད་སྐད་དུ་བསྒྱུར་ནས་མངའ་བདག་གིས་གཏེར་དུ་སྦས་ཞེས་པ་སོགས་སུམ་སྟོན་གྱི་དངོས་བསྟན་ལྟར་བཞེད་ཅིང་རྒྱལ་བའི་བཀའ་རུ་འདོད། །ཅུང་ཟད་མི་འདྲ་བ་ཞིག་ནི་དྲང་སྲོང་ཡིད་ལས་སྐྱེས་ཀྱིས་འཕགས་པ་ཀུན་དགའ་བོ་དང་། དེས་འཚོ་བྱེད་གཞོན་ནུ་ལ་གསུངས་པར་འདོད།
       བྱང་པ་རྣམ་རྒྱལ་གྲགས་བཟང་ནི་བྱང་ལུགས་ཀྱི་སྲོལ་གཏོད་པ་པོ་ཡིན་ཞིང་། ཁོང་ནི་གཞུང་འདི་ཉིད་རྒྱལ་བའི་བཀའ་རུ་བཞེད་མཁན་གྱི་མཁས་པ་གྲགས་ཆེ་བ་ཞིག་ཡིན། ཁོང་གི་བཞེད་པ་ལྟར་ན་བཀའ་ལ་དངོས་སུ་གསུངས་པ་དང་། སྤྲུལ་པས་གསུངས་པ་གཉིས་ཡོད་པར་འདོད་ཅིང་། དཔལ་ལྡན་རྒྱུད་བཞི་ནི་ཕྱི་མ་འདི་ཡི་ཁོངས་སུ་གཏོགས་པར་འདོད་དེ། ཇི་སྐད་དུ། བདུད་རྩིའི་ཆུ་རྒྱུན་ལས། སྤྲུལ་པས་གསུངས་པ་རྩ་བའི་རྒྱུད་ལ་སོགས་པ་རྒྱུད་བཞིའམ་ཡོངས་སུ་གཏད་པ་རྒྱུད་དོ་ཞེས་པ་དང་། ཡང་དེ་ཉིད་ལས་བཤད་རྒྱུད་འདི་ཉིད་བཀའ་ཡིན་པའི་སྒྲུབ་བྱེད་འགོད་པའི་སྐབས་སུ་ཐོག་མར་བཤད་རྒྱུད་ནི་སྨན་གྱི་བླ་མས་གསུངས་པ་དང་། སྨན་གྱི་བླ་མ་ནི་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པའི་སྤྲུལ་བ་ཡིན་པས། རྒྱུད་འདི་ཉིད་ནི་ཤཱཀྱ་ཐུབ་པས་གསུངས་པ་དང་གཅིག་པ་ཡིན་པ་འདོད་པར་མ་ཟད། བཤད་རྒྱུད་ནི་གསུང་རབ་ཡན་ལག་བཅུ་གཉིས་ལས་ཚིགས་སུ་བཅད་པའི་སྡེ་དང་། སྡེ་སྣོད་གསུམ་གྱི་ནང་ནས་མདོ་སྡེའི་སྡེ་སྣོད་ཀྱི་ཁོངས་སུ་གཏོགས་པར་འདོད་དོ། །
       བྱང་པ་བཀྲ་ཤིས་དཔལ་བཟང་གིས་མཛད་པའི་རྒྱུད་བཞིའི་རྣམ་ངེས་དཔག་བསམ་ལྗོན་ཤིང་ལས། གཞན་དག་སྟོན་པས་སྨན་བླར་སྤྲུལ་ཞེས་པ།སྟན{བསྟན་}པ་ཅིག་{གཅིག་}ལ་སྟོན་པ་གཉིས་མི་འབྱུང་། །དེས་ན་རྒྱུད་འདི་སྒྲོ་སྐུར་ཅན་ཡིན་ནོ། །དེ་ཡང་རྣམ་པར་ཕྱེ་སྟེ་བཤད་ཀྱི{ཀྱིས་}ཉོན། །རང་གི་སྟོན་པ་ཤཀྱ་{ཤཱཀྱ}་སེང་གེ་ཡིས། །འགྲོར་ཕན་ཕྱེ{བྱེད}་དགོངས་སྨན་པའི་རྒྱལ་པོར་སྤྲུལ། །དྲང་སྲོང་རིགས་ལྔ་སྤྲོས་ནས་གསུང་ཤིང་བསྡུས། །དེས་ན་སྟོན་པ་གཉིས་ཀྱི་བསྐྱོན་{སྐྱོན་}དང་བྲལ། །ཞེས་གསུངས་པ་མཛད། འདོད་ཚུལ་འདི་ནི་གོང་དུ་ཞུས་པའི་བྱང་པ་རྣམ་རྒྱལ་གྲགས་བཟང་གི་དགོངས་པ་དང་གཅིག་པ་ཡིན་ནོ། །
       གཞན་ཡང་ལྷ་བཙུན་བཀྲ་ཤིས་དཔལ་བཟང་དང་ཁོང་གི་སྲས་བསོད་ནམས་ཡེ་ཤེས་རྒྱལ་མཚན་གཉིས་ཀའི་གསུང་ལས། རྒྱུད་འདི་ལ་བཀའ་མ་དང་གཏེར་མ་སྟེ་བརྒྱུད་པ་གཉིས་ཡོད་པར་བཤད། བཀའ་མ་ཞེས་པ་སློབ་དཔོན་པད་མ་འབྱུང་གནས་ཀྱིས་རྒྱུད་བཞི་རང་བསྒྱུར་མཛད་ནས་ལྷ་སྲས་མུ་ཁྲི་བཙན་པོ་ལ་གནང་ཞིང་། དེ་ནས་རིམ་བཞིན་རྒྱལ་བརྒྱུད་ཁོ་ན་ལ་ཆིག་བརྒྱུད་དུ་སྤེལ་ནས། བོད་ཆོས་རྒྱལ་གྱི་གདུང་བརྒྱུད་བསོད་ནམས་རྡོ་རྗེ་ནས་ཆིག་བརྒྱུད་ཀྱི་བཀའ་རྒྱ་བཀྲོལ་ཏེ་བུ་སློབ་འགའ་ལ་གནང་བར་གྲགས། དེ་ཡི་སྲས་མི་ཡི་ཉི་མ་མཐོང་བ་དོན་ལྡན་གྱི་སྐུ་དུས་སུ་བཀའ་གཏེར་གྱི་བརྒྱུད་པ་གཉིས་པོ་གཅིག་ཏུ་འདྲེས་ཞེས་ཟེར། བརྒྱུད་པ་ཅིག་ཤོས་ནི་ཁ་ཆེ་པཎྚི་ཏ་ཟླ་བ་མངོན་པར་དགའ་བ་དང་། ལོ་ཆེན་བཻ་རོ་ཙ་ནས་བོད་སྐད་དུ་བསྒྱུར་བའི་རྗེས་སུ་བཻ་རོས་ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་ལ་ཕུལ། ཆོས་རྒྱལ་གྱིས་བསམ་ཡས་ཀ་བ་བུམ་པ་ཅན་ལ་གཏེར་དུ་སྦས་ཤིང་། མི་ལོ་བརྒྱ་དང་ལྔ་བཅུའི་རྗེས་སུ་གྲ་པ་མངོན་ཤེས་ཀྱིས་གཏེར་ནས་བཏོན་ཏེ་རིམ་བཞིན་བརྒྱུད་པ་དེ་ལ་གཏེར་མ་ཞེས་ཟེར་རོ། དེ་ནི་གོང་དུ་བཤད་པའི་སུམ་སྟོན་ཡེ་ཤེས་གཟུངས་ཀྱི་གསུངས་ཚུལ་དང་གཅིག་པ་ཡིན་ནོ། །
       མདོ་ཧྲིལ་གྱིས་དྲིལ་ནས་བཤད་ན། བྱང་ལུགས་ཀྱི་གྲགས་ཆེ་བའི་མཁས་པ་ཕལ་མོ་ཆེས་རྒྱུད་བཞི་ནི་བཀའ་ཡིན་པར་འདོད། ལྷག་པར་དུ་ལྷ་བཙུན་བཀྲ་ཤིས་དཔལ་བཟང་ཡབ་སྲས་ཀྱིས་བཀའ་ཡིན་པ་གང་ཞིག་ལ་དེ་ཉིད་ལའང་བཀའ་གཏེར་གྱི་བརྒྱུད་པ་གཉིས་ཡོད་པར་བཞེད། བཀའ་མ་རུ་གྲགས་པའི་བཤད་སྲོལ་འདི་ནི་མི་བརྒྱུད་དང་ཆོས་བརྒྱུད་ཆེ་བ་བརྗོད་པ་ཙམ་ལས། ཁུངས་ལྡན་གྱི་གཏམ་ཞིག་ཡིན་པར་མི་སྣང་ངོ་། །
མཁས་པའི་བསྟན་བཅོས་སུ་བཞེད་ཚུལ།
       བཅོམ་ལྡན་རིག་པའི་རལ་གྲི(1227-1305)དང་། བོ་དོང་པཎ་ཆེན་ཕྱོགས་ལས་རྣམ་རྒྱལ(1376-1451)དང་། སྟག་ཚང་ལོ་ཙཱ་བ་ཤེས་རབ་རིན་ཆེན(1405-1477)། པཎ་ཆེན་ཤཱཀྱ་མཆོག་ལྡན(1428-1507)། དཔའ་བོ་གཙུག་ལག་ཕྲེང་བ(1504-1566)སོགས་གངས་ཅན་ལྗོངས་སུ་གྲགས་ཆེ་བའི་མཁས་པ་ཚད་ལྡན་མང་པོས་ནི་དཔལ་ལྡན་རྒྱུད་བཞི་ཞེས་པ་འདི་ནི་མཁས་པས་བརྩམས་པའི་བསྟན་བཅོས་ཤིག་ཏུ་འདོད། དེ་ཡང་བསྟན་བཅོས་སུ་བཞེད་པའི་སྐབས་སུ་རྩོམ་པ་པོ་གང་ཟག་སུ་ཞིག་ཡིན་མིན་ཐད་ལ་དགོངས་ཚུལ་མི་འདྲ་བ་མང་དུ་མཆིས་ཏེ། དེ་དག་རེ་རེ་བཞིན་འཆད་པ་ལ། དེ་ཡང་བཅོམ་ལྡན་རིག་པའི་རལ་གྲིས་མཛད་པའི་གསོ་བ་རིག་པ་རྒྱན་གྱི་མེ་ཏོག་ལས། རྒྱུད་ལ་རྩ་རྒྱུད་བཤད་རྒྱུད་མན་ངག་རྒྱུད། །རྒྱུད་ཕྱི་ལ་སོགས་རྣམ་པ་གཞན་སྨྲ་བ། །དེ་ཀུན་བོད་ཀྱིས་བྱས་པའི་བསྟན་བཅོས་ཏེ། །ཞེས་བོད་ཀྱི་མཁས་པས་བརྩམས་པར་ཡིན་ཚུལ་གསལ་བར་བསྟན་མེད་དོ། །
       བོ་དོང་པཎ་ཆེན་ཕྱོགས་ལས་རྣམ་རྒྱལ་གྱིས། རྩ་བ་བཤད་པ་མན་ངག་ཕྱི་མའི་རྒྱུད། །འདི་དག་དྲང་སྲོང་ཆེན་པོའི་བཀའ་མ་ཡིན། །འཇམ་དབྱངས་སྤྲུལ་པ་གཡུ་ཐོག་མགོན་པོ་དང་། །རྫ་སྟོན་སྙེ་མོ་ཇོ་བཟུང་ལ་སོགས་ཀྱིས། །ཡང་དག་བཀའ་ལ་མོས་པའི་ཆེད་དུ་མཛད། །འགྲོ་ལ་ཕན་པའི་གསོ་དཔྱད་མིན་ནོ་ཞེས། །འདི་ལ་ཁོ་བོ་བསྐུར་བ་ཅང་མི་འདེབས། །ཞེས་དཔལ་ལྡན་རྒྱུད་བཞི་ནི་གཡུ་ཐོག་མགོན་པོ་དང་། རྫ་སྟོན་སྙེ་མོ་ཇོ་བཟུང་ཞེས་པ་སྟེ་སུམ་སྟོན་ཡེ་ཤེས་གཟུངས་སོགས་ཀྱིས་བཀལ་ལ་མོས་པ་རྣམས་ཀྱི་ངོར་བཀའ་ལྟར་བཅོས་ནས་མཛད་པར་བཞེད་དོ། །
       སྟག་ཚང་ལོ་ཙཱ་བས། བོད་སྨན་མཁས་པས་བྱས་པའི་རྒྱུད་བཞི་བསླབས། །ཞེས་རྒྱུད་བཞི་བོད་ཀྱི་སྨན་པ་མཁས་པས་མཛད་པའི་གཞུང་ཞིག་ཡིན་པར་ཞལ་གྱིས་བཞེས། འོན་ཀྱང་རྩོམ་པ་པོ་གང་ཡིན་གསལ་བར་བསྟན་མེད་དོ། །
       དཔའ་བོ་གཙུག་ལག་ཕྲེང་བས་རྗེ་ཕྲིན་ལས་ཞབས་ཀྱིས་གསུང་ལུང་དྲང་ནས་ཐུན་མོང་སྣང་ངོར་རྒྱུད་བཞི་གཡུ་ཐོག་གིས་མཛད་པར་ཞལ་གྱིས་བཞེས། འོན་ཀྱང་དག་པའི་སྣང་ངོར་གླེང་བཞིར་ཇི་ལྟར་བཤད་པ་ལྟར་སྣང་བ་ཡང་མི་འགལ་ལོ་ཞེས་གསུངས། །
       ཡང་ཁ་ཅིག་གིས་ནི་སྣང་ངོར། གྲ་པ་མངོན་ཤེས། དབུས་པ་དར་གྲགས། སྟོན་ཆེན་དཀོན་མཆོག་སྐྱབས་གསུམ་གྱིས་མཛད་པར་བཞེད། ཁ་ཅིག་གིས། སྟོན་ཆེན་དཀོན་མཆོག་སྐྱབས། གཡུ་ཐོག་པ་མཉམ་དུ་མཛད་པར་འདོད་ཅིང་། ལ་ལས་ནི་བེེ་རོ་ཙཱ་ནས་མཛད་ཟེར། གཞན་ཡང་ཁ་ཅིག་གིས་ཨོ་རྒྱན་པད་མས་མཛད་པ་དང་། རེ་འགས་ནི་ཨོ་རྒྱན་པདྨ་མ་དང་། ཁ་ཆེ་ཟླ་དགའ་དང་། བེེ་རོ་ཙ་ན་གསུམ་གྱིས་བྱས་ཟེར། ཁ་ཅིག་གིས་ནི་ཨོ་རྒྱན་པདྨ་མ་དང་བེེ་རོ་ཙ་ན་ནས་བསྒྱུར་ནས་དེ་འཕྲལ་བསམ་ཡས་ཀ་བ་བུམ་པ་ཅན་དུ་གཏེར་དུ་སྦས་ཟེར།  གོང་དུ་བསྟན་པ་ལྟར་མཁས་པ་མང་པོ་ཞིག་གིས་ནི་གཡུ་ཐོག་མགོན་པོའི་གསུང་ཡིན་པར་ཞལ་གྱིས་བཞེས།  དེའི་སྐོར་ད་དུང་འཆད་པར་བྱའོ། །
བཀའ་བསྟན་གཉིས་ཀར་བཞེད་ཚུལ།
       ཟུར་མཁར་བློ་གྲོས་རྒྱལ་པོས་ནི་ཕྱི་ལྟར་ན་སངས་རྒྱས་ཀྱི་བཀའ་དང་། ནང་ལྟར་ན་པཎྡི་ཏའི་བསྟན་བཅོས་དང་། གསང་བ་ལྟར་ན་བོད་ཀྱི་བསྟན་བཅོས་སུ་བཞེད་མོད། འོན་ཀྱང་ཁོང་གི་དགོངས་པ་མཐར་ཐུག་ནི་སྐྱེ་བོ་དོན་ལ་མི་དཔྱོད་ཅིང་ཚིག་ལ་རྟོག་པ་རྣམས་ཡིད་ཆེས་སྐྱེ་བའི་ཕྱིར། གཡུ་ཐོག་ཡོན་ཏན་མགོན་པོ་མཆོག་གིས་སངས་རྒྱས་ཀྱི་བཀའ་ཡིན་པ་ལྟར་བྱས་ནས་མཛད་པ་དེ་ཡིན་ནོ། །
       སོག་བཟློག་པ་བློ་གྲོས་རྒྱལ་མཚན་གྱིས་སངས་རྒྱས་སྨན་གྱི་བླ་མ་ཉིད་ནི་གཡུ་ཐོགམགོན་པོ་ཡིན་པར་འདོད་ཅིང་། སྟོན་པ་ཉིད་ཀྱིས་རང་གི་ཞིང་ཁམས་བེེཌརཱུ་ཡ་ལྟར་སྣང་བའི་གནས་སུ། གྲོང་ཁྱེར་ལྟ་ན་སྡུག་ཇི་སྐད་དུ་རྩ་རྒྱུད་དུ་བསྟན་པ་ལྟར་སྤྲུལ་ནས། དེར་ཉིད་ཀྱི་ཐུགས་དང་སྐུ་དང་ཡོན་ཏན་དང་འཕྲིན་ལས་ཀྱི་སྤྲུལ་བ་དྲང་སྲོང་རིག་པའི་ཡེ་ཤེས་རིགས་བཞི་དང་། གསུང་ལས་སྤྲུལ་བའི་དྲང་སྲོང་ཡིད་ལས་སྐྱེས་དྲི་བ་དྲི་ལན་གྱི་ཚུལ་དུ་གསུངས་པ་ཡིན་པར་འདོད། གངས་ཅན་གྱི་ཡུལ་དུ་འགྲོ་བའི་མགོན་པོ་གཡུ་ཐོག་ཞབས་ཀྱིས་སྔོན་གནས་རྗེས་དྲན་གྱི་ཚུལ་དུ་རྒྱུད་དོན་ལེགས་པར་མཁྱེན་ནས། རྒྱུད་འདི་ཉིད་ཡི་གེ་བཏབ་པར་བཞེད། རྒྱུ་མཚན་དེ་དག་ལ་བརྟེན་ནས་གཡུ་ཐོག་ཆེན་པོས་མཛད་པའི་རྒྱུད་བཞི་ནི་རྒྱལ་བའི་བཀའ་ཡིན་པར་འདོད། །
བཀའ་བསྟན་རྩོད་གླེང་རེ་ཞིག་ཞི་འཇམ་དུ་གྱུར་ཚུལ།
       རྒྱལ་དབང་སྐུ་ཕྲེང་ལྔ་པའི་བཞེད་པ་ནི་སུམ་སྟོན་ཡེ་ཤེས་གཟུངས་ཀྱི་དངོས་བསྟན་དང་གཅིག་མཚུངས་ཡིན་ནོ། སྡེ་སྲིད་སངས་རྒྱས་རྒྱ་མཚོས(1653-1705)གཡུ་ཐོག་རྙིང་མའི་རྣམ་ཐར་དུ་བཤད་པ་ལྟར་གཡུ་ཐོག་རྙིང་མ་དང་བེེ་རོ་ཙ་ན་གཉིས་རྒྱ་བལ་གྱི་ས་མཚམས་རི་ཀུན་ཏུ་རྒྱུར་ཕན་ཚུན་མཇལ་སྐབས། གཡུ་ཐོག་བོད་དུ་མ་སླེབས་བར་རྒྱུད་བཞི་གཏེར་དུ་མི་སྦ་བར་གསོལ་བ་བཏབ་ཚུལ་བཤད། འོན་ཀྱང་སླད་མར་གཡུ་ཐོག་གིས་བེེ་རོ་ནས་རྒྱུད་བཞི་ཞུས་ཡོད་མིན་སོགས་གསལ་བར་བསྟན་མེད་མོད། །མི་དབང་སྡེ་སྲིད་མཆོག་ནས་གོང་ས་ལྔ་པ་ཆེན་པོའི་བཞེད་པ་ལྟར་རྒྱུད་འདི་ཨོ་རྒྱན་གྱི་ཡུལ་དུ་གསུངས་པའི་བཀའ་ཡིན་པར་འདོད་མོད། གངས་ཅན་གྱི་ཡུལ་དུས་དང་མཚུངས་པའི་ཆོས་དུ་མ་ཞིག་དཔལ་ལྡན་རྒྱུད་དུ་སྣང་བ་འདི་དག་ནི་གཡུ་ཐོག་ཆེན་པོས་བསྣན་ཁ་མཛད་པར་ཞལ་གྱིས་བཞེས་པར་མཛད། །དེས་ན་སྡེ་སྲིད་མཆོག་གི་བཞེད་པ་ནི་ཕལ་ཆེར་བྱང་ལུགས་དང་མཚུངས་པ་གང་ཞིག་ལ། ཉིད་ཀྱི་ཐུན་མིན་གྱི་དགོངས་པ་ནི་གཡུ་ཐོག་གིས་རྒྱུད་བཞི་ལ་བསྣན་ཁ་མཛད་པ་དེ་ཡིན་མོད། གཞན་ཡང་སྡེ་སྲིད་མཆོག་ནི་གཡུ་ཐོག་རྙིང་མའི་སྐོར་ཁོག་འབུགས་སམ་གསོ་རིག་ཆོས་འབྱུང་ཁག་ནང་དུ་བཀོད་མཁན་ཐོག་མ་དེ་ཡིན་པར་སེམས་ཏེ། དེའི་གོང་དུ་བྱུང་བའི་གསོ་རིག་ཁོག་འབུགས་སམ་ཆོས་འབྱུང་ནང་དུ་བཤད་སྲོལ་དེ་ལྟར་མི་སྣང་བའི་ཕྱིར་རོ། །
       སྤྱི་ལོ༡༦༩༦ལོར། མི་དབང་སངས་རྒྱས་རྒྱ་མཚོ་མཆོག་གིས་ལྕགས་རི་བཻ་ཌཱུརྱའི་འགྲོ་ཕན་ལྟ་ན་ངོ་མཚར་རིག་བྱེད་གླིང་ཕྱག་བཏབ་པ་ནས་བཟུང་། མི་དབང་མཆོག་གིས་མཛད་པའི་ལྗགས་རྩོམ་རྣམས་ལྕགས་པོ་རིར་འཆད་ཉན་ཟམ་མ་ཆད་པར་བྱས་ཤིང་དཔར་དུ་བཏབ་པས། དཔེ་རྒྱུན་རྣམས་བོད་ཁམས་ཡོངས་སུ་དར་ཁྱབ་ཏུ་ཕྱིན་ནས་མི་དབང་མཆོག་གི་བཞེད་པ་རྣམས་མཁས་པ་མང་པོ་ཞིག་གིས་ཚད་མར་འཛིན་པའི་སྲོལ་འདི་དུས་ད་ལྟའི་བར་དུ་དར་ཁྱབ་དུ་ཕྱིནཅིང་། རྒྱུད་བཞིའི་འབྱུང་ཁུངས་སྐོར་གྱི་རྩོད་གླེང་རེ་ཞིག་བག་ལ་ཞ་བའི་ཚུལ་དུ་གྱུར་ཏོ། །
       ཀློང་རྡོལ་བློ་བཟང་ངག་དབང་གིས་ནི་གཡུ་ཐོག་རྙིང་མས་རྒྱུད་བཞི་མཛད་པར་བཞེད། དེང་སང་རང་རེ་རྣམས་ཀྱིས་མཇལ་དུ་ཡོད་པའི་རྒྱུད་བཞིའི་ནང་དུ་ཡན་ལག་བརྒྱད་པའི་སྙིང་བོ་བསྡུས་པའི་ནང་དོན་ཇི་སྙེད་ཅིག་ཡོད་པས། རྒྱུད་བཞི་ནི་སྙིང་པོ་བསྡུས་པ་བོད་སྐད་དུ་མ་བསྒྱུར་བའི་གོང་དུ་བྱུང་བའི་གཞུང་ཞིག་ཡིན་པར་སྒྲུབ་བྱེད་རྙེད་པར་དཀའ། ལྷག་པར་དུ་གཡུ་ཐོག་རྙིང་མ་ནི་རྒྱུད་བཞིའི་རྩོམ་པ་པོ་ཡིན་པའི་སྒྲུབ་བྱེད་དེ་བས་ཀྱང་རྙེད་པར་དཀའ་བས། ཁོ་བོས་བཤད་སྲོལ་དེ་ནི་ཁུངས་ལྡན་གྱི་ལེགས་བཤད་ཅིག་ཡིན་ནོ་ཞེས་བསྟོད་པར་མི་ཕོད་དོ། །
       འོན་ཀྱང་ཟུར་ལུགས་ཀྱི་མཁས་པ་སྤྱི་དང་ཡང་སྒོས་སུ་མདོ་ཁམས་ཀྱི་མཁས་པ་དུ་མ་ཞིག་གིས་མཁས་མཆོག་ཟུར་མཁར་བློ་གྲོས་རྒྱལ་པོའི་བཞེད་སྲོལ་མུ་མཐུན་རྒྱུད་འཛིན་བྱེད་ཀྱི་ཡོད་པར་སྣང་སྟེ། དེ་ཡང་སི་ཏུ་པཎ་ཆེན་ཆོས་ཀྱི་འབྱུང་གནས་ཞབས་ཀྱིས་རྒྱུད་བཞི་འདི་ནི་གཡུ་ཐོག་ཡོན་ཏན་མགོན་པོས་བོད་བསིལ་བའི་ཡུལ་ཆོས་དང་བསྟུན་ནས་གསུངས་པར་བཞེད་ཅིང་། སངས་རྒྱས་ཀྱི་བཀའ་ཡིན་པར་དགག་པར་མཛད། །
རྒྱ་ནག་ནས་བྱུང་བར་འདོད།
       མཁས་པ་རེ་ཟུང་གིས་རྒྱ་ནག་ནས་བྱུང་བར་འདོད་དེ། དེ་ཡང་ཟུར་མཁར་བ་བློ་གྲོས་རྒྱལ་པོས། ཡང་ཁ་ཅིག་ན་རེ། པད་མ་བཀའི་ཐང་ཡིག་ཨོ་རྒྱན་གླིང་པའི་གཏེར་མ་ལས། རྒྱ་ནག་སྨན་པ་ཧ་ཤང་ཡ་ན་དང་། བོད་ཀྱི་སྨན་པ་བཙན་པ་ཤི་ལ་ཧས། །བདུད་རྩི་སྙིང་པོ་གསང་བ་མན་ངག་རྒྱུད། །ལེའུ་བརྒྱ་དང་ལྔ་བཅུ་དྲུག་པ་བསྒྱུར། །ཞེས་བཤད་པ་ལྟར་ན་རྒྱ་ནག་བརྒྱུད་ནས་འགྱུར་བར་འདོད་ཅེས་གསུངས། འདིར་དཔྱད་དགོས་པ་ཞིག་ནི་གསོ་རིག་ལོ་རྒྱུས་ཀྱི་ཡིག་ཆ་ཕལ་མོ་ཆེའི་ནང་དུ་བཙན་པ་ཤི་ལ་ཧ་ནི་ཁྲོམ་གྱི་ཡུལ་ནས་བྱུང་བར་བཤད་པ་ལས། གཉུག་མར་གནས་པའི་བོད་ཀྱི་སྨན་པ་ཡིན་པར་མ་བཤད་ཅིང་། ལྷག་པར་དུ་རྒྱུད་བཞིའི་བརྗོད་བྱ་རྗོད་བྱེད་གང་ལ་གཞིགས་ན་ཡང་། རྒྱ་ནག་ནས་བྱུང་བའི་སྨན་གཞུང་ཞིག་མིན་པར་ཤིན་ཏུ་གསལ་བས། ཁུངས་ལྡན་གྱི་གཏམ་ཞིག་མིན་པར་ཤིན་ཏུ་གསལ། །
       ཐུབ་བཀྭན་བློ་བཟང་ཆོས་ཀྱི་ཉི་མས། བོད་ཀྱི་སྨན་གྱི་རྒྱུད་བཞི་ཡང་ཐོག་མའི་འབྱུང་ཁུངས་རྒྱ་ནས་བྱུང་བར་སེམས་ཏེ། དེར་འབྱུང་བ་ལྔ་རྒྱ་གར་ལུགས་ལྟར་ས་ཆུ་མེ་ལོང་ནམ་མཁའ་ཞེས་མི་བརྩི་བར། ཤིང་མེ་ས་ལྕགས་ཆུ་ཞེས་བརྩི་བ་དང་། འཕར་རྩ་ལ་ཚོན་དང་། ཀན་དང་། ཆག་ཅེས་བྱུང་བའང་རྒྱ་སྐད་ལ་ཚུན་བཀྭན་ཋི་ཞེས་པ་སྐད་ཟུར་ཇི་བཞིན་མ་ཐོན་པ་ཡིན་པར་མངོན་པས་སོ། །ཞེས་བཤད། གཏམ་འདི་ལྟ་བུ་ནི་རྩོམ་པ་པོས་རྒྱུད་བཞིའི་དབུ་ནས་ཞབས་པར་ལེགས་པར་མ་གཟིགས་པའི་སྐྱོན་དུ་ཟད་པས། གལ་ཏེ་ཐུབ་བཀྭན་རིན་པོ་ཆེ་ད་ལྟར་བཞུགས་ཡོད་ན། ཕྲན་ནས་རྒྱུད་བཞི་ལེགས་པར་གཟིགས་ཤིག་ཅེས་གྲོས་མགོ་འདོན་རྒྱུ་ཙམ་ལས་གཞན་བཤད་དགོས་པར་མི་སྣང་ངོ་། །
འབུམ་བཞི་ནས་བྱུང་བར་འདོད།
       སྤྱིར་བོན་ལུགས་ལྟར་ན། དཔལ་ལྡན་རྒྱུད་བཞི་གང་ལས་འབྱུང་བའི་ཁུངས་ནི་འབུམ་བཞི་ཡིན་པར་འདོད་མཁན་ཡོད་ཅིང་། དེང་སང་གསོ་རིག་སྨྲ་བའི་ཁྲོད་དུ་བཤད་སྲོལ་དེ་ཉིད་རྨད་དུ་བྱུང་བའི་ལེགས་བཤད་ཅིག་ཏུ་བརྩི་མཁན་ཇེ་མང་དུ་འགྲོ་བཞིན་ཡོད་པས་སྣང་།
       དེ་ཡང་འབུམ་བཞི་ལ་དབྱེ་ན་གསོ་རིག་རྩ་བ་ཐུགས་འབུམ་མཁའ་སྔོན་དང་། གསོ་བྱའི་སྨན་འབུམ་དཀར་པོ། གསོ་བྱེད་དཔྱད་འབུམ་ཁྲ་བོ། གསོ་བྱེད་ནད་འབུམ་ནག་པོ་སྟེ་བཞི་ཡོད། འབུམ་སོ་སོའི་སྐབས་སུ་གཞུང་དེ་དག་གང་ལས་འབྱུང་བའི་ཁུངས་ཅུང་མི་འདྲ་བ་སྣང་། སྨན་འབུམ་དཀར་པོ་ལས། རི་གཡུང་དྲུང་དགུ་བརྩེགས་ཀྱི་རྩ་བ་ལ། །དཔྱད་བུ་ལ་སོགས་འཚོ་བཞིན་རྣམས་ཀྱི་དོན་ལ་གཏན་ལ་ཕབ་པའོ། །རྟེན་འབྲེལ་འགྲིག་པའི་དུས་སུ་བསམ་ཡས་རྩེ་ན། བན་དྷེ་མི་གསུམ་གྱིས་བཏོན་པའོ། །དེ་ནས་ལྷ་རྗེ་གཡུའ་ཐོག་པས་ཞུས་སྷོ། །ཞེས་ཟེར་བ་ལྟར་ན། འབུམ་བཞི་ལ་བརྟེན་ནས་རྒྱུད་བཞི་བྱུང་བར་ཤུགས་ལས་བསྟན་པར་སྣང་། །
       གཞན་ཡང་བོན་གྱི་མཁས་པ་ཁ་ཅིག་གིས་འབུམ་བཞི་བཟོ་བཅོས་བྱས་ནས་རྒྱུད་བཞི་བརྩམས་པ་ཡིན་ཞེས་དངོས་སུ་བཤད་ཀྱི་ཡོད་ཚོད་ཀྱང་འདུག། འོན་ཀྱང་བློ་གཟུ་བུར་གནས་ནས་བཤད་ན། བཤད་སྲོལ་འདི་ནི་ལུང་རིགས་དང་མཐུན་པ་ཞིག་མི་སྣང་བས། དེའི་སྐོར་འོག་ཏུ་ད་དུང་འཆད་པར་བྱའོ། །
བོད་ཀྱི་དེང་རབས་མཁས་པས་དཔལ་ལྡན་རྒྱུད་བཞིའི་འབྱུང་ཁུངས་སྐོར་གླེང་བ།
       མཁས་དབང་བྱམས་པ་འཕྲིན་ལས་མཆོག་གིས་དཔལ་ལྡན་རྒྱུད་བཞི་ནི་གཡུ་ཐོག་རྙིང་མ་ཡོན་ཏན་མགོན་པོས་མཛད་པར་བཞེད། དེང་སང་གི་གསོ་རིག་སྨྲ་བ་ཕལ་མོ་ཆེས་བཞེད་སྲོལ་འདི་ནི་ཚད་མ་ཞིག་ཏུ་བརྩི་སྲོལ་སྣང་། བདག་གི་དྲིན་ཅན་རྩ་བའི་བླ་མ་མཁས་མཆོག་ཁྲོ་རུ་ཚེ་རྣམ་རིན་པོ་ཆེ་ཞབས་ཀྱིས་གཡུ་ཐོག་རྙིང་མས་བདུད་རྩི་སྙིང་པོ་གསང་བ་མན་ངག་གི་རྒྱུད་རྩོམ་སྒྲིག་ཞེས་པར་བཞེད་ཅིང་། གཡུ་ཐོག་གསར་མས་བདུད་རྩི་སྙིང་པོ་གསང་བ་མན་ངག་རྒྱུད་རྩ་བར་བཟུང་ནས་བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་དམ་དཔལ་ལྡན་རྒྱུད་བཞི་རྩོམ་སྒྲིག་གནང་བར་བཞེད།
       གསུང་སྲོལ་འདི་དག་ནི་དགོས་པ་ཁྱད་པར་ཅན་ཅན་ཞིག་ལ་དམིགས་ནས་གསུང་པ་ཙམ་ལས། ཁོང་རྣམ་པའི་བཞེད་པ་མཐར་ཐུག་ཡིན་པར་མི་སྣང་བས། ལེགས་པར་བརྟག་ནས་གོ་བ་ལེན་དགོས་སྙམ། །
       འཛམ་གླིང་ཐོག་སྙན་གྲགས་ཆེ་བའི་བོད་ཀྱི་མཁས་དབང་ནམ་མཁའི་ནོར་བུ་མཆོག་གིས་གསོ་རིག་འབུམ་བཞི་བཟོ་བཅོས་བྱེད་པ་ལ་བརྟེན་ནས་རྒྱུད་བཞི་བྱུང་ཡོད་པར་ངོས་འཛིན་གནང་གི་ཡོད། དེ་ནི་ཁོང་གིས་བོད་ཀྱི་གསོ་རིག་ལོ་རྒྱུས་ཡུན་རིང་ཡོད་པར་མཚོན་བྱེད་དུ་གསུངས་པའི་དགོངས་པ་ཅན་གྱི་གསུང་ཞིག་ལས། མཁས་པ་ཆེན་པོ་མཆོག་གི་མཐར་ཐུག་གི་དགོངས་པ་ཡིན་པར་མི་སྲིད། གང་ལེགས་ཞེ་ན་དེང་སང་རང་རེ་རྣམས་ཀྱིས་མཇལ་དུ་ཡོད་པའི་འབུམ་བཞི་དང་རྒྱུད་བཞི་གཉིས་ཀའི་ནང་དུ་ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པའི་ནང་དོན་ཇི་སྙེད་ཅིག་ཡོད་པ་དེས་གཞུང་དེ་གཉིས་ཀ་དུས་རབས་བཅུ་གཅིག་པའི་རྗེས་སུ་བྱུང་བར་ར་སྤྲོད་བྱེད་ནུས་པས། ད་ལྟའི་འབུམ་བཞི་ཞེས་པ་དེ་མི་ལོ་སྟོང་ཕྲག་དུ་མའི་གོང་དུ་བྱོན་པར་གྲགས་པའི་གཤེན་རབ་ཀྱི་གསུང་ཞིག་མིན་པར་ཤིན་ཏུ་གསལ། གཞན་ཡང་རྒྱུད་བཞི་གཡུ་ཐོག་ཆེན་པོའི་རྣམ་དཔྱོད་ཀྱི་རྩལ་ལས་འཁྲུངས་པའི་གཞུང་ཞིག་ཡིན་པར་སྒྲུབ་བྱེད་འོག་ཏུ་འགོད་རྒྱུ་ཡོད་པས། རྒྱུད་བཞིའི་ཁུངས་ནི་འབུམ་བཞི་ཡིན་པར་སྒྲུབ་པར་དཀའ། དེང་སང་གསུང་སྲོལ་འདི་ཡི་རྗེས་སུ་འབྲང་མཁན་མང་དུ་མཐོང་ཡང་། རེ་རེ་བཞིན་དགག་པའི་དགོས་པ་མ་མཐོང་བས། རེ་ཞིག་དེ་ཙམ་གྱིས་འཐུས་པར་བྱས། །
       རྒྱ་རིགས་ཀྱི་མཁས་པ་ཚེ་ཅིང་ཧྥིང་སོགས་ཀྱིས་རྒྱ་སྐད་དུ་བྲིས་པའི་བོད་ཀྱི་གསོ་རིག་ལོ་རྒྱུས་སྐོར་གྱི་བསྟན་བཅོས་ཁ་ཤས་མཆིས་ཀྱང་། རྒྱུད་བཞི་སྐོར་ནི་མཁས་དབང་བྱམས་པ་འཕྲིན་ལས་ཀྱི་བཞེད་པ་རྗེས་བཟློས་ཙམ་ལས། རང་གི་ཐུན་མོང་མིན་པའི་ལྟ་བ་གང་ཡང་མ་མཐོང་བས། སྐབས་འདིར་དཔྱད་པའི་ངལ་བ་མ་བྱས་སོ། །
རྒྱལ་སྤྱིའི་མཁས་པས་དཔལ་ལྡན་རྒྱུད་བཞིའི་འབྱུང་ཁུངས་སྐོར་བཤད་པ།
       སྤྱི་ལོ༡༨༣༥ལོར་ཨེ་ལི་ཁེ་རྫན་རྡིར(Alexander Cso-ma da Koros)ནས་རྒྱུད་བཞིའི་སྐོར་དཔྱད་རྩོམ་སྤེལ་བ་ནས་བཟུང་། ཡོ་རོབ་དང་རྒྱ་གར་སོགས་ནས་བྱུང་བའི་ཕྱི་རྒྱལ་མཁས་པ་མང་པོས་རྒྱུད་བཞིའི་འབྱུང་ཁུངས་སྐོར་ལ་ཞིབ་འཇུག་ཅི་རིགས་པར་བྱས་ཡོད། དེ་ཡང་བོད་ཀྱི་གནའ་བོའི་མཁས་པ་རྣམས་དང་འདྲ་བར། མཁས་པ་ཁག་ཅིག་གིས་ནི་རྒྱུད་བཞི་ནི་ལེགས་སྦྱར་སྐད་ནས་བསྒྱུར་བའི་གཞུང་ཞིག་ཡིན་པར་འདོད་པ་དང་། མཁས་པ་གཞན་དག་གིས་ནི་བོད་ཀྱི་མཁས་པས་བརྩམས་པའི་བསྟན་བཅོས་སུ་འདོད་དོ། །
       ཨེ་ལི་ཁེ་རྫན་རྡིར་གྱི་བཤད་ཚུལ་ལྟར་ན།  དུས་རབས་བརྒྱད་པའམ་དགུ་པའི་དུས་སུ། བེེ་རོ་ཙ་ནས་རྒྱུད་བཞི་ལེགས་སྦྱར་སྐད་ནས་བོད་སྐད་དུ་བསྒྱུར་ཞིང་། དེ་ནས་གཡུ་ཐོག་རྙིང་མའི་ཕྱག་ལ་བབས་ཤིང་། སླད་མར་གཡུ་ཐོག་གསར་མས་རྒྱུད་དེ་ཉིད་ལེགས་བཅོས་དང་ཁྱབ་སྤེལ་བཏང་བར་འདོད། དེ་ནི་སྡེ་སྲིད་ཀྱི་བཞེད་པ་དང་དང་ཕལ་ཆེར་མཚུངས་པ་ཡིན་ནོ། །
       དེང་རབས་རྒྱ་གར་གྱི་མཁས་པ་ལོ་ཀ་ཤ་ཙནྡྲ(Lokesh Chanda)གྱིས་རྒྱུད་བཞི་ནི་རྒྱ་གར་གྱི་མཁས་པ་ཙནྡྲ་ནནྡྲན་ཞེས་པས་བརྩམས་པར་འདོད་ཅིང་། དུས་རབས་བརྒྱད་པའི་དུས་སུ་བོད་སྐད་དུ་བསྒྱུར་ཞེས་ཟེར། འོན་ཀྱང་ཁོ་རང་གིས་སྒྲུབ་བྱེད་གང་ཡང་བཀོད་མེད། བྷ་ག་ཝན་ཏ་ཤ(Bhagwan Dash)ཞེས་པ་ནི་དེང་སང་རྒྱ་གར་གྱི་ཚེ་ཡི་རིག་བྱེད་ཀྱི་གྲགས་ཅན་མཁས་པ་ཡིན་ཞིང་། རང་གིས་ཡན་ལག་བརྒྱད་པ་དང་འབྲེལ་བ་ཆེ་བའི་རྒྱུད་ཚིག་ཁག་གཅིག་ལ་བརྟེན་ནས་རྒྱུད་བཞི་ནི་རྒྱ་གར་ནས་བྱུང་བའི་གཞུང་ཞིག་ཡིན་པར་ཁ་ཚོན་བཅད། ནུབ་ཕྱོགས་སུ་བཤད་སྲོལ་དེ་དག་གི་རྗེས་སུ་འབྲང་མཁན་ཁ་ཤས་མཆིས་ཀྱང་ཡིག་ཚོགས་ལ་འཇིགས་ནས་འདིར་ཞིབ་པར་མ་བཀོད་དོ། །
       སྤྱི་ལོ༡༩༧༣ལོར། རས་ཆུང་རིན་པོ་ཆེ་འཇམ་དཔལ་བསྐལ་བཟང་ནས་གཡུ་ཐོག་རྙིང་མའི་རྣམ་ཐར་དབྱིན་ཡིག་ཏུ་བསྒྱུར་བ་ནས་བཟུང་། དཔལ་ལྡན་རྒྱུད་བཞི་གཡུ་ཐོག་རྙིང་མ་དང་འབྲེལ་བ་བྱུང་ཚུལ་གྱི་བཤད་སྲོལ་ནུབ་ཕྱོགས་བོད་རིག་པ་སྨྲ་བའི་ཁྲོད་དུ་རླུང་ལྟར་གྲགས། །
       ཨེམ་རིག་ཁེ(R.H.Emmerick)ནི་འཇར་མན་གྱི་གྲགས་ཅན་བོད་རིག་པ་སྨྲ་བ་ཞིག་ཡིན་ཞིང་། ཁོང་གིས་རྒྱུད་ཀྱི་ལེའུ་ཁ་ཤས་ཤིག་དང་ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པ་བར་གོ་བསྡུར་བྱས་ནས་དབྱིན་སྐད་དུ་བསྒྱུར་ཞིང་གཞུང་འདི་གཉིས་དབར་འདྲ་པོ་ཡོད་པར་གསལ་བཤད་གནང་ཡོད། ལྷག་པར་ཁོང་གིས་མཛད་པའི་རྒྱུད་བཞིའི་འབྱུང་ཁུངས་སྐོར་གྱི་ཆེད་རྩོམ་ནང་དུ་དཔལ་ལྡན་རྒྱུད་བཞིའི་ནང་དུ་རྒྱ་ནག་གསོ་རིག་གི་ནང་དོན་ཁག་གཅིག་ཡོད་པར་ཁས་ལེན་བྱས་ཤིང་། རྒྱུ་མཚན་དེ་ལ་བརྟེན་ནས་རྒྱུད་བཞི་ནི་བོད་དུ་བརྩམས་པའི་བསྟན་བཅོས་ཤིག་ཡིན་པར་ཁས་ལེན་གནང་ཞིང་། རྒྱ་གར་ནས་བསྒྱུར་བའི་གཞུང་ཞིག་ཡིན་པའི་བཤད་སྲོལ་ལ་དགག་པར་མཛད། །
       གཞན་ཡང་ཁོང་གིས་གཡུ་ཐོག་རྙིང་མའི་རྣམ་ཐར་ཞེས་པ་དེ་ཉིད་ཁུངས་ལྡན་གྱི་གསོ་རིག་ལོ་རྒྱུས་ཡིག་ཆ་ཞིག་ཡིན་པར་བརྩིས་ནས། རྒྱུད་བཞི་གཡུ་ཐོག་རྙིང་མ་དང་འབྲེལ་བ་ཡོད་ཤག་བྱས། ཁོང་གིས་རྒྱུད་ཀྱི་ནང་དུ་ཡན་ལག་བརྒྱད་པའི་ནང་དོན་ཇི་རྙེད་ཅིག་ཡོད་པར་མངོན་སུམ་དུ་མཐོང་དུས། རྒྱུད་བཞི་དང་ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པའི་བར་འབྲེལ་བ་དམ་ཟབ་ཡོད་པར་བསྒྲུབ་པའི་ཆེད་དུ། ལོ་ཆེན་རིན་ཆེན་བཟང་པོ་གཉིས་ཡོད་པར་ངོས་འཛིན་བྱས་ཤིང་། གཅིག་གིས་དུས་རབས་བརྒྱད་པའི་སྐབས་སུ་ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པ་བོད་སྐད་བསྒྱུར་བ་དང་། ཅིག་ཤོས་ཀྱིས་དུས་རབས་བཅུ་གཅིག་གི་ནང་དུ་ཟླ་ཟེར་བསྒྱུར་ཡོད་པར་ཚོད་དཔག་བྱས་ཡོད།་དེ་ནི་བོད་ཀྱི་རྒྱལ་རབས་ལོ་རྒྱུས་གང་དུའང་མ་འཁོད་པའི་ཁུངས་མེད་ཀྱི་གཏམ་ཞིག་ཡིན་པས། བོད་ཀྱི་ལོ་རྒྱུས་སྨྲ་བ་སུ་ཞིག་གིས་ཀྱང་ཁས་ལེན་བྱ་ཐབས་མེད། ལྷག་པར་དུ་གཡུ་ཐོག་རྙིང་མའི་རྣམ་ཐར་ཞེས་པ་དེ་ཁུངས་ལྡན་གྱི་ལོ་རྒྱུས་ཡིག་ཆ་ཞིག་ཡིན་པའི་སྒྲུབ་བྱེད་མ་མཐོང་བས། རྒྱུད་བཞི་དང་གཡུ་ཐོག་རྙིང་མ་དབར་འབྲེལ་བ་དམ་ཟབ་ཡོད་པ་ཡང་ཤིན་ཏུ་སྒྲུབ་པར་དཀའ་འོ་སྙམ། །
རང་གི་འདོད་ཚུལ་རྩལ་དུ་བཏོན་ནས་འཆད་པ།
       རང་གི་འདོད་ཚུལ་རྩལ་དུ་བཏོན་ནས་འཆད་པ་ལ་ནང་དོན་ས་བཅད་གཉིས་ཏེ། དང་པོ་གསོ་རིག་ལོ་རྒྱུས་ཡིག་ཆ་ལ་དཔྱད་ནས་རྒྱུད་བཞིའི་འབྱུང་ཁུངས་བསྟན་པ་དང་། གཉིས་པ་དཔལ་ལྡན་རྒྱུད་བཞིའི་བརྗོད་བྱ་ལ་བརྟག་ནས་གང་ལས་འབྱུང་བའི་ཁུངས་དང་རྩོམ་པ་པོ་བསྟན་པ་གཉིས་སོ། །
       དང་པོ་གསོ་རིག་ལོ་རྒྱས་ཡིག་ཆ་ལ་དཔྱད་ནས་རྒྱུད་བཞིའི་འབྱུང་ཁུངས་བསྟན་པ་ལ། གོང་དུ་བསྟན་པ་ལྟར་དཔལ་ལྡན་རྒྱུད་ཀྱི་རྒྱལ་པོ་འདི་ཉིད་རྒྱལ་བའི་བཀའ་དང་། མཁས་པའི་བསྟན་བཅོས། བཀའ་བསྟན་གཉིས་ཀར་འདོད་པ་དང་། རྒྱ་ནག་ནས་བྱུང་བ་དང་། འབུམ་བཞི་ནས་བྱུང་བ་སོགས་བཞེད་པ་མི་འདྲ་སྣ་ཚོགས་ཡོད་པ་ལས། སངས་རྒྱས་སྨན་གྱི་བླ་མའི་གསུང་དངོས་མིན་པ་ནི་ཤིན་ཏུ་གསལ་བས་འདིར་དགག་པའི་དགོས་པ་མ་མཐོང་ངོ་། ། 
       བཅོམ་ལྡན་རིག་པའི་རལ་གྲི་དང་། བོ་དོང་པཎ་ཆེན་ཕྱོགས་ལས་རྣམ་རྒྱལ། སྟག་ཚང་ལོ་ཙཱ་བ་ཤེས་རབ་རིན་ཆེན། པཎ་ཆེན་ཤཱཀྱ་མཆོག་ལྡན། དཔའ་བོ་གཙུག་ལག་ཕྲེང་བ། ཟུར་མཁར་བློ་གྲོས་རྒྱལ་པོ། སི་ཏུ་པཎ་ཆེན་ཆོས་ཀྱི་འབྱུང་གནས་སོགས་བོད་གངས་ཅན་གྱི་ཚད་ལྡན་མཁས་པ་དུ་མས་རྒྱུད་བཞི་ནི་བོད་ཀྱི་མཁས་པས་བརྩམས་པའི་བསྟན་བཅོས་ཡིན་པར་བཞེད་པ་ལྟར། དཔལ་ལྡན་རྒྱུད་ཀྱི་རྒྱལ་བོ་འདི་ཉིད་རྒྱ་དཀར་ནག་གང་རུང་ཞིག་ལས་གཞུང་ཞིག་མིན་པར་ཤིན་ཏུ་གསལ་བས། འདི་ནི་བོད་གངས་ཅན་གྱི་མཁས་པའི་རྣམ་དཔྱོད་ཀྱི་རྩལ་ལས་འཁྲུངས་པའི་ལེགས་བཤད་ཕུལ་དུ་བྱུང་བ་ཞིག་ཡིན་པ་ནི་ཐེ་ཚོམ་མེད་དོ། །
       འོ་ན་གཞུང་ཆེན་པོ་འདི་ཉིད་བོད་ཀྱི་མཁས་པ་སུས་བརྩམས་པ་ཡིན་ནམ་སྙམ་ན། དེ་ཡང་ཇི་སྐད་དུ། སུམ་སྟོན་ཆེན་པོས། མཁས་པ་གཡུ་ཐོག་མགོན་པོ་དེ། །རིག་པའི་ཡེ་ཤེས་ལགས་པ་འདྲ། །དངོས་རང་ཡིད་ལས་སྐྱེས་སམ་སྙམ། །ཞེས་པ་འདིས་རྒྱུད་ནང་དུ་བསྟན་པའི་དྲང་སྲོང་རིག་པའི་ཡེ་ཤེས་ནི་གཡུ་ཐོག་མགོན་པོ་དང་། ཡིད་ལས་སྐྱེས་ནི་སུམ་སྟོན་ཡེ་ཤེས་གཟུངས་ཡིན་པར་ཤུགས་ལས་བསྟན་པས། རྒྱུད་འདི་ནི་གཡུ་ཐོག་མགོན་པོ་དང་སུམ་སྟོན་ཡེ་ཤེས་གཟུངས་གཉིས་ཀྱིས་དྲི་བ་དྲི་ལན་གྱི་ཚུལ་དུ་གསུངས་པ་ཡིན་ཞེས་ཤུགས་བསྟན་གྱི་ཚུལ་དུ་བསྟན་པས། དཔལ་ལྡན་རྒྱུད་ཀྱི་རྒྱལ་བོ་ཆེན་པོ་འདི་ཉིད་མཛད་པ་པོ་དངོས་ནི་གཡུ་ཐོག་མགོན་པོ་དང་། གཞུང་འདི་ཉིད་བསྡུ་བ་པོ་ནི་སུམ་སྟོན་ཡེ་ཤེས་གཟུངས་ཡིན་པར་ཐེ་ཚོམ་མེད་དོ་སྙམ། དེའི་སྐོར་གྱི་སྒྲུབ་བྱེད་འོག་ཏུ་ད་དུང་འགོད་པར་བྱའོ། །
       དཔལ་ལྡན་རྒྱུད་བཞི་ནི་ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པ་བོད་སྐད་བསྒྱུར་ཟིན་པའི་རྗེས་ཀྱི་གཞུང་ཡིན་པར་ཤིན་ཏུ་གསལ་བས། གཡུ་ཐོག་རྙིང་མའམ་བེེ་རོ་ཙ་ན་སོགས་གསོ་དཔྱད་སྔ་དར་སྐབས་ཀྱི་མཁས་པ་རྣམས་ནི་གཞུང་འདིའི་རྩོམ་པ་པོ་ཡིན་པར་མི་སྲིད། ལྷག་པར་དུ་གཡུ་ཐོག་རྙིང་མ་ཞེས་པ་ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་གྱི་བླ་སྨན་ཡིན་པ་དང་། རྒྱུད་བཞིའི་རྩོམ་པ་པོ་ཡིན་ཚུལ་ནི་དུས་རབས་བཅུ་བདུན་གོང་གི་གྲགས་ཆེ་བའི་ཁོག་དབུབ་བྲང་ཏིའི་ཤེས་བྱ་རབ་གསལ། ཟུར་མཁར་བའི་གཏན་པ་མེད་པའི་མཆོད་སྦྱིན་ལྟ་བུ་དང་། དཔའ་བོ་གཙུག་ལག་ཕྲེང་བས་མཛད་པའི་མཁས་པའི་དགའ་སྟོན་ལྟ་བུ་ཚད་ལྡན་གྱི་ཆོས་འབྱུང་སོགས་སུ་ཟུར་ཙམ་ཡང་མི་སྣང་བས། ཁོ་བོ་ནི་ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་གྱི་བླ་སྨན་གཡུ་ཐོག་རྙིང་མས་རྒྱུད་བཞི་མཛད་ཅེས་མགྲིན་པ་གཟེངས་སུ་བཏེགས་ནས་སྨྲ་བའི་སྤོབས་པ་མེད་དོ། །
       དེང་སང་རང་རེ་རྣམས་ཀྱིས་མཇལ་དུ་ཡོད་པའི་གཡུ་ཐོག་རྙིང་མ་ཡོན་ཏན་མགོན་པོའི་རྣམ་ཐར་བཀའ་རྒྱ་མ་གཟི་བརྗིད་རིན་པོ་ཆེའི་གཏེར་མཛོད་ཅེས་པ་འདི་ནི་ཞུས་དག་དང་ཤིང་དཔར་བརྐོ་མཁན་ནི་དར་མོ་སྨན་རམས་པ་བློ་བཟང་ཆོས་གྲགས་ཡིན་པ་དང་། ཡི་གེ་པ་ནི་ཁོང་གི་སློབ་བུ་ལ་ར་བ་བློ་བཟང་དོན་ལྡན་དང་མེར་མོ་བློ་གྲོས་ཆོས་འཕེལ་ཡིན་པར་བཤད། ཚིག་དོན་གང་ལ་བརྟག་ཀྱང་འདི་ནི་བཙན་པོའི་དུས་སུ་བྱུང་བའི་ཡིག་ཆ་ཞིག་ཡིན་པར་མི་སྣང་བས། རྣམ་ཐར་འདི་ལ་བརྟེན་ནས་ཕྲན་ལྟ་བུའི་བློ་གྲོས་དམན་པའི་གང་ཟག་ཞིག་གིས་ནི་གཡུ་ཐོག་རྙིང་མ་ཞེས་པའི་མཁས་ཤིང་གྲུབ་པ་བརྙེས་པའི་སྨན་པ་མཁས་པ་ཞིག་ཕེབས་ཡོད་པའི་གཏན་ཚིགས་དང་། དེས་རྒྱུད་བཞི་བརྩམས་ཡོད་པའི་ཁུངས་ཀྱང་མ་རྙེད་དོ། །
       གཉིས་པ་ནི། དེ་ཡང་དཔལ་ལྡན་རྒྱུད་བཞིའི་ཚིག་དོན་ལ་བརྟག་ཅིང་དཔྱད་ན། རྒྱུད་བཞི་གང་ལས་འབྱུང་བའི་ཁུངས་གལ་ཆེ་ཤོས་གཉིས་ཙམ་ཡོད་པར་སྣང་སྟེ། གཅིག་ནི་གསོ་དཔྱད་སྔ་དར་སྟེ་བོད་ཀྱི་གསོ་དཔྱད་ཀྱི་བསྟན་པ་དབུ་བརྙེས་པ་ནས་ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པ་བོད་སྐད་དུ་མ་བསྒྱུར་བའི་གོང་དུ་བྱུང་བའི་གཞུང་ལུགས་ཁག་དང་། ཅིག་ཤོས་ནི་དུས་རབས་བཅུ་གཅིག་གི་དུས་མགོར་བོད་སྐད་དུ་བསྒྱུར་བའི་ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པ་ཡིན་མོད།  གསོ་དཔྱད་སྔ་དར་སྐབས་སུ་བྱུང་བའི་གཞུང་མང་པོ་ཞིག་གི་དཔེ་རྒྱུན་ནུབ་ཟིན་པས། གཞུང་དེ་དག་དང་རྒྱུད་བཞིའི་བར་གྱི་འབྲེལ་བ་ཤིན་ཏུ་གསལ་བ་ཞིག་་ནི་བཤད་པར་དཀའ་ཡང་། དེང་སང་རང་རེ་རྣམས་ཀྱིས་མཇལ་དུ་ཡོད་པའི་གཞུང་རྙིང་པ་བྱང་ཁོག་དམར་བྱང་གསལ་བའི་སྒྲོན་མེ་དང་། བི་ཇིའི་པོ་ཏི་ཁ་སེར། སྨན་དཔྱད་ཟླ་བའི་རྒྱལ་པོ་སོགས་དང་རྒྱུད་བཞིའི་དབར་བསྡུར་བ་བྱེད་སྐབས། རྒྱུད་བཞི་སྤྱི་དང་། ལྷག་པར་དུ་མན་རྒྱུད་དང་ཕྱི་རྒྱུད་ཀྱི་ལེའུ་དུ་མ་ཞིག་ནི་གོང་སྨྲོས་གཞུང་དེ་དག་ལས་བྱུང་བ་ཤིན་ཏུ་གསལ་བས། གསོ་དཔྱད་སྔ་དར་སྐབས་ཀྱི་གཞུང་ལུགས་ཁག་ནི་དཔལ་ལྡན་རྒྱུད་བཞིའི་འབྱུང་ཁུངས་ཤིན་ཏུ་གལ་ཆེ་བ་ཞིག་ཡིན་པར་ཐེ་ཚོམ་མེད་དོ་སྙམ། །
       རྒྱུད་བཞི་དང་ཡན་ལག་བརྒྱུད་པའི་སྙིང་པོ་བསྡུས་པའི་བར་བསྡུར་བ་བྱེད་སྐབས།  བཤད་རྒྱུད་རྒྱུད་ཚིག་དངོས་ཀྱི་བཞི་ཆ་གཅིག་ཙམ་ཡན་ལག་བརྒྱད་པ་དང་མཚུངས་ཤིང་། མན་རྒྱུད་རྒྱུད་ཚིག་དངོས་ཀྱི་བརྒྱ་ཆ་བདུན་ཙམ་དང་། ཕྱི་རྒྱུད་རྒྱུད་ཚིག་དངོས་ཀྱི་བརྒྱ་ཆ་གསུམ་ཙམ་ཡན་ལག་བརྒྱད་པ་དང་འདྲ་ལ། རྒྱུད་བཞི་ཁྱོན་ཡོངས་ཀྱི་བརྒྱ་ཆ་བཅོ་ལྔ་ཙམ་ཡན་ལག་བརྒྱད་པ་དང་མཚུངས། རྒྱུ་མཚན་དེ་དག་ལ་བརྟེན་ནས། ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པ་ནི་དཔལ་ལྡན་རྒྱུད་བཞི་གང་ལས་འབྱུང་བའི་ཁུངས་གལ་ཆེ་བ་གཞན་ཞིག་ཡིན་ཞེས་ཁ་ཚོན་གཅོད་ཐུབ་པ་མ་ཟད། ད་ལྟ་རང་རེ་རྣམས་ཀྱིས་སྤྱོད་བཞིན་པའི་དཔལ་ལྡན་རྒྱུད་བཞི་ནིདུས་རབས་བཅུ་གཅིག་པའི་སྔོན་དུ་བྱུང་མེད་པར་ཡང་ར་སྤྲོད་བྱེད་ཐུབ།
       དེ་ཡང་ཡན་ལག་བརྒྱད་པའི་གཞུང་ལས་བསྡུས་པ་ནོར་བའི་འཕྲེང་བ་དང་། བུ་དོན་མ། བདུད་རྩི་སྙིང་པོ་གསང་བ་མན་ངག་གི་རྒྱུད་དེ་གཞུང་གསུམ་པོ་དེ་དག་ནི་གཡུ་ཐོག་མགོན་པོས་རྒྱུད་བཞི་མ་མཛད་གོང་གི་བརྩམས་ཆོས་ཡིན་པར་འདོད་དེ། དེ་ཡང་ནོར་བ་ཕྲེང་བ་ནི་གཡུ་ཐོག་མགོན་པོས་སུམ་སྟོན་ཡེ་ཤེས་གཟུངས་ལ་གསུངས་པའི་གཞུང་ཞིག་ཡིན་ཞིང་། གཞུང་དེ་ཉིད་ཀྱི་ནང་དོན་མང་དག་ཅིག་ནི་མན་ངག་རྒྱུད་དང་ཤིན་ཏུ་འདྲ་པོ་ཡོད། བུ་དོན་མ་ནི་གཡུ་ཐོག་མགོན་པོས་རང་གི་སྲས་ཀྱི་དོན་དུ་མཛད་པའི་གཞུང་ཡིན་ཞིང་། དེ་ཡང་ནང་དོན་ཡང་མན་ངག་རྒྱུད་དང་ཤིན་ཏུ་འདྲ་བོ་ཡོད། རྒྱུ་མཚན་དེ་དག་ལ་བརྟེན་ནས། གཞུང་དེ་གཉིས་ཀ་ནི་མན་རྒྱུད་ཀྱི་ཕྱི་མོ་ལྟ་བུ་ཡིན་པར་སེམས།
       ཇི་སྐད་དུ་ཟུར་མཁར་བ་བློ་གྲོས་རྒྱལ་པོས་གསུངས་པ་ལྟར། རྒྱུད་ཆུང་ངམ་བདུད་རྩི་སྙིང་པོ་གསང་བ་མན་ངག་གི་རྒྱུད་ནི་ཁ་ཆེ་ཟླ་དགས་མཛད་པ་ལྟར་བཅོས་ནས་གཡུ་ཐོགམགོན་པོས་བརྩམས་པར་འདོད། གཞུང་དེ་ཉིད་ཀྱི་ནང་དོན་ཁག་ཅིག་ནི་རྩ་རྒྱུད། བཤད་རྒྱུད། ཕྱི་མ་རྒྱུད། མན་ངག་རྒྱུད་དངའདྲ་པོ་ཡོད་པས་རང་གི་རྨོངས་ཚོད་ལྟར་ན་རྒྱུད་ཆུང་ནི་རྒྱུད་བཞི་ཀའི་ཐོག་མའི་མ་ཟིན་ལྟ་བུ་ཞིག་ལ་ངོས་འཛིན་བྱས་ན་མི་འཐད་པ་མི་འདུག་སྙམ། །
       རྗེ་བཙུན་གཡུ་ཐོག་མགོན་པོས་བརྩམས་པའི་གཞུང་སྔ་མ་དེ་དག་གི་ནང་དུ་གསོ་རིག་སྔ་དར་དུས་སུ་བྱུང་བའི་གཞུང་གི་ནང་དོན་ཡོད་པ་མ་ཟད། ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པའི་ནང་དོན་ཡང་མང་དུ་ཡོད། དེ་ལྟར་གཡུ་ཐོག་མགོན་པོས་བརྩམས་པའི་གཞུང་སྔ་མ་རྣམས་དང་རྒྱུད་བཞི་དབར་ཕན་ཚུན་བསྡུར་བར་བྱས་པའི་ཚེ། གཡུ་ཐོག་མགོན་པོས་ཉིད་ཀྱི་བརྩམས་པའི་གཞུང་སྔ་མ་དེ་ལ་བརྟེན་ནས་རྒྱུད་བཞི་བརྩམས་ཡོད་པའི་ངེས་ཤེས་གཏིང་ནས་སྐྱེ་ཐུབ། །
       དཔལ་ལྡན་རྒྱུད་བཞིའི་ནང་དུ་རྗེ་བཙུན་གཡུ་ཐོག་མགོན་པོས་བརྩམས་པའི་གཞུང་སྔ་མ་རྣམས་སུ་མ་གསལ་བའི་གསོ་དཔྱད་སྔ་དར་དུས་སུ་བྱུང་བའི་གཞུང་གི་ནང་དོན་དང་། ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པའི་ནང་དོན་ཡང་ཚུད་ཡོད་པས། རྗེ་བཙུན་གཡུ་ཐོག་མགོན་པོས་ཉིད་ཀྱིས་སྔར་ནས་བརྩམས་ཟིན་པའི་གཞུང་ལུགས་རྣམས་ཕྱི་མོ་བྱས་ནས། གསོ་དཔྱད་སྔ་དར་གྱི་གཞུང་དང་། ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པ་སོགས་ཀྱི་ལེགས་ཆ་རྣམས་སླར་ཡང་བསྡུ་ལེན་མཛད་ནས་འཛིན་པའི་ཁྱོན་ཀུན་ཏུ་གྲགས་པའི་གསོ་དཔྱད་གཞུང་ལུགས་ཀུན་གྱི་རྒྱལ་པོ་དཔལ་ལྡན་རྒྱུད་བཞི་ཞེས་སུ་གྲགས་པ་འདི་ཉིད་བརྩམས་པ་ཡིན་པར་ཁོ་བོས་སེམས་སོ། །
མཇུག་བསྡུ་བ།
      རྒྱུད་བཞིའི་འབྱུང་ཁུངས་སྐོར་ལ་བཞེད་སྲོལ་མི་འདྲ་བ་མང་དུ་མཆིས་པ་ལས། དེ་དག་ཐམས་ཅད་དགོས་པ་རྒྱུ་མཚན་ཁྱད་པར་ཅན་ལ་དམིགས་ནས་གསུངས་ཡོད་པས། བཞེད་པ་དེ་དག་མཁས་པ་དེ་རྣམས་ཀྱི་མཐར་ཐུག་གི་དགོངས་པ་ཡིན་པའི་ངེས་པ་མི་སྣང་བས། བཞེད་སྲོལ་དེ་དག་ལེགས་པར་བརྟག་ནས་གོ་བ་ལེན་དགོས་པར་ཤིན་ཏུ་གལ་ཆེ་བར་མཐོང་། དེང་དུས་བོད་ཀྱི་མཁས་པ་མང་པོས་རྒྱུད་བཞི་ནི་དུས་རབས་བརྒྱད་པའི་སྐབས་སུ་བྱུང་བའི་གཡུ་ཐོག་རྙིང་མ་ཞེས་པས་མཛད་པར་མཁས་ལེན་བྱས་ན་བོད་ཀྱི་གསོ་རིག་ལོ་རྒྱུས་ཡུན་རིང་ལྡན་པར་སྒྲུབ་ཐུབ་པ་དང་། དེ་ལ་བརྟེན་ནས་བོད་ཀྱི་གསོ་དཔྱད་བསྟན་པ་ལ་ཞབས་འདེགས་རླབས་པོ་ཆེ་ཞུ་ཐུབ་ཀྱི་ཡོད་པ་ངོས་འཛིན་གནང་གི་ཡོད་ཚོད་འདུག། འོན་ཀྱང་དགོངས་བཞེད་གནང་དགོས་པ་ཞིག་ནི། རྒྱུད་བཞི་ནི་བོད་ཀྱི་གྲངས་ལས་འདས་པའི་གསོ་དཔྱད་བསྟན་བཅོས་ཀྱི་ཡ་གྱལ་ཞིག་ཡིན་པ་ལས། བོད་ཀྱི་གསོ་དཔྱད་བསྟན་བཅོས་གཅིག་པུ་བ་དེ་མ་ཡིན་པས། རྒྱུད་བཞིའི་ལོ་རྒྱུས་དེ་ཙམ་རིང་པོ་མེད་པར་བཤད་པ་ཙམ་གྱིས་བོད་ཀྱི་གསོ་རིག་ལོ་རྒྱུས་རིང་པོ་མེད་པ་སྒྲུབ་པའི་ངེས་པ་མེད་དོ། །
       ལར་ལོ་རྒྱུས་ཞིབ་འཇུག་བྱེད་སྐབས། ཚད་ལྡན་ཡིག་ཆ་ལ་བརྟེན་ནས། ཁུངས་ལྡན་གྱི་གཏམ་སྨྲ་བ་ནི་ཤིན་ཏུ་གལ་ཆེ་བར་མཐོང་ཞིང་། རང་གི་ཞེན་ཆགས་དང་ལ་རྒྱར་བརྟེན་པའམ། གཞན་ཟེར་རྗེས་བཟློས་བྱས་ནས་རྫུན་གྱི་ཕྲེང་བས་བརྒྱན་པའི་ལོ་རྒྱུས་ཡིག་ཆ་བྲིས་པ་ཙམ་གྱིས་བོད་ཀྱི་གསོ་དཔྱད་བསྟན་པ་རིན་པོ་ཆེ་ལ་ཕན་པར་དཀའ་བས། དེའི་སྐོར་བོད་ཀྱི་གསོ་དཔྱད་སྨྲ་བ་རྣམས་ཀྱིས་དཔྱད་ཞིབ་ཡོད་པར་མཁྱེན།
       ལྷག་པར་དུ་གཏམ་དྲང་པོ་སྨྲ་བ་ནི་མཁས་པའི་དམ་ཚིག་གལ་ཆེ་ཤོས་སུ་མཐོང་བས། ཁོ་བོ་ཡང་རྗེས་སུ་ཞུགས་ནས་དྲང་གཏམ་སྨྲ་ཁུལ་བྱས་པ་ལགས་པས། དྲང་གཏམ་འདི་ལྟ་བུ་སྨྲས་པའི་མཐུ་ལ་བརྟེན་ནས་དཔལ་ལྡན་རྒྱུད་བཞིའི་འཕྲིན་ལས་ཡངས་པའི་རྒྱལ་ཁམས་ཐམས་ཅད་དུ་དར་ཞིང་རྒྱས་པར་གྱུར་ཅིག་ཅེས་སྨོན་ལམ་བཟང་པོས་རྩོམ་ཐུང་འདི་ཡི་མཇུག་བསྡུ་བར་བྱའོ། །

དཔྱད་གཞིའི་ཡིག་ཆ།
༡ བོད་ཡིག་ཐོག་གི་ཡིག་ཆ།
༡ ཀློང་རྡོལ་ངག་དབང་བློ་བཟང་གིས་མཛད་པའི«ཀློང་རྡོལ་ངག་དབང་བློ་བཟང་གི་གསུང་འབུམ»གླེགས་བུམ་དང་པོ་དང་གཉིས་པ་ནི་རྟ་མགྲིན་ཚེ་དབང་སོགས་ནས་ཞུ་དག་བྱས་ཏེ་སྤྱི་ལོ༢༠༠༢ལོར་ལྷ་སར་བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་ནས་དཔར་དུ་བསྐྲུན།
༢ ཁྲོ་རུ་ཚེ་རྣམ་གྱིས་མཛད་པའི«ཁྲོ་རུ་ཚེ་རྣམ་གྱི་གསུང་རྩོམ»ནི་བསོད་ནམས་འཆི་དང་གཡང་མེར་གྱིས་ཞུ་དག་བྱས་ཏེ་སྤྱི་ལོ༢༠༠༣ལོར་ལྷ་སར་བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་ནས་དཔར་དུ་བསྐྲུན།
༣ གླིང་སྨན་བཀྲ་ཤིས་ཀྱིས་མཛད་པའི«གསོ་བ་རིག་པའི་གཞུང་རྒྱུད་བཞིའི་དཀའ་འགྲེལ»ནི་སྤྱི་ལོ༡༩༨༨གོར་ཁྲེན་ཏུའུ་རུ་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་ནས་དཔར་དུ་བསྐྲུན།
༤ ཇོ་བོ་ལྷུན་གྲུབ་བཀྲ་ཤིས་དང་དརམི་སྨན་རམས་པ་བློ་བཟང་ཆོས་གྲགས་ཀྱིས་མཛད་པའི«གཡུ་ཐོག་གསར་རྙིང་གི་རྣམ་ཐར»ནི་དབང་འདུས་ནས་ཞུ་དག་བྱས་ཏ་སྤྱི་ལོ༡༩༨༢ལོར་པེ་ཅིང་དུ་མི་རིགས་དཔེ་སྐྲུན་ཁང་ནས་དཔར་དུ་བསྐྲུན།
༥ སྟོན་པ་གཤེན་རབ་མི་བོ་ཆེས་མཛད་པའི«སྡུག་བསྔལ་གསོ་དཔྱད་སྨན་འབུམ་དཀར་པོ»ནི་དབུ་མེད་བྲིས་མ་དཔར་སློག་བརྒྱབ་པ་ཞིག་ཡིན། ཁ་པ།
༦ ཐུའུ་བཀྭན་བློ་བཟང་ཆོས་ཀྱི་ཉི་མས་མཛད་པའི«ཐུའུ་བཀྭན་གྲུབ་མཐའ»ནི་སྤྱི་ལོ༡༩༨༥ལོར་ལན་ཀྲུའུ་རུ་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་ནས་དཔར་དུ་བསྐྲུན།
༧ སྡེ་སྲིད་སངས་རྒྱས་རྒྱ་མཚོས་མཛད་པའི«དཔལ་ལྡན་གསོ་བ་རིག་པའི་ཁོག་འབུགས་ལེགས་བཤད་བཻ་ཌཱུརྱའི་མེ་ལོང་དྲང་སྲོང་དགྱེས་པའི་དགའ་སྟོན»ནི་སྤྱི་ལོ༡༩༨༢ལོར་ལན་ཀྲོའུ་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་ནས་དཔར་དུ་བསྐྲུན།
༨ ནམ་མཁའི་ནོར་བུས་མཛད་པའི«བོད་གསོ་རིག་གི་བསྟན་བཅོས་ཐོག་མ་དང་རྒྱུད་བཞིའི་བར་གྱི་འབྲེལ་བ»ནི«༢༠༠༠ལོའི་རྒྱལ་སྤྱི་བོད་ཀྱི་གསོ་རིག་རིག་གཞུང་གྲོས་ཚོགས་ཀྱི་དཔྱད་རྩོམ་ཕྱོགས་བསྡུས།»ཞེས་པའི་དཔེ་དེབ་ཏུ་བསྡུས་ཡོད། ཤོག་གྲངས༡༢ནས༡༤བར།
༩ དཔའ་བོ་གཙུག་ལག་ཕྲེང་བས་བརྩམས་པའི«ཆོས་འབྱུང་མཁས་པའི་དགའ་སྟོན»སྟོད་ཆ་དང་སྨད་ཆ་གཉིས་ནི་སྤྱི་ལོ༡༩༨༦ལོར་པེ་ཅིང་དུ་མི་རིགས་དཔེ་སྐྲུན་ཁང་ནས་དཔར་དུ་བསྐྲུན།
༡༠ བྱང་པ་བཀྲ་ཤིས་དཔལ་བཟང་གིས་མཛད་པའི«རྒྱུད་བཞིའི་རྣམ་ངེས་དཔག་བསམ་ལྗོན་ཤིང»ནི་དབུ་བྲིས་མ་དཔར་རྒྱབ་པ་ཞིག་ཡིན།
༡༡ བྱང་པ་རྣམ་རྒྱལ་གྲགས་བཟང་གིས་མཛད་པའི«བཤད་པའི་རྒྱུད་ཀྱི་རྒྱ་ཆེར་འགྲེལ་བ་བདུད་རྩིའི་ཆུ་རྒྱུན»ནི་སྤྱི་ལོ༢༠༠༡ལོར་ཁྲེན་ཏུ་རུ་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་ནས་དཔར་དུ་བསྐྲུན།
༡༢ བྱམས་པ་འཕྲིན་ལས་ཀྱིས་མཛད་པའི«ཀྲུང་གོའི་བོད་ཀྱི་གསོ་བ་རིག་པ»ནི་སྤྱི་ལོ༡༩༩༦ལོར་པེ་ཅིང་དུ་ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་ནས་དཔར་དུ་བསྐྲུན།
༡༣ བྲང་ཏི་དཔལ་ལྡན་འཚོ་བྱེད་ཀྱིས་མཛད་པའི«བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ཀྱི་སྤྱི་དོན་ཤེས་རབ་རབ་གསལ»ནི་སྤྱི་ལོ༢༠༠༥ལོར་རྡི་ལི་རུ་བཀྲ་ཤིས་སྒང་བཀྲ་ཤིས་གཡང་འཕེལ་གྱིས་དཔར་དུ་བསྐྲུན།
༡༤ བྲང་ཏི་དཔལ་ལྡན་འཚོ་བྱེད་ཀྱིས་མཛད་པའི«བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་སྤྱི་དོན་ཤེས་རབ་རབ་གསལ་རྒྱས་པ།» ནི་དབུ་མེད་བྲིས་མ་དཔར་སློག་རྒྱབ་པ་ཞིག་ཡིན།
༡༥ བཅོམ་ལྡན་རིག་པའི་རལ་གྲིས་མཛད་པའི«གསོ་བ་རིག་པ་རྒྱན་གྱི་མེ་ཏོག»ནི་ཁམས་སྤྲུལ་བསོད་རྣམས་དོན་གྲུབ་ནས་ཞུ་དག་བྱས་ཏེ་གློག་ཀླད་དུ་བཅུད་པ།
༡༦ ཟུར་མཁར་བློ་གྲོས་རྒྱལ་པོས་མཛད་པའི«རྒྱུད་བཞི་བཀའ་དང་བསྟན་བཅོས་རྣམ་པར་དབྱེ་བ་མུན་སེལ་སྒྲོན་མེ།»ནི«བོད་ཀྱི་སྨན་རྩིས་ཆེད་རྩོམ་ཕྱོགས་བསྡུས།»ཞེས་པའི་དཔེ་དེབ་ཏུ་བསྡུས་ཤིང་དེ་ནི་བོད་ལྗོངས་སྨན་རྩིས་ཁང་ནས་ཞུ་དག་བྱས་ཏེ་སྤྱི་ལོ༡༩༨༦ལོར་བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་ནས་དཔར་དུ་བསྐྲུན། ཤོག་གྲངས༦༤ནས༧༡བར།
༡༧ ཟུར་མཁར་བློ་གྲོས་རྒྱལ་པོས་མཛད་པའི«སྨན་པ་རྣམས་ཀྱིས་མི་ཤེས་སུ་མི་རུང་བའི་ཤེས་བྱ་སྤྱིའི་ཁོག་དབུབས»ནི་ཁྲོ་རུ་ཀླུ་སྒྲུབ་རྒྱ་མཚོས་ཞུ་དག་བྱས་ཏེ་སྤྱི་ལོ༢༠༠༡ལོར་ཁྲེན་ཏུར་སི་ཁྲིན་མི་རིགས་དཔེ་སྐྲུན་ཁང་ནས་དཔར་དུ་བསྐྲུན།
༡༨ གཡུ་ཐོག་མགོན་པོས་མཛད་པའི«ཡན་ལག་བརྒྱད་པའི་གཞུང་ལས་བསྡུས་པ་ནོར་བུའི་འཕྲེང་བ»ནི་ཁྲོ་རུ་ཀླུ་སྒྲུབ་རྒྱ་མཚོས་ཞུ་དག་བྱས་ཏེ་སྤྱི་ལོ༢༠༠༣ལོར་ཁྲེན་ཏུར་སི་ཁྲིན་མི་རིགས་དཔེ་སྐྲུན་ཁང་ནས་དཔར་དུ་བསྐྲུན།
༡༩ གཡུ་ཐོག་ཡོན་ཏན་མགོན་པོས་མཛད་པའི་གྲགས་པའི«བརྒྱུད་པའི་རྣམ་ཐར་མེད་ཐབས་མེད་པ།»ནི་སྡེ་དགེའི་དཔར་མའི«ཆ་ལག་བཅོ་བརྒྱད»ནང་དུ་ཡོད། གཡུ་ཐོག་གསར་མ་ཡོན་ཏན་མགོན་པོས་མཛད་པའི་ཝ«བུ་དོན་མ»ནི་མཚོ་སྔོན་ཞིང་ཆེན་བོད་ཀྱི་གསོ་རིག་ཞིབ་འཇུག་ཁང་ནས་ཞུ་དག་བྱས་ཏེ་སྤྱི་ལོ༢༠༠༥ལོར་པེ་ཅིང་དུ་མི་རིགས་དཔེ་སྐྲུན་ཁང་ནས་དཔར་དུ་བསྐྲུན།
༢༠ སོག་བཟློག་པ་བློ་གྲོས་རྒྱལ་མཚན་མཛད་པའི«རྒྱུད་བཞིའི་བཀའ་བསྒྲུབ་ངེས་དོན་སྙིང་པོ»ནི་དབུ་ཅན་བྲིས་མ་དཔར་སློག་རྒྱབ་པ་ཞིག་ཡིན།
༢༡ བསོད་རྣམས་ཡེ་ཤེས་རྒྱལ་མཚན་གྱིས་མཛད་པའི«དཔལ་ལྡན་བཤད་པའི་རྒྱུད་ཀྱི་འགྲེལ་པ་བཀླག་པས་དོན་ཐམས་ཅད་གྲུབ་པའམ་འགྲེལ་ཆེན་དྲི་མེད་ཀུན་གསལ»སྟོད་ཆ་དང་སྨན་ཆ་ནི་ཁྲོ་རུ་ཀླུ་སྒྲུབ་རྒྱ་མཚོས་ཞུ་དག་བྱས་ཏེ་སྤྱི་ལོ༢༠༠༢ལོར་ཁྲེན་ཏུར་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་ནས་དཔར་དུ་བསྐྲུན།


༢ དབྱིན་ཡིག་གི་ཡིག་ཆ།
1. Chandra, Lokesh .1990. Introduction . InTerry Clifford . Tibetan Buddhist Medicine and Psychiatry: The Dia-mond Healing.York Beach: Samuel Weiser,pp.xv –xx.
2. Clifford, Terry. 1990 .tibetan  Buddhist Medicine and Psychiatry: The DiamondHealing. York Beach: Samuel Weiser.
3. Csoma de To”ro”s , Alexander .1984.Analysis of Tibetan Medical Work .In Tibetan studies: being a reprint of thearticles contributed to the Journal of the Asiatic Society of Bengal andAsiatic Researches ,ed. J. Terjek. Budapest: Akademiai Kiado , pp.47-65.
4. Dalai Lama V,Ngag dbang blo bzang rgyamtsho. 1991-1995. The collected works (gsung bum) of Vth Dalai LamaNgag-dbang-blo-bzang-rgya-mtsho. Cangtok:Sikkim Research  Institute of Tibetology, vol. 3.
5. Dash, Vaidy Bhagwan.1997. Sources of theRgyud-bzhi. In XIX. Deutscher. Orientalistentag[1975],
6.Zeitschrift der Deuschen MorgenlandischenGesellschaft, Supplement  III,2,ed.W.Voigt.Wiesbaden: Franz Steiner Verlag GMBH,PP.1135-42.
7. Emmerick, R.E.1977. Sources  of the Rgyud-bzhi.IN XIX. Deutscher  Orientalistentag [975], Zeitschrift derDeutschen  Morgenlandischen Gesellschaft,Supplement III,2,ed. W. Voigt. Wiesbaden: Franz Steiner Ver-lag GMBH,pp.1135-42.
8. Kamay, G. Samten.1998.The Four TibetanMedical Treatises and their Critics. In The Arrow and the  Spin-dle: Studies in History, Myths, Ritualsand Belisfs in Tibet.Kathmandu:Mandala Book Pointpp.228-37.
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།