བོད་སྨན། ཏོག་གསར་གློ་ནད་འགོག་བཅོས་ཀྱི་དྲི་བ་འགའ་ཞིག་གི་དོགས་སེལ།

རྩོམ་པ་པོ།: ཡོང་ཁུངས།:གཡུ་ཐོག་ཚང་འཕྲིན་སྟེགས། དུས་ཚོད།:2023-01-18 08:40:41 ཀློག་གྲངས།:
༄༅། །ཏོག་གསར་གློ་ཚད་ནད་ཀྱི་འགོག་བཅོས་སྐབས་བོད་ལུགས་གསོ་བ་རིག་པར་བཏོན་པའི་དྲི་བ་འགའ་ཞིག་གི་དོགས་སེལ།

       དེ་ཡང་ད་ལྟ་བོད་ལྗོངས་སྨན་རྩིས་ཁང་གིས་གཙོས་པའི་གྲོང་ཁྱེར་དང་ས་ཁུལ། དེ་བཞིན་རྫོང་ཁག་སོགས་མདོ་དབུས་ཁམས་གསུམ་གྱི་བོད་ལུགས་གསོ་བ་རིག་པ་འཛིན་པའི་སྨན་ཁང་དང་། རྒྱ་ཆེའི་སྨན་དོན་པ་དུ་མས་ཐོག་མའི་ཕུགས་འདུན་མ་བརྗེད་པ་དང་། འགན་འཁྲི་བློ་ལ་གཏན་བཅངས་ཐོག་ཏོག་གསར་གློ་ཚད་རིམས་ནད་འགོག་བཅོས་ཀྱི་གཡུལ་ས་མདུན་མར་ཞུགས་ནས་རང་ལུགས་ཀྱི་གསོ་བཅོས་ཐབས་ལམ་བཏོན་པ་དང་། རང་ལུགས་ཀྱི་གཉེན་པོ་བེད་སྤྱོད་གནང་བར་འགོག་བཅོས་གཉིས་ཀའི་ཐད་ནས་དགའ་འོས་པའི་གྲུབ་འབྲས་ཐོབ་དང་ཐོབ་མུས་ཡིན། འོན་ཀྱང་དྲ་ལམ་སོགས་ནས་སྨན་མ་བཏང་ཡང་རང་བཞིན་གྱིས་ཉིང་སྐྱུར་བརྟག་འབྲས་སྲིབ་གཤིས་སུ་འགྱུར་བས་སྨན་བཏང་མ་བཏང་དབར་ཁྱད་པར་ཅི་ཡོད་ཞེས་པ་ལ་སོགས་པའི་དོགས་པ་དང་། ཐེ་ཚོམ་འགའ་ཞིག་འབྱུང་བཞིན་པར་དོགས་སེལ་གྱི་ཚུལ་དུ་ཅུང་ཟད་གླེང་བར།
༡ ད་ལམ་གྱི་ཏོག་གསར་གློ་ཚད་ནད་འདིར་གཉེན་པོ་མ་བསྟེན་ཡང་རང་བཞིན་གྱིས་དྲག་བསྐྱེད་འགྲོ་བ་ལྟ་བུ་འདུག་པས་སྨན་བཏང་མ་བཏང་དབར་གྱི་ཁྱད་པར་ཅི་ཞིག་ཡོད་ཅེས་པའི་དོགས་སེལ།
       ད་ཐེངས་རང་ལྗོངས་སུ་མཆེད་བཞིན་པའི་ཏོག་གསར་གློ་ཚད་ཀྱི་རིམས་ནད་འདི་ནི་ནད་དུག་ཨའོ་མི་ཁེ་རུངBA.2.76ཞེས་པ་དེ་ལས་གྱུར་པ་ཞིག་དང་། ནད་དུག་དེ་འགོས་མཆེད་མྱུར་ཡང་ནད་ཚབས་ཅུང་ཡང་བར་བརྩི་བཞིན་འདུག་ལ་དེ་ལ་ཡང་ནད་རྟགས་ཡོད་པའམ་ནད་ཚབས་ཅུང་ལྕི་བ་དང་། ནད་རྟགས་མངོན་ཚུལ་ལམ་ནད་ཚབས་ཅུང་ཡང་བ། ནད་རྟགས་ཀྱི་མངོན་ཚུལ་དེ་ཙམ་མེད་པ་བཅས་སུ་དབྱེ་བཞིན་པ་དང་། ནད་རྟགས་མེད་པའི་ནད་པའི་ཁྲོད་དུའང་གསོག་ལྡང་ཞི་གསུམ་གྱི་ཁྱད་པར་ལས་ཕལ་ཆེ་བར་གསོག་པའི་དུས་སུ་ནད་རྟགས་མི་མངོན་ཡང་ལྡང་བའི་དུས་སུ་ཆེ་ཆུང་ལ་མ་ལྟོས་པའི་ནད་རྟགས་མངོན་པ་དང་། ཉུང་ཤས་ཤིག་རྟེན་དང་ན་ཚོད། རང་བཞིན། མེ་དྲོད་སོགས་གསོ་སླ་བའི་ཡན་ལག་ཏུ་གྱུར་པར་སྨན་མ་བཏང་ཡང་རང་བཞིན་གྱིས་སྲིབ་གཤིས་སུ་འགྱུར་བཞིན་པ་ཡང་ཐོན་བཞིན་ཡོད། དེའི་ནང་ཐོག་མའི་དུས་རིམ་ནང་ཉིང་སྐྱུར་བརྟག་འབྲས་སྐྱོན་ཅན་ཐོན་པའང་ཚུད་ཡོད།༽ འོན་ཀྱང་གཉེན་པོའི་སྨན་བསྟེན་མ་བསྟེན་གྱི་ཁྱད་པར་ནི་རྒྱུད་ལས། དྲང་སྲོང་ཆེན་པོ་ཐེ་ཚོམ་སྐྱེ་མི་རུང་། །གསོ་བྱས་མ་བྱས་མཉམ་པོར་བྱ་མི་རིགས། །འཚོ་འཆི་ཀུན་ལ་སྨན་ཡོད་མ་ཡིན་ཏེ། །ཀུན་ཏུ་སྨན་མེད་ཅེས་སྨྲ་དེ་མ་ཡིན། །མེ་སྟེང་ཆུ་བླུག་མི་སོད་ག་ལ་སྲིད། །དེ་ཡང་དམན་ན་གསོད་པ་ཤིན་ཏུ་དཀའ། །རྩམ་པས་ལྟོགས་པ་མི་སེལ་ག་ལ་སྲིད། ཆུ་ཡིས་སྐོམ་པ་མི་སེལ་ག་ལ་སྲིད། །ཅེས་པ་སོགས་ནས། དེ་ཕྱིར་གསོ་བ་ཐེ་ཚོམ་བཅས་མི་བྱ། །ཞེས་དང་། ཟླ་ཟེར་ལས། ནད་པ་གང་ཡན་ལག་བཅུ་དྲུག་དང་ལྡན་པས་གསོ་བྱེད་ཀྱི་འབྱོར་པ་སོགས་མ་ཚང་དུ་ཟིན་ཀྱང་ནད་མེད་ཅིང་བདེ་བར་འགྱུར་བ་ཡོད་མོད་ཀྱི་འོན་ཀྱང་ནད་ཀྱི་འདམ་དུ་བྱིང་བ་ལ་ནི་ལག་ནས་འདྲེན་ཅིང་སློང་བའི་ཐབས་སྨན་ཁོ་ན་ཡིན་ནོ། །ཞེས་དང་རྒྱུད་ནང་། འོན་ཀྱང་བཅོས་ན་མྱུར་དུ་བདེ་བ་སྟེར། །དཔེར་ན་འགྱེལ་བུབ་ལག་ནས་འཐེན་པ་འདྲ། །ཞེས་སོགས་གསུངས་པ་ལྟར། ད་ཐེངས་ནད་ཐོག་དངོས་ལས་མཐོང་ཆོས་སུ་གྱུར་པ་ནི་ནད་རིམས་འདི་བཞིན་ལྡང་བའི་དུས་སུ་ཚ་བ་ལྡང་བ་དང་། ལུས་རྨྱ་བ། རུས་རྐང་ཚིགས་གཞི་ཁག་གཟེར་བ། གྲེ་བ་དང་རྐན་གཟེར་བ། གློ་ལུ་བ་སོགས་ཀྱི་ནད་རྟགས་སྟོན་པའི་རིགས་ལ། རང་ལུགས་ཀྱི་གསོ་ཐབས་རྩ་དོན་ལྟར་གཉེན་པོ་ཁག་བསྟེན་པ་ལས། ནད་རྟགས་མྱུར་དུ་ཞི་བ་དང་། ཉིང་སྐྱུར་བརྟག་འབྲས་གདགས་གཤིས་ལས་སྲིབ་གཤིས་སུ་འགྱུར་བའི་དུས་ཡུན་ཐུང་དུ་འགྲོ་བ། གསོག་པའི་དུས་སུ་རང་ལུགས་ཀྱི་གཉེན་པོའི་སྨན་བསྟེན་པ་ཁག་དཀྱེལ་ཆེར་མི་འགྱུར་བ་སོགས་ཕན་འབྲས་མངོན་སུམ་དུ་ཐོན་པ་ད་ཐེངས་ནད་ཐོག་དངོས་ཀྱི་གཡུལ་ས་མདུན་མར་ཞུགས་མཁན་རྣམ་པས་མཁྱེན་གསལ་ལྟར་ཡིན་ལ། གཞན་ཡང་ཚད་རོ་གཉན་རོ་སོགས་མ་ལུས་པར་དགོས་པ་ཁྱད་པར་ཅན་ཡོད་པའང་མཁྱེན་པར་བྱའོ། །
༢ རང་རེའི་གཞུང་དུ་གཉན་རིམས་ཀྱི་ནད་ལ་དཀར་མངར་འཛེམས་དགོས་པར་གསུངས་པས་འོ་མ་བསྟེན་ན་རུང་མིན་གྱི་དོགས་སེལ།
       དེ་ཡང་རང་ལུགས་གསོ་བ་རིག་པའི་དགོངས་པ་ལྟར་ན་རྒྱུད་ལས། གཉན་མ་སོད་བར་གཏར་དང་དཀར་མངར་སྤང་། །ཞེས་དང་། བདུད་རྩི་བུམ་པ་ལས། གཉན་ཚད་འདི་ལ་གཉན་མ་སོད་ཀྱི་བར། །དཀར་གསུམ་མངར་གསུམ་ཟས་ཀྱི་སྤྱང་ཀི་ཡིན། །ཞེས་པ་སོགས་གཉན་རིམས་ཀྱི་ནད་སྤྱི་ལ་དཀར་མངར་སྤང་བྱར་གསུངས་ཡོད། དེ་ནི་རྒྱུད་ལས། སྲིན་འཁྲུགས་ལུས་ཟུངས་ཟོས་པས་གཉན་ནད་འབྱུང་། །དེ་ཕྱིར་དཀར་མངར་གནོད་ཅིང་དུག་གིས་འཇོམས། །ཞེས་དང་། ཨེ་ལས། གྲིབ་འཁྱག་བསེར་བུ་ས་རླན་གྲང་བ་དང་། །ཞོ་དར་ཆུ་གྲང་རྗེན་ཟས་འཇུ་དཀའ་རྣམས། །བད་རླུང་གྲོགས་ལ་ཕོག་པས་སྤང་བར་བྱ། །ཞེས་པ་སོགས་གཉན་རིམས་ནད་དེ་ཉིད་འགོས་ཤིང་མཆེད་དེ་གསོག་ལྡང་བྱེད་པའི་དུས་སམ། ཡང་ན་གཉན་རྩ་དུག་སྲིན་མ་སོད་པའི་བར་སྤང་བྱར་གསུངས་པ་ཡིན་ཏེ་གཉན་རིམས་ནད་ཀྱི་རྩ་བ་ནི་སྲིན་ནམ་ཡང་ན་དུག་སྲིན་གྱི་ནད་དུག་དེ་ཡིན་པ་དང་། རྒྱུད་ལས། འོ་རློན་ལྕི་བསིལ་སྲིན་དང་བད་ཀན་སྐྱེད། །ཅེས་གསུངས་པ་ལྟར་དེ་ཉིད་འཕེལ་འཁྲུགས་སུ་གྱུར་པ་ལས་བྱུང་བ་ཡིན་ཕྱིར་དེ་ཉིད་འཕེལ་བྱེད་ཀྱི་གྲོགས་སམ་འཁྲུགས་བྱེད་ཀྱི་རྒྱུར་འགྱུར་བ་དང་སྨིན་སྡུད་གསོད་གསུམ་བྱེད་པར་གནོད་བྱེད་དུ་གྱུར་པ་སོགས་ལ་དགོངས་ཏེ་གསུངས་པ་ཡིན་ནོ། །
       འོ་ན་དུས་ཇི་ཙམ་ནས་འོ་མ་བསྟེན་ན་རུང་ཞེ་ན། རྒྱུད་ལས། ཁྱད་པར་རིམས་སོ་ཅོག་ལ་ཞོ་གནོད་དེ། །བཅུ་གསུམ་འདས་ནས་འོ་མ་བདུད་རྩིར་མཚུངས། ཞེས་པ་སོགས་གཉན་སོད་ཅིང་ལུས་ཟུངས་གསོ་བའི་དུས་སུ་ངེས་པར་བསྟེན་བྱར་གསུངས་པ་ཡིན་པས་མཚམས་ཤེས་དགོས་པ་ཡིན།
༣ ཏོག་གསར་གློ་ཚད་ཀྱི་ནད་གཞི་དྲག་སྐྱེད་བྱུང་བའི་རྗེས་སུ་རྗེས་གཅོད་ཀྱི་དགོས་པ་ཡོད་མེད་སྐོར་གྱི་དོགས་སེལ།
       དེ་ཡང་རྗེས་གཅོད་ནི་རང་ལུགས་གསོ་རིག་ལྟར་ན་ནད་རིགས་གང་ལའང་གསོ་བཅོས་བྱས་ཏེ་དྲག་སྐྱེད་བྱུང་བའི་རྗེས་སུ་ནད་རོ་སླར་མི་ལྡང་བའི་ཕྱིར་དུ་ལོག་གནོན་དུ་རིན་པོ་ཆེའི་སྦྱོར་བ་སོགས་ཞི་སྦྱང་གི་གཉེན་པོ་ཁག་ལོག་གནོན་དུ་བསྟེན་པ་དང་ནད་པའི་སེམས་ཁམས་གསོ་བ་སོགས་ལ་བྱ་བ་ཡིན་ལ། དེ་ཉིད་ཤིན་ཏུ་གལ་ཆེ་བར་བཟུང་བཞིན་ཡོད། ཁྱད་པར་དུ་ཚ་བ་དང་གཉན་རིམས་སོགས་ལ་རྒྱུད་ལས། རིམས་ཚད་དང་པོ་མ་སྨིན་སྙན་གསན་འབེབས། །བར་དུ་ཚ་བ་སྨིན་རྒྱས་གཞི་ལ་གནོན། །ཐ་མར་གཞུག་རྒྱན་ཐོར་བུའི་ཞབས་ཏོག་བྱེད། །དེ་ཕྱིར་ཐོར་བུ་ནད་ཀྱི་བསལ་ཐབས་གཅེས། །ཞེས་དང་། མེས་ཞལ་ལས། གཞན་ཡང་རིམས་ལ་དང་པོ་མ་སྨིན་པའི་དུས་དང༌།  ཐ་མར་ཚད་མཇུག་རླུང་གིས་བུས་པའི་སྟོངས་ཚད་གཉིས་ཤིན་ཏུ་གཉན་པའི་དུས་ཡིན་པས་གཅེས་པར་བཟུང་དགོས།ཞེས་དང་། བདུད་རྩི་བུམ་པ་ལས། ཐ་མར་རླུང་བཅོས་ལུས་པོ་གསོ། །ཞེས་སོགས་གསུངས་པ་ལྟར་བླ་གཉན་གྱི་ནད་གཞན་མི་ལྡང་བ་དང་། གཉན་རོ་དང་ཚད་རོ་མི་ལུས་པ། འདུ་བ་སྙོམས་པ། བསིལ་ལ་རྩུབ་པའི་སྨན་དང་ཟས་སྐོམ་སོགས་ལས་སྟོངས་ཚད་དུ་མི་འགྱུར་བ། ལུས་ཟུངས་གཟན་པར་གྱུར་པ་གསོ་བ། རིམས་ནད་ལས་བྱུང་བའི་སེམས་ཁམས་ཀྱི་ཁུར་པོ་དང་། སྡུག་བསྔལ། ཡིད་མུག་པ་སོགས་ལས་རླུང་ནད་གཞན་མི་ལྡང་བར་བྱེད་པ་སོགས་ཀྱི་ཆེད་དུ་རྗེས་གཅོད་ཀྱི་གསོ་ཐབས་ནི་ངེས་པར་དགོས་པ་ཡིན་ལ། ཀྲུང་ལུགས་གསོ་རིག་སོགས་ཀྱིས་ཀྱང་རིམས་རྗེས་སུ་ལུས་ཟུངས་གསོ་བ་དང་། ནད་འགོག་གི་ནུས་པ་གསོ་བ་སོགས་གལ་ཆེར་འཛིན་བཞིན་ཡོད་པ་ལྟར་རང་ལུགས་ལའང་མཚུངས་པས་ཐེ་ཚོམ་གནང་མི་དགོས་པ་ཡིན་ནོ། །རྗེས་གཅོད་ཀྱི་བྱ་ཐབས་དེ་ཡང་རིམས་ནད་ཀྱི་སྟོབས་ཆེ་ཆུང་དང་། ནད་ཀྱི་ཡུན་རིང་ཐུང་། རང་བཞིན་གྱི་ཁྱད་པར། རྟེན་གྱི་དབྱེ་བ། ལུས་ཟུངས་བཟང་ངན། གཞི་ནད་གཞན་ཡོད་མེད་སོགས་ལ་གཞིགས་ཏེ་རྗེས་གཅོད་བྱ་དགོས་པ་ལས་དམན་ལྷག་ལོག་པའི་རྗེས་གཅོད་དུ་མི་འགྱུར་བ་ཞིག་དགོས་པ་ཡིན་ནོ། །
༤ གསར་དར་རིམས་ནད་ལ་སྲོལ་རྒྱུན་གསོ་རིག་གིས་ནུས་པ་ཐོན་མིན་སྐོར་གྱི་དོགས་སེལ།
       དེ་ཡང་ཏོག་གསར་གློ་ཚད་ཀྱི་རིམས་ནད་འདི་ནི་ལོ་གསུམ་ཙམ་གྱི་སྔོན་དུ་ཐོག་མར་མཆེད་ཅིང་། དེ་ལ་ད་བར་འཛམ་གླིང་ཁྱོན་ཡོངས་ཀྱི་རྒྱལ་ཁབ་མང་པོས་དེང་རབས་གསོ་རིག་དང་མི་རིགས་སོ་སོའི་སྲོལ་རྒྱུན་གསོ་རིག་ཁག་གིས་འགོག་བཅོས་ཀྱི་བྱ་ཐབས་རབ་དང་རིམ་པ་སྤེལ་བར་འགྲུབ་འབྲས་ཀྱང་ངེས་ཅན་ཐོབ་དང་ཐོབ་བཞིན་ཡོད་ལ། གསོ་རིག་སོ་སོའི་ཁྱད་ཆོས་ལ་གཞིགས་ཏེ་ནད་དེའི་བརྟག་བཅོས་སོགས་ཀྱི་ཐད་ཞིབ་འཇུག་གི་ལས་དོན་དུ་མ་སྤེལ་བར་ཡང་འགྲུབ་འབྲས་ངེས་ཅན་ཐོབ་ཡོད། དེ་བཞིན་རང་ཅག་བོད་ལུགས་གསོ་རིག་འཛིན་པ་རྣམས་ནས་ཀྱང་བོད་ལྗོངས་དང་། མཚོ་སྔོན་སོགས་ཀྱི་འབྲེལ་ཡོད་འཕྲོད་བསྟེན་སྲིད་འཛིན་ཚན་པ་ཁག་གི་ཤུགས་ཆེའི་རྒྱབ་སྐྱོར་འོག་ད་བར་འཛམ་གླིང་འདི་སྟེང་གི་གསོ་རིག་གཞན་དང་མཉམ་དུ་ནད་འདི་འགོག་སྲུང་བཅོས་གསུམ་སོགས་ཀྱི་བྱ་བར་མཉམ་ཞུགས་གནང་བར་ཡང་དགའ་འོས་པའི་འགྲུབ་འབྲས་ཐོབ་དང་ཐོབ་བཞིན་པ་མཐོང་ཆོས་སུ་གྱུར་པ་ལྟར་ཡིན།
       འོན་ཀྱང་ལ་ལ་ཞིག་གིས་རིམས་ནད་འདི་ནི་གསར་དུ་ཐོན་ཞིང་འགོས་ཁྱབ་བྱུང་བ་ཞིག་དང་། དེ་ལ་གཞུང་རྙིང་པ་དང་། དེ་དག་ནང་འཁོད་པའི་སྨན་སྦྱོར་རྙིང་པས་ཕན་མིན་སྐོར་ལ་དོགས་པ་འབྱུང་བཞིན་ཡོད་ལ། ད་ལྟའི་དུས་སྐབས་འདིར་ཆེད་ནད་ཆེད་བཅོས་དང་ཆེད་སྨན་སོགས་ཀྱི་ཐབས་ལམ་ལ་ཕྱོགས་དགོས་པ་དང་། ཁྱད་པར་དུ་ནད་འབུ་དང་ནད་དུག་ཅེས་པའི་གསར་དར་ཐ་སྙད་སོགས་ལ་བརྟེན་ནས་དེ་ལྟ་བུའི་ཐེ་ཚོམ་དང་དོགས་འཆར་ཡོང་བཞིན་ཡོད།
       དེ་ལ་རང་ལུགས་གསོ་བ་རིག་པའི་གཞུང་ཆེན་དཔལ་ལྡན་རྒྱུད་བཞི་ལས། ཉེས་པ་གནོད་བྱ་ཉི་ཤུ་རྩ་ལྔ་ལ། །རྐྱང་པ་ལྡན་འདུས་དུ་མའི་རིགས་འབྱུང་བས། །གྲངས་དང་མིང་གི་ངེས་བསྟན་ཡོད་མ་ཡིན། །འོན་ཀྱང་ཉེས་པ་གསུམ་ལས་ནད་མི་འདའ། །གནོད་བྱ་བཅུ་ལས་ནད་ཀྱི་གནས་མི་འདའ། །དཔེར་ན་འདབ་ཆགས་བྱ་ཡིས་གར་འཕུར་ཡང༌། །ནམ་མཁའི་མཐོངས་ལས་འཕུར་ས་མེད་པ་བཞིན། །ཞེས་དང་། ཡང་། འགྲོ་བའི་ལུས་འདི་འབྱུང་བ་བཞི་ལས་གྲུབ། །གསོ་བྱའི་ནད་ཀྱང་འབྱུང་བ་བཞི་ཡིས་བསྐྱེད། །གཉེན་པོའི་སྨན་ཡང་འབྱུང་བཞིའི་ངོ་བོ་ཉིད། །ལུས་ནད་གཉེན་པོ་བདག་ཉིད་གཅིག་པར་འབྲེལ། །གནོད་བྱ་གནོད་བྱེད་རྟེན་དང་བརྟེན་པར་འབྲེལ། །གསོ་བྱ་གསོ་བྱེད་བསོད་ནམས་ལས་ཀྱིས་འབྲེལ། །རིན་པོ་ཆེ་དང་ཀླུ་ཡི་རྒྱལ་པོ་འདྲ། །མི་ཤེས་ཤེས་བྱེད་གསོ་རིག་ཐབས་སུ་འབྲེལ། །ཐབས་ལས་བྱུང་བ་འདུ་བ་སྙོམས་པར་འབྲེལ། །འདུ་བ་སྙོམས་པ་ནད་མེད་བདེ་བར་འབྲེལ། །ཐབས་དང་ཐབས་བྱུང་དེ་ལས་བྱུང་བར་འབྲེལ། །ཅི་ཕྱིར་དོན་བྱེད་ནུས་ཕྱིར་རག་ལུས་ཕྱིར། །ཞེས་སོགས་རྒྱས་པར་གསུངས་པ་ལྟར་སྣོད་བཅུད་ཐམས་ཅད་འབྱུང་བ་ལྔ་ལས་གྲུབ་པ་དང་། དབང་ཡུལ་དུ་སྣང་ཞིང་སྲིད་པ་ཐམས་ཅད་ལ་གཟུགས་ཀྱི་ཤིན་ཏུ་ཆུང་མཐའ་ཕྲ་རབ་ཀྱི་ཁམས་དེ་དག་ནས་བརྩམས་པའི་འབྱུང་བ་ལྔ་པོ་རྣམས་ཀྱིས་ཁྱབ་ཅིང་གནས་པ་མ་ཟད། སྣང་སྲིད་ཀྱི་དངོས་པོ་དེ་དག་ཀྱི་སྐྱེ་གནས་འཇིག་གསུམ་འབྱུང་བ་དེ་དག་གི་ནུས་པས་བྱེད། རྣམ་ཤེས་ཚོགས་དྲུག་གི་རྟེན་དུ་གྱུར་པའི་ལུས་རྟེན་འདི་ཡང་དེ་དག་གི་རང་བཞིན་དུ་གནས་པ་མ་ཟད། ཕྲ་རགས་ཀྱི་འབྱུང་བ་དེ་དག་རྣམ་པར་མ་གྱུར་པར་གནས་ན་ལུས་ཁམས་བདེ་ཞིང་འཚོ་བ་དང་། རྒྱུ་དུག་གསུམ་དང་རྐྱེན་འབྱུང་བ་ལྔའི་རང་བཞིན་དུ་གནས་པའི་དུས་གདོན་ཟས་སྤྱོད་དམན་ལྷག་ལོག་པར་གྱུར་པ་གང་རུང་ལས་དེ་དག་རྣམ་པར་འགྱུར་ཏེ་འཕེལ་ཟད་འཁྲུགས་པར་འགྱུར་ཚེ་མི་བདེ་བ་དང་གདུང་བར་བྱེད། དེ་བཞིན་དུ་ད་ཐེངས་ནད་འདིའི་རྒྱུར་འགྱུར་པའི་ནད་དུག་དེ་དག་ཀྱང་ཕྲ་རགས་ཀྱི་འབྱུང་བ་ལྔའི་རང་བཞིན་དུ་གནས་པའི་ཕྱི་ཡི་དུག་ཅན་སྲིན་འབུ་དང་། ནང་ལུས་ལ་གནས་པའི་སྲིན་འབུ་དག་འཕེལ་ཟད་འཁྲུགས་ཏེ་ངོ་བོ་དང་བྱེད་ལས་ནུས་པ་སོགས་རིམས་ཀྱི་རྒྱུར་འགྱུར་ཏེ་ཡམས་ཐབས་སུ་འགོས་པ་དང་། མཆེད་པ་སོགས་རང་ལུགས་གསོ་བ་རིག་པའི་གཉན་རིམས་གསོ་བཅོས་ཀྱི་སྐབས་ནས་ཇི་སྐད་འབྱུང་བ་ལྟར་གནོད་བྱེད་ཀྱི་ངོ་བོར་འགྱུར། གནོད་བྱེད་དེ་དག་ཀྱང་ཕྲ་རགས་ཀྱི་འབྱུང་བའི་བདག་ཉིད་ཡིན་ལ། དེས་གནོད་པར་བྱ་བའི་ཡུལ་ཡང་འབྱུང་བའི་བདག་ཉིད་ཀྱི་གནོད་བྱ་བཅུ་པོ་དེ་དག་ཡིན། དེར་བརྟེན་རང་ལུགས་གསོ་བ་རིག་པས་འབྱུང་བ་ལྔ་པོ་དེ་དག་ལས་བྱུང་བའི་གཉེན་པོའི་སྨན་གྱི་ཕྲ་རགས་ཀྱི་འབྱུང་བའི་ནུས་པ་སྟེ་ཕན་ཚུན་གཅིག་གིས་གཅིག་སྐྱེད་པ་དང་། གཅིག་གིས་གཅིག་ལ་གནོད་པ། གཅིག་གྲོགས་གཅིག་གིས་བྱེད་པ་སོགས་ཀྱི་ཚུལ་རྣམས་ཤིན་ཏུ་ཕྲ་བའི་རིག་པས་ཞིབ་འཇུག་བགྱིས་ཏེ་གང་འཕེལ་བ་གནོན། ཟད་པ་གསོ། འཁྲུགས་པ་དོ་སྙོམས་པར་བྱས་ཏེ་ལུས་ཅན་རྣམས་ཀྱི་མི་བདེ་བསལ་བར་བྱེད་པ་མ་ཟད། རང་ལུགས་དཔལ་ལྡན་རྒྱུད་བཞིས་གཙོས་པའི་གཞུང་ལུགས་རྣམས་སུ་གཉན་རིམས་སྤྱི་བྱེ་བྲག་གི་རྒྱུ་རྐྱེན་དང་འཇུག་ཚུལ། འགོག་སྲུང་། བརྟག་བཅོས། གཉན་རིམས་ཀྱི་རྩ་བ་གང་ཡིན་པ་དེ་འཇོམས་ཤིང་གསོད་པ་དང་། དེ་གང་ལ་ཞུགས་པའི་དོན་སྣོད་སོགས་གནོད་བྱ་ཁམས་ཀྱི་ནུས་པ་གསོ་བ། དེའི་རྗེས་གཅོད་ཀྱི་བྱ་ཐབས་སོགས་ཀྱི་རིག་གཞུང་ཡང་ཤིན་ཏུ་རྒྱས་པར་གསུངས་ཡོད་པ་དེ་དག་ནི་གཉན་རིམས་སྤྱི་བྱེ་བྲག་གི་འགོག་སྲུང་བཅོས་གསུམ་སོགས་བྱེད་པའི་རིག་གཞུང་ཡིན་ལ་ལོ་མང་གསོ་བཅོས་གནང་བའི་ལག་ལེན་གྱི་ཕྱོགས་བསྡོམས་ཀྱང་ཡིན། གཞན་ཡང་ཨེ་ལས་གཉན་རིམས་གསོ་བའི་སྐབས་སུ། དེ་ཐམས་ཅད་ཀྱང་རྒྱུད་ལས། དཀར་མངར་གནོད་ཅིང་དུག་གིས་འཇོམས། །ཞེས་པ་ལྟར་ངོ་བོ་གཉན་ནད་དུ་གཅིག་པས་བཅོས་ཚུལ་གཅིག་བྱང་ཞིང་ཆུབ་པ་ཞིག་ཤེས་ན་ཕལ་ཆེར་དེ་གས་འཐུས་པ་ཉིད་དོ། །ཞེས་དང་། མདོར་ན་ནད་དེ་ཐམས་ཅད་ཀྱི་སྤྱིའི་བཅོས་ཚུལ་གོང་བཤད་བཞིན་གཅིག་པ་དང་། བྱེ་བྲག་གི་དབྱེ་རྟགས་བཅོས་གསུམ་གོང་བཤད་རྣམས་ལས་སྤྲོས་ཏེ་ཤེས་པར་བྱའོ། །ཞེས་སོགས་གསུངས་པ་ལྟར་གཉན་རིམས་སྤྱི་ཡི་གསོ་ཚུལ་ལེགས་པར་ཤེས་ན་བྱེ་བྲག་སོ་སོའི་འཇུག་སྒོ་དང་མཆེད་ཚུལ་ན་ལུགས། འགོག་བཅོས་སོགས་དེ་ལས་འཕྲོས་ཏེ་ཤེས་དགོས་པར་གསུངས་པ་ལྟར། ཉེ་བའི་ལོ་ཤས་ནང་དུའང་ཏོག་གསར་གློ་ཚད་ནད་འདིར་མདོ་དབུས་ཁམས་གསུམ་སོགས་ཡུལ་ཕྱོགས་གང་སར་བཞུགས་པའི་རང་ལུགས་གསོ་རིག་འཛིན་པའི་སྨན་ཁང་ཁག་དང་། སྨན་དོན་པ་དུ་མས་གོང་དུ་ཞུས་པ་ལྟར་རང་ལུགས་གསོ་བ་རིག་པའི་གཉན་རིམས་འགོག་བཅོས་ཀྱི་རིག་པ་རྩལ་དུ་བཏོན་ནས་རང་གཞུང་ནས་བསྟན་པའི་ཁྱད་དུ་འཕགས་པའི་གཉེན་པོ་ཁག་གིས་གསོ་བཅོས་གནང་བར་དགའ་འོས་པའི་གྲུབ་འབྲས་ཐོབ་བཞིན་ཡོད་ལ། རང་ལྷོ་ཁ་སྨན་རྩིས་ཁང་གི་སྨན་དོན་པ་རྣམས་ནས་ཀྱང་ད་ཐེངས་ཀྱི་ནད་འདི་ཕོག་པའི་གསོ་བྱ་བརྒྱ་ཕྲག་མང་པོར་རང་ལུགས་གཉེན་པོའི་སྨན་གྱིས་གསོ་བཅོས་དངོས་སུ་ཞུས་པའི་ནང་དགའ་འོས་པའི་ཕན་འབྲས་ཁྱད་དུ་འཕགས་པ་ཐོན་བཞིན་པར་ནད་ཐོག་གི་གཡུལ་ས་མདུན་མར་དངོས་སུ་ཞུགས་པའི་སྨན་དོན་པ་དང་། རྒྱ་ཆེའི་གསོ་བྱ་དེ་དག་ཙམ་མ་ཟད་དེང་དུས་གསོ་རིག་འཛིན་པ་རྣམས་ནས་ཀྱང་ཁས་ལེན་ཐོབ་བཞིན་ཡོད།
       གཞན་ཡང་ནད་གསར་པ་གང་ཞིག་ཐོན་མ་ཐག་ཏུ་དེ་མཚུངས་ཀྱི་རིག་གཞུང་གསར་པ་ཞིག་དང་། གཉེན་པོ་གསར་པ་ཞིག་ཐོག་འབེབས་ཀྱི་ཚུལ་དུ་འབྱུང་མི་སྲིད་པ་ཞིག་ཡིན་སྟབས་གཞན་ལུགས་གསོ་རིག་པ་ཚོས་ཀྱང་སྔར་གྱི་གཉེན་པོ་ཁག་བེད་སྤྱོད་གནང་བཞིན་པ་དང་། དེའི་སྟེང་ནས་ཞིབ་འཇུག་གི་འབྲས་བུ་འཚོལ་བཞིན་པ་མཐོང་ཆོས་སུ་གྱུར་པ་ལྟར་ཡིན།
       དེས་ན་རང་ཅག་རྣམས་ནས་ཀྱང་མུ་མཐུད་དེ་རང་ལུགས་གསོ་བ་རིག་པའི་རྒྱུད་དང་ཉམས་ཡིག་ཁག་ལས་ཇི་སྐད་འབྱུང་བ་ལྟར་གཉན་རིམས་སྤྱི་ཡི་གསོ་བཅོས་ཀྱི་རྩ་དོན་གཞིར་བཟུང་། བྱེ་བྲག་ད་ལྟའི་ནད་འདིའི་ཁྱད་ཆོས་ལ་གཞིགས་ཏེ་ད་ལྟ་བེད་སྤྱོད་བྱ་བཞིན་པའི་ཁྱད་འཕགས་གཉེན་པོ་དེ་དག་གི་ནུས་པར་མུ་མཐུད་དེ་ནད་ཐོག་གི་ཞིབ་འཇུག་དང་ཕྱོགས་བསྡོམས། དེའི་རྨང་གཞིའི་སྟེང་ནད་ཞུགས་སའི་གནས་དང་འཇུག་ཚུལ། རྟགས་ལ་སོགས་པར་གཞིགས་ཏེ་སྒོས་ཀྱི་གཉེན་པོའི་ཁ་བསྒྱུར་དང་ཁ་འཛིན། ཁ་གནོན་ལ་སོགས་པའི་གསོ་ཐབས་བཟུང་། ད་ཐེངས་གསོ་བཅོས་ལ་ཞུགས་པའི་མྱོང་བ་ཕྱོགས་བསྡོམས་ཀྱིས་འཛམ་གླིང་གསོ་རིག་གཞན་དང་མཉམ་དུ་རང་གསོའི་ཁྱད་ཆོས་འདོན་སྤེལ་གྱིས་གསོ་བྱ་དེ་བས་མང་བར་ཕན་བདེ་བསྐྲུན་རྒྱུ་དེ་ཡིན་པ་ལས་ཡིད་མི་ཆེས་པ་དང་། ཐེ་ཚོམ་ལ་སོགས་པ་རྩ་བ་ནས་བྱ་མི་རིགས་པ་ཞིག་ཡིན་ནོ། །
ཞེས་ལྷོ་ཁ་སྨན་རྩིས་ཁང་གི་ཏོག་གསར་གློ་ཚད་ནད་རིམས་འགོག་བཅོས་ཚོགས་ཆུང་ནས་ཕུལ།
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།