ངོས་དང་པོ > གསོ་རིག > གསོ་རིག་གཞུང་ལུགས། > ༄༅། །གཅིན་ལམ་གཉན་ཚད་ལ་དར་མཚོའི་ཡུལ་སྐད་དུ་བསེར་བུ་ཤོར་བ་ཟེར།
༄༅། །གཅིན་ལམ་གཉན་ཚད་ལ་དར་མཚོའི་ཡུལ་སྐད་དུ་བསེར་བུ་ཤོར་བ་ཟེར།
རྩོམ་པ་པོ།:ཧྲོང་བོ་ཚེ་བརྟན་རྒྱལ།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2023-06-06 14:53:25
ཀློག་གྲངས།:
འགོ་བརྗོད།
དེ་ཡང་སྡེ་བ་རེ་ལ་དཔེ་རེ་དང་ལུང་བ་རེ་ལ་ཆུ་རེ་ཞེས་པའི་བཤད་སྲོལ་ལྟར། ན་ཚ་སྣ་ཚོགས་ཀྱི་མིང་གི་འབོད་སྟངས་ནི། ཡུལ་ཁམས་སོ་སོར་འདྲ་མི་འདྲ་བ་ཅི་རིགས་ཤིག་མཆིས་པ་དང་། དེ་ཡང་ཟེར་སྲོལ་ལ་ལ་ཞིག་གསོ་རིག་རྒྱུད་བཞི་དང་མཁས་པའི་ཉམས་ཡིག། ཏུན་ཧོང་གཏེར་ཡིག་སོགས་ཀྱི་བཤད་ཚུལ་དང་ཇི་བཞིན་འདུག་པ་དང་། ཡང་འགའ་ཤས་ཤིག་གསོ་རིག་རྒྱུད་གཞུང་དང་བསྟུན་དཀའ་ན་ཡང་། ལོ་བརྒྱ་ཐུབ་པའི་མི་མེད་ཀྱང་། བསྐལ་བ་སྟོང་གི་ཚིག་ཡོད་ཅེས་པའི་དཔེ་ལྟར་སྐད་ཆ་རྙིང་པ་ཡིན་པ་དང་། དེ་ལ་ཡང་གང་ལ་གང་འཚམས་ཀྱི་དཔྱོད་རིན་ལྡན་པ་གཞིར་བཞག། སྐབས་སུ་བབས་པའི་བརྗོད་བྱ་གཅིན་ལམ་གཉན་ཚད་ལ། ངའི་ཕ་ཡུལ་དར་མཚོ་རྫོང་གི་ཡུལ་སྐད་དུ་བསེར་བུ་ཤོར་བ་ཞེས་སྨྲ་བའང་དེ་ལས་མ་འདས་པར་སེམས་སོ། །གཅིག །བསེར་བུ་ཤོར་བ།
གཅིན་ལམ་གཉན་ཚད་ལ་དར་མཚོ་རྫོང་གི་འབྲོག་ཁུལ་དུ་བསེར་བུ་ཤོར་བ་ཟེར། ང་རང་གི་ནད་ཐོག་ལག་ལེན་ཁྲོད་ནད་པ་རྣམས་དང་འབྲེལ་འདྲེས་བྱས་པའི་མྱོང་བ་ཡིན་ན་ཡང་འདྲ། སྔོན་དུས་ལོ་ཆུང་སྐབས་ཕྱུགས་རྫི་ཡིན་དུས་ཡིན་ནའང་འདྲ། དར་མའི་སྐབས་སུ་ཕ་ཡུལ་གྱི་གསར་བུ་ཚོ་དང་ཁ་བརྡ་བྱས་པ་ཡིན་ན་ཡང་འདྲ། རྒན་པ་དག་གི་ཁ་བརྡ་ལས་ཐོས་པ་ཡིན་ནའང་འདྲ། གང་ལྟར་གཅིན་ལམ་གཉན་ཚད་བྱུང་བ་ལ་བསེར་བུ་ཤོར་བ་ཞེས་སྨྲ། ད་དུང་སྔོན་དུས་ཀྱི་ཟེར་ལུགས་ལྟར་ན། སྐྱེས་པ་རྣམས་ལ་མི་ཚེ་གང་པོར་ན་ཚ་འདི་ཐེངས་ཤིག་ན་དགོས་པ་རེད་ཅེས་བཤད། ནད་འདི་ནི་དོན་དུ་གཅིན་ལམ་གཉན་ཚད་དམ། སྐྱེས་པའི་གྲང་གཞིའི་ན་ཚ་ཡིན་ཏེ། ཀོང་སྤྲུལ་ཟིན་ཏིག་ལས། འགྲམས་ཀྱི་རིགས་ལ་རྒྱུ་ཞབས་གཟེར། ཆུ་ལམ་ཚ་ཞིང་སྙིགས་མ་འོ་རུལ་ལྟ་བུ་འོང་བ་དེ་ལ་སེར་ཤས་ཆེ་ན་ཁྲག་དང་གཉན།[1]ཞེས་པ་དང་། ཡང་དེ་ཉིད་ལས། འདི་ལ་གཉན་ཁ་དང་གདོན་ཆེ་བས་ཐོག་མར་དྲོད་སྨན་འགྲོ་མི་རུང་། ཨར་ཁྱུང་དང་སཱར་ཁྱུང་། ཆོས་ཉིད་དམར་པོ། ཨ་རུ་བཅོ་བརྒྱད་སོགས་ཡུན་རིང་འཐུང་བས་གཉན་ཁ་ཆག་ནས་ཟུག་གཟེར་ཆུང་།[2]ཞེས་པ་དེ་ཡིན་པ་དང་། ཀྲུང་གོའི་གསོ་རིག་ཀུན་འདུས་ལས་བོད་ཀྱི་གསོ་རིག་པ་རུའང་། རྩ་དང་ཆུ་ལ་ཚ་བའི་རྟགས་སྟོན་པ་དང་། ཕོ་མཚན་གྱི་རྩ་ཐག་ནས་བཟུང་སྟེ་གྱེན་དུ་བསླངས་ན་བཟོད་ཐབས་མེད་པའི་ན་ཟུག་འབྱུང་། གཅིན་པ་བཙགས་ནས་གཏོང་དགོས་པ་དང་། གཅིན་དང་ས་བོན་འཛག་དུས་ཆུ་ཁ་ཚ་ཞིང་ན་ཟུག་འབྱུང་། ས་བོན་གར་ལ་ཁྲག་དང་འདྲེས་པ་འཛག་ནས་འོང་། ནད་ཚབས་ཆེ་བར་ཁྲག་དང་འདྲེས་པ་སྐུད་པ་ཕྲ་མོ་ལྟ་བུ་ཐོན་པ་དང་ཟུག་གཟེར་ལྷག་པར་ཆེ། ནང་པར་མལ་ནས་ལངས་སྐབས་གཅིན་ལམ་གྱི་ཁར་རྣག་བུན་ཆགས་ནས་འབྱར་བ་ལྟར་ཡོད།[3]ཅེས་པ་དང་། ནུབ་ལུགས་ཀྱིས་ཇི་ལྟར་བཤད་ཡོད་དམ་ཞེ་ན། ནད་རིགས་སྣ་ཚོགས་ཀྱི་མངོན་རྟགས་དང་བཅོས་ཐབས་བཤད་པ་རབ་གསལ་སྒྱུ་འཕྲུལ་མེ་ལོང་ལས། སྐྱེས་པའི་གྲང་གཞི་གློ་བུར་བ།(男性急性淋病)ཞེས་པ་དེ་ཡིན་ཞིང་། ནད་འདི་འཁྲིག་པ་སྤྱོད་པ་ལ་བརྟེན་ནས་ཕན་ཚུན་འགོ་བའི་ནད་ཅིག་ཡིན། དེ་འཁྲིག་སྦྱོར་བྱེད་སྐབས་གྲང་གཞིའི་འབུ་ཕྲ་དེ་སྐྱེས་པའི་གཅིན་ལམ་དུ་ཞུགས་ཏེ་བྱུང་བ་ཡིན། ནད་རྟགས། གྲང་གཞི་བྱུང་ཡོད་པའི་སྐྱེས་མ་དང་འཁྲིག་པ་སྤྱད་ནས་ཉིན2-3འགོར་ན། སྐྱེས་པའི་གཅིན་ལམ་གྱི་ཁ་སྐྲངས་ཤིང་མདོག་དམར་པོར་ཆགས་ཏེ་ཟ་འཕྲུག་ལངས་པ་དང་། དེའི་ནང་ནས་རྣག་འདྲེས་པའི་འབྱར་ཁུ་འཛག་པ། གཅིན་ལམ་ནས་མེ་ཡིས་འཚིག་པ་ནང་བཞིན་ཚ་བའམ་གཟེར་ཞིང་། གཅིན་གཏོང་བའི་ལན་གྲངས་མང་བ་དང་གཅིན་གཏོང་སྐབས་གཟེར་ལྷག་ཏུ་ཆེ།[4]ཞེས་པ་དེ་ཡིན་ནོ། །བསེར་བུ་ཤོར་བ་སྟེ་གཅིན་ལམ་གཉན་ཚད་འདི་ལ་སྔོན་དུས་ཕ་ཡུལ་གྱི་གསར་བུ་ལ་ལས། མོ་གསར་ཞིག་ལ་འཁྲིག་པ་སྤྱད་པ་ཡིན་ན་རང་གི་ན་ཚ་དྲག་སྐྱེད་ཐོན་འགྲོ་ཟེར་ཡང་། གཅིན་ལམ་གཉན་ཚད་འདི་ནི་གྲང་གཞིའི་འབུ་ཕྲ་བརྒྱུད་ནས་ཕོ་མོ་ཕན་ཚུན་ལ་འགོ་བ་ཞིག་ཡིན་པས། བཤད་སྲོལ་དེ་ནི་གཏན་ནས་མི་རུང་བ་ཞིག་འདུག་གོ །
གཉིས་པ། བསེར་བུ།
བསེར་བུ་ཞེས་པ་ཡང་དེང་དུས་ཀྱི་གཞན་སྐད་ཟུར་ཆགས་པ་ཞིག་མ་ཡིན་པར་བརྡ་རྙིངས་ཡིན་ཚོད་འདུག་སྟེ། ཏུན་ཧོང་གཏེར་ཡིག་ཏུའང་།ཚ་བ་བྲོ་འཚལ་བའི་སེར་བུ་མ་ཤོར་པར་བགྱིས།།[5]ཞེས་པ་དང་། དེ་ལ་བསང་ཆུ་རྫོང་བོད་སྨན་ཁང་གི་སྨན་པ་འབུམ་རམས་པ་ལྷ་མོ་སྐྱིད་ལགས་ཀྱིས། ཚ་བའི་ནད་ལ་བསེར་བུ་མ་ཤོར་བར་བགྱིས།[6]ཞེས་འགྲེལ་ཡོད་པ་ལྟར་དང་། དགེ་བཤེས་ཆོས་གྲགས་སུ། བསེར་བུ། རླུང་བསིལ་བུའི་བསེར་བུ།[7]ཞེས་དང་། དག་ཡིག་གསར་བསྒྲིགས་དག་བཅོས་མ་རུ། བསེར་བུ། རླུང་གྲང་མོའི་མིང་སྟེ། བསེར་བུ་ལྟ་བུ།[8]ཞེས་བཤད་པ་སོགས་ལས་བསེར་བུ་རླུང་གི་མིང་སྟེ། ངའི་ཕ་སའི་ཡུལ་སྐད་དུ་ཡང་། རླུང་གཡུག་པ་ལ་བསེར་བུ་གཡུག་ཅེས་དེ་གཉིས་དོན་གཅིག་མིང་གི་རྣམ་གྲངས་ཤིག་བྱེད་པ་རེད། ཡིན་ན་ཡང་། རླུང་ལ་བསེར་བུ་ཞེས་པ་དང་། གཅིན་ལམ་གཉན་ཚད་ལ་བསེར་བུ་ཤོར་བ་ཟེར་བ་གཉིས་ཀྱི་གོ་དོན་ཁ་ཁ་སོ་སོར་འདུག་པས་ཕྱིས་སུ་དཔྱོད་ལྡན་དག་གིས་དཔྱད་པར་བྱ། གཞན་ཡུལ་ཕྱོགས་འདིར་ནུ་མའི་གཉན་ཚད་ལ་ནུ་མར་བསེར་བུ་ཤོར་བ་རེད་ཟེར་བ་དང་། སོ་ན་བ་ལའང་སོ་ལ་བསེར་བུ་ཤོར་སོང་ཞེས་ད་ལྟ་ཡང་ནད་པ་རྣམས་ཀྱིས་རྒྱུན་གོམས་ཀྱིས་སྨྲ་བར་འདུག།
དཔྱད་གཞིའི་ཡིག་ཆ།
[1][2] ཀོང་སྤྲུལ་ཟིན་ཏིག། ཀོང་སྤྲུལ་ཡོན་ཏན་རྒྱ་མཚོས་མཛད། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས༢༠༡༨ལོའི་ཟླ༧པར་དཔར་ཐེངས་དང་པོ་དཔར། P༥༤ P༥༥
[3] ཀྲུང་གོའི་གསོ་རིག་ཀུན་འདུས་ལས་བོད་ཀྱི་གསོ་བ་རིག་པ། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གིས༢༠༠༠ལོའི་ཟླ༤པར་བོད་དུ་པར་ཐེངས༢པ་བཏབ། P༢༠༤
[4] ༄༅། །ནད་རིགས་སྣ་ཚོགས་ཀྱི་མངོན་རྟགས་དང་བཅོས་ཐབས་བཤད་པ་རབ་གསལ་སྒྱུ་འཕྲུལ་མེ་ལོང་། སྟག་ལྷ་རྒྱལ་གྱིས་བརྩམས། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས༢༠༠༢ལོའི་ཟླ༦པར་དཔར་ཐེངས་གསུམ་པ་དཔར། P༡༧༣-P༡༧༤
[5][6] ༄༅། །ཏུན་ཧོང་བོད་ཀྱི་སྨན་རྩིས་ཡིག་ཆའི་བརྡ་དོན་གསལ་འགྲེལ། ལྷ་མོ་སྐྱིད་ཀྱིས་བརྩམས། མི་རིགསདཔེ་སྐྲུན་ཁང་གིས༢༠༢༡ལོའི་ཟླ༡༢པར་པེ་ཅིན་དུ་དཔར་ཐེངས་དང་པོ་བཏབ། P༢༧༨-P༢༧༩ P༢༨༠-P༢༨༡
[7] ༄༅། །དགེ་བཤེས་ཆོས་ཀྱི་གྲགས་པས་བརྩམས་པའི་བརྡ་དག་མིང་ཚིག་གསལ་བ་བཞུགས་སོ། །མི་རིགས་དཔེ་སྐྲུན་ཁང་ནས༡༩༥༧ལོའི་ཟླ༡༡ལ། P༢༠༤
[8] དག་ཡིག་གསར་བསྒྲིགས་དག་བཅོས་མ། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས༢༠༡༤ལོའི་ཟླ༡༢པར་དཔར་ཐེངས་བཅོ་ལྔ་བ་དཔར། P༨༩༤
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།